མི་གཅིག་མ་གཏོགས་གྲོང་མི་ཚང་མར་ཏོག་ནད་འགོས།

ཧི་མ་ཅལ་མངའ་སྡེའི་ལ་ཧུལ་དང་སྤི་ཏི་རྫོང་ཁོངས་ཀྱི་གྲོང་གསེབ་གཅིག་ཏུ་གྲོང་མི་ ༤༢ གནས་སྡོད་བྱས་ཡོད་པ་ལས་མི་གཅིག་མ་གཏོགས་ཚང་མར་ཏོག་དབྱིབས་ནད་རྟགས་ཐོན་ཡོད་འདུག ཁ་སང་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ལ་ཧུལ་དང་སྤི་ཏི་ (Lahaul-Spiti) རྫོང་གི་ཐོ་རངས་(Thorang) ཞེས་པའི་གྲོང་གསེབ་ཏུ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཕྱིན་ཏེ། གནས་སྡོད་གྲོང་མི་ ༤༢ ལས་རང་ལོ་ ༥༢ ཡིན་པའི་སྐྱེས་པ་གཅིག་མ་གཏོགས་གཞན་མི་གྲངས་ ༤༡ ལ་གཉན་རིམས་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས།  མ་ན་ལི་ཕུག་གི་ཨ་ཊལ་ས་འོག་སྦུག་ལམ་ཡན་གྱི་ས་ཁུལ་རྣམས་དོགས་གཟོན་ས་ཚིགས་སུ་གཏན་འཁེལ་གྱིས། ཕྱི་མི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཁུལ་དེར་འགྲོ་སྐྱོད་མི་ཆོག་པ་བཟོས་ཡོད་འདུག

རྫོང་དེ་དང་ས་འབྲེལ་ཡིན་པའི་མན་ཌི་རྫོང་ཐོག་ཏུ་རྟེན་གཞི་བྱས་པའི་གཞུང་གི་ལཱལ་བྷ་ཧ་དྷུར་དྲན་རྟེན་སྨན་ཁང་ (Lal Bahadur Shashtri Government Medical College) གི་འགན་འཛིན་སྨན་པ་ཨར་སི་ཐ་ཀུར་(R.C. Thakur) གྱིས། ད་ཐེངས་ལ་ཧུལ་སྤི་ཏི་རྫོང་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་ནད་པ་མང་པོ་ཐོན་དགོས་དོན་དེ། ཉེ་ཆར་ལ་ཧུལ་དུ་ཆོས་ལུགས་ཀྱི་འདུ་འཛོམས་ཤིག་ཚོགས་པ་དང་། དེང་སྐབས་ཁུལ་དེའི་གནམ་གཤིས་གྲང་ངར་ཆེ་བ། དེ་བཞིན་ཉེ་སྔོན་རོ་ཐང་གི་ཨ་ཊལ་ས་འོག་སྦུག་ལམ་ (Atal Tunnel Rohtang) སྒོ་ཕྱེས་པའི་རྐྱེན་གྱིས་ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་སླེབས་བཞིན་པ་བཅས་ཀྱི་རྐྱེན་པས་ཡིན་སྐོར་བརྗོད་ཡོད་འདུག

གཞུང་འབྲེལ་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། སྤྱིར་བཏང་ཐོ་རངས་(Thorang) ཞེས་པའི་གྲོང་གསེབ་གྲོང་མི་གང་ཙམ་ཡོད་ཀྱང་། ད་ལྟ་དགུན་དུས་ཀྱི་རྐྱེན་པས་གྲོང་མི་ཕལ་ཆེ་བ་གྲང་གཡོལ་གྱི་ཆེད་དུ་གནས་སྐབས་རིང་ཀུ་ལུ་རི་གཤོངས་སུ་གནས་སྤོ་བྱས་ཡོད་པ་དང་། ལྷག་འཕྲོ་མི་གྲངས་ ༤༢ རྣམས་ཀྱིས་རང་འགུལ་ངང་བརྟག་དཔྱད་བྱས་རྗེས་ནད་རྟགས་ཐོན་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་རྫོང་དེའི་ཁྱབ་ཁོངས་རང་རིག་ (Rangrik) གྲོང་གསེབ་ནས་སྡེབ་གཅིག་ཏུ་མི་གྲངས་ ༣༩ དང་། དེ་བཞིན་ཧུར་གླིང་ (Hurling) གྲོང་གསེབ་ནས་མི་གྲངས་ ༡༩ ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག གཞུང་འབྲེལ་གྲངས་ཐོ་ལྟར་ན། ལ་ཧུལ་སྤི་ཏི་རྫོང་ཡོངས་ནང་ཁྱོན་མི་འབོར་ ༣༡༥༠༠ ཡོད་པའི་ཁྲོད་ནས་ད་བར་ཏོག་དབྱིབས་གཉན་རིམས་ཕོག་པའི་མི་གྲངས་ ༨༩༠ དང་། རྐྱེན་འདས་སུ་སོང་བ་ ༥ བྱུང་ཡོད་འདུག

ཉེ་ལམ་རྒྱ་གར་དབུས་གཞུང་གིས་རྒྱལ་ཡོངས་ནང་སྒོ་འབྱེད་རིམ་པ་ ༥ པ་ཕྱེས་པ་དང་བསྟུན། མངའ་སྡེ་དང་ས་གནས་གཞུང་སོ་སོས་རང་གི་གནས་སྟངས་ལ་དཔག་སྟེ་ས་མཚམས་ཕྱེས་པ་དང་འགྲིམ་འགྲུལ་གུ་ཡངས་བཏང་ཡོད། ཧི་མ་ཅལ་མངའ་སྡེའི་བྱང་ཕྱོགས་ས་ཁུལ་མ་ན་ལི་དང་དྷ་ས་ལྟ་བུ་ནི་ཡུལ་སྐོར་སྤྲོ་འཆམ་པའི་ས་ཚིགས་གཙོ་བོ་ཞིག་ཡིན་པ་མ་ཟད། ཉེ་ལམ་སྲིད་བློན་མུ་དྷི་མཆོག་གིས་མ་ན་ལིའི་རི་ཕུག་ཏུ་འཛུགས་སྐྲུན་ཟིན་པའི་ཨ་ཊལ་ས་འོག་སྦུག་ལམ་སྒོ་འབྱེད་གནང་བ་དང་བསྟུན། ཁུལ་དེ་དག་ནང་ཧི་མ་ཅལ་དང་མངའ་སྡེ་གཞན་གྱི་ཕྱི་མི་ཡུལ་སྐོར་བ་སྐྱོད་མཁན་ཇེ་མང་དུ་སོང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༡/༢༡

Leave a Reply