རབ་གསལ། རིག་པ།(༠)

ཏུར་ཀེའི་ཡུལ་གྱི་ཡེ་ནི་སེ་ཧིར་སྒར་དུ།   ཁ་ཟར་ ཧྥ་ཏེ་མི་(Khazar Fatemi)ཡིས་བརྩམས།

༼ཉེ་སྔོན་གསར་འགྱུར་ཀློག་སྐབས་རྩོམ་ཡིག་འདི་མཐོང་སྟེ་ང་སེམས་འགུལ་ཐེབས་བྱུང་། དེ་བས་འདིར་བསྒྱུར་ཡོད།༽

ང་སྐྱབས་བཅོལ་བ་ཞིག་དང་ཐོག་མར་འཕྲད་པའི་དུས་ཚོད་དེ་ནི་ང་སྐྱེས་པའི་ཉིན་མོ་རེད། མོ་ནི་ངའི་ཨ་མ་ལགས་རེད། ངའི་ཕ་མ་གཉིས་ནི་ཨེ་རེན་གྱི་སྲིད་དབང་སྒེར་འཛིན་གྱི་གཞུང་དེ་ལས་ཐར་ཆེད་བྲོས་འགྲོ་བཞིན་ཡོད། ཁོང་ཚོས་ཨེ་རེན་ནང་ཁུལ་དུ་ཟླ་གཉིས་རེའི་མཚམས་སུ་སྡོད་གནས་བརྗེ་བཞིན་ཡིབ་བྲོས་བྱས་ཏེ་ལོ་གསུམ་སོང་ཟིན། ཁོང་ཚོ་ནི་ཆབ་སྲིད་ལས་འགུལ་བ་ཡིན་པ་དང་། གཉི་ག་ལ་སྲོག་ཁྲིམས་བཅད་ཡོད། ངའི་ཕ་དེ་ལ་སྲོག་ཁྲིམས་ཐེངས་གཉིས་བཅད་ཡོད།

ང་ཚོ་སྐྱབས་བཅོལ་བ་ཡིན་པའི་སྐབས་དེར་ང་ཚོ་ཨ་ཛེར་བྷའེ་ཇན་དང་། དམག་འཁྲུག་གིས་བཅོམ་པའི་ཨབ་གྷ་ནི་སི་ཐཱན། དེ་བཞིན་ཨུཛ་བྷེག་སི་ཐཱན་བཅས་རྒྱལ་ཁབ་གསུམ་གྱི་ནང་གནས་བཅས་ཡོད། ལོ་ངོ་དེ་དག་གི་སྐབས་སུ་ངས་རང་གི་ཕ་མའི་དངོས་མིང་ཤེས་ཀྱི་མེད་ལ་ང་ཚོ་ཀུར་ཌི་(Kurds)ཞེས་པའི་མི་རིགས་ཡིན་པའང་ཤེས་ཀྱི་མེད།

ང་ཚོས་རང་གིས་ཁྱིམ་ཞེས་པའི་འབོད་ཆོག་པའི་གནས་ཤིག་རྙེད་རྒྱུར་ལོ་ངོ་བཅུ་འགོར་སོང་། དེ་ནི་ང་ཚོས་ཆེས་ཐོག་མར་བདེ་འཇགས་ཡིན་པ་ཚོར་བ་དང་། ང་ཚོ་ནི་སྲུང་སྐྱོབ་ཡག་པོ་ཞིག་གི་འོག་ཏུ་ཡོད་པ་ཤེས་པ་རེད། དེ་ནི་མཐའ་མཇུག་ཏུ་ང་ཚོ་སི་ཝེ་ཌེན་(Sweden)རྒྱལ་ཀྱི་མི་སེར་རག་པའི་དུས་ཚོད་དེ་རེད་ལ། ཆེས་ཐོག་མར་ངས་རང་གི་ཕ་མ་གཉིས་ལ་མིང་དངོས་སྤྱད་ནས་འབོད་ཆོག་པའི་དུས་དེ་རེད།

ལོ་མང་པོ་ཐལ་ཟིན་ཅིང་ང་ནི་བྱིས་པ་དཀྱུས་མ་ལྟར་འཚོ་བཞིན་ཡོད། འོན་ཀྱང་ལོ་སར་གྱི་སྐབས་ཤོག་སྤག་སྦར་བའི་སྒྲ་དེས་ང་སྐྲག་བཅུག་ཏེ་ཉལ་ཁྲིའི་འོག་ལ་འཛུལ་ནས་ཡིབ་བཞིན་ཡོད། ཨབ་གྷ་ནི་སི་ཐཱན་ཡུལ་གྱི་དམག་འཁྲུག་གི་སྒྲ་དང་དྲན་པ་དེ་དག་གིས་ང་རྩ་ནས་བསྐྱུར་མེད།

ང་སྐྱབས་བཅོལ་བའི་སྒར་ཞིག་ཏུ་ཐེངས་གཉིས་པར་སླེབས་པ་ནི་ང་ལོ་ ༢༤ ཡིན་དུས་སླར་ཡང་ཨབ་གྷ་ནི་སི་ཐཱན་ལ་ལོག་པའི་དུས་དེ་ཡིན། ངས་སི་ཝེ་ཌན་གྱི་བརྙན་འཕྲིན་ལ་བརྙན་འཕྲིན་གསར་འགོད་པའི་ལས་ཀ་བྱེད་མགོ་བཙུགས་པ་ཡིན། སྐབས་དེ་ནས་བཟུང་ང་ཨེ་རག་དང་ཏུར་ཀེ སི་རི་ཡ་བཅས་ཀྱི་ནང་དུ་ཡོད་པའི་སྐྱབས་བཅོལ་བའི་སྒར་མང་པོ་ལ་ཕྱིན་པ་ཡིན། དཀའ་ལས་ཁག་ཤོས་ཀྱི་ཆ་དེ་ནི་ང་ཁོང་ཚོ་དང་ལྷན་དུ་ཡོད་པའི་སྐབས་དེ་དག་མིན། འོན་ཀྱང་ཁོང་ཚོ་བསྐྱུར་ནས་ཁ་བྲལ་སྐབས་དེ་ཡིན། ང་ནི་བསོད་ནམས་ཆེ་བ་ཞིག་རེད།

ཨ་མྱེས།

o-OLD-MAN-570

བརྩེ་བའི་ཨ་མྱེས་ལགས།

ཁྱེད་ཀྱི་མི་ཚེའི་ནང་གི་མཐའ་མཇུག་གི་ལོ་ཟླ་དག་ནི་འདི་འདྲ་ཞིག་ཡིན་དགོས་པ་བསམས་ཡོད་མ་རེད། ཨ་ཡེ་སི་(ISIS)དྲག་སྤྱོད་པས་ཁྱེད་ཀྱི་གྲོང་གསེབ་ལ་ཕར་རྒོལ་བྱས་ཤིང་། ཁོང་ཚོས་ཁྱེད་ཀྱི་སྤུན་རྣམས་བསད་ཅིང་། ཁྱེད་ཀྱི་བུ་མོ་རྣམས་རྐུན་འཁྱེར་བྱས་པའི་འཇིགས་དངངས་དེ་དག་ཁྱེད་ཀྱིས་བརྒྱུད་པ་རེད། ཁོང་ཚོས་རི་བོ་སཱིན་ཇཱར་གྱི་ངོས་སུ་ཁྱེད་ཡར་དེད་ནས་ཡོང་ཞིང་། དེར་ཁྱེད་ལྟོགས་ཤི་ཐེབས་རྒྱུར་བསྐྱུར་པ་རེད། ལོ་གཅིག་ཕྱིན་སོང་ཞིང་ཁྱེད་ལ་ཁྱིམ་ཞེས་འབོད་ས་ཞིག་གང་དུའང་མེད། འོན་ཀྱང་ཁྱེད་ཀྱིས་རང་གི་ཆེ་མཐོང་མ་བོར་ཞིང་རང་གི་སྟོད་གོས་ཆ་འགྲིག་དེ་གྱོན་ཡོད། ཁྱེད་ཀྱིས་ང་ལ་ཁྱེད་ཀྱི་ཉེ་འཁྲིས་སུ་སྡོད་ཅེས་བཤད་ཅིང་ང་ལ་ཇ་དྲངས། ཁོང་ཚོས་ཁྱེད་སྐྱབས་བཅོལ་བ་ཞིག་ཅེས་འབོད། ངས་ཁྱེད་ལ་ཨ་མྱེས་ཞེས་འབོད།

 

ཨ་མ།

o-MOTHER-570

བརྩེ་བའི་ཨ་མ་ལགས།

ཧྥི་རོའུ་ཟི། ཁྱེད་ནི་ཨ་མ་དཔའ་མོ་ཞིག་དང་ཀུར་ཌི་རིགས་ཀྱི་སྐྱབས་བཅོལ་བ་ཞིག་རེད། ལོ་ངོ་ ༢༤ རིང་ལ་ཁྱེད་རང་ཡུལ་ལ་ལོག་ཐུབ་མེད། ལོ་ངོ་ཉི་ཤུ་རྩ་བཞིའི་རིང་ལ། ཁྱེད་ཀྱི་སྤུན་རྣམས་ནི་ཏུར་ཀེའི་ནང་ཀུར་ཌིའི་མི་རིགས་ཀྱི་ལས་འགུལ་ལ་ཞུགས་ཤིང་། རང་ཉིད་སུ་ཡིན་པའི་ངོ་བོ་སྲུང་སྐྱོབ་དང་། ཀུར་ཌེའི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ། རང་གི་ཕ་སྐད་བཤད་པ། རང་གི་ཀུར་ཌེའི་རིགས་ཀྱི་མིང་རྣམས་སྤྱོད་ཆོག་པ་སོགས་ཀྱི་ཐོབ་ཐང་རྩོད་བཞིན་ཡོད། ཐོབ་ཐང་འདི་དག་ཚང་མ་བཀག་ཡོད་ཅིང་། ཐོབ་ཐང་དེའི་ཆེད་དུ་ཁྱེད་ཀྱི་ཁྱིམ་མི་དང་འདྲ་བའི་ཁྱིམ་ཚང་སྟོང་ཕྲག་མང་པོ་ལ་ཉེས་ཆད་ཕོག་ཡོད། དེའི་གོ་དོན་ནི་ཁྱེད་དང་ཁྱེད་ཀྱི་ཁྱིམ་མི་ལ་མཚོན་ན་དེ་ནི་རང་གི་ཕ་ཡུལ་བཞག་ནས་ཨེ་རག་གི་ཡུལ་དུ་སྐྱབས་བཅོལ་བ་ཞིག་ཆགས་རྒྱུ་དེ་རེད། འོན་ཀྱང་དཀའ་སྡུག་གི་འཐབ་རྩོད་འདི་གཏན་ནས་མི་ཚར་བ་ཞིག་ཏུ་ཚོར།

ཁྱེད་ཀྱི་བུ་མོའི་གྲས་ནས་བཞི་ཀུར་ཌིའི་རིགས་ཀྱི་རང་དབང་འཐབ་རྩོད་ལ་ཞུགས། དེའི་གྲས་ཀྱི་གསུམ་བསད་པ་རེད། ངས་ཁྱེད་ཀྱི་སྡུག་བསྔལ་ལ་ལག་པས་རེག་ཐུབ་ཚོད་དུ་འདུག ཁྱེད་ཀྱིས་དབུགས་རིང་འཐེན་པ་གོ་གི་འདུག ཁྱེད་ཀྱིས་ཁྱེད་ལ་ཚུར་བསྐུར་བའི་རང་གི་བུ་མོའི་པར་དང་སྟོད་ཐུང་རྣམས་ལ་འོ་བསྐྱལ་ཞོར་མིག་ཆུའི་ཐིགས་པ་འགྲམ་པ་ནས་ཟགས་བཞིན་པ་དེ་ངས་མཐོང་གི་འདུག བུ་མོས་ཁྱེད་ཀྱི་སྐྱབས་བཅོལ་བའི་སྒར་དེ་ཨ་ཡེ་སིའི་དྲག་སྤྱོད་པ་ལས་སྐྱོབ་ཆེད་འཛིང་པའི་དུས་སུ་མོ་ལ་མདེའུ་བཞི་ཐེབས་པ་རེད། ངའི་བསམ་ཚུལ་ལ་ཁྱེད་ཀྱི་བུ་མོ་རྣམས་ནི་ང་ཚོ་ཚང་མའི་ཆེད་དུ་འཛིང་བཞིན་ཡོད་པ་རེད་བསམས་བྱུང་།

ཡིད་དུ་འོང་བའི་ལཱོ་ཪིན།

o-LORIN-570

བརྩེ་བའི་ལཱོ་རིན་ལགས།

ངས་ཁ་སང་ཀུར་ཌི་སི་ཐཱན་ནམ་ཤར་ཏུར་ཀེའི་ཡུལ་གྱི་ཡེ་ཟི་ཌི་སྐྱབས་བཅོལ་སྒར་ཞིག་ཏུ་པར་འདི་བླངས་པ་ཡིན། ངའི་མཐའ་འཁོར་གྱི་ཡོད་ཚད་འགག་སོང་བ་དང་དུས་མཉམ་དུ། ངས་ཁྱེད་ཀྱི་མིག་ལས་ལོ་ངོ་འདི་དག་གི་རིང་ལ་སྐྱབས་བཅོལ་བ་ཚོས་ང་ལ་བཤད་པའི་ལོ་རྒྱུས་ཚང་མ་མཐོང་ཐུབ་ཀྱི་འདུག   ཡིད་དུ་འོང་བའི་བྱིས་པ་ལཱོ་རིན་ལགས། ཁྱེད་ནི་ལོ་ངོ་བཞི་ཙམ་ཞིག་རེད་ལ་ཡང་ན་བལྟས་ཚོད་ལ་རེད། ཁྱེད་ཀྱི་མི་ཚེའི་ནང་གི་དྲན་པ་ཐོག་མ་རྣམས་ནི་དངངས་སྐྲག་དང་འཆི་བ། སྡུག་བསྔལ་བཅས་ཆགས་ཀྱི་རེད། ཁྱེད་ནི་ཡེ་ཟི་ཌིའི་རིགས་(Yezidi)འབུམ་ཕྲག་ཁ་ཤས་ཀྱི་ཁྲོད་ཀྱི་ཡེ་ཟི་ཌེའི་རིགས་ཀྱི་བུ་མོ་ཞིག་ཡིན་པའི་ཆ་ནས། ལོ་སྔོན་མར་ཨ་ཡེ་སིའི་དྲག་སྤྱོད་པས་ཚུར་རྒོལ་བྱས་པ་རེད། ཁྱེད་ཀྱི་གྲོང་གསེབ་དེའི་མཐའ་བསྐོར་ནས་ཁྱོ་ག་རྣམས་བསད་ཅིང་བུད་མེད་རྣམས་བཙན་འཁྱེར་བྱས། བསོད་ནམས་ཆེ་གྲས་རྣམས་ནི་བྲོས་ནས་ཐར་མཁན་རྣམས་རེད། མཐའ་ན་རང་གི་རྒྱབ་ལ་གྱོན་པའི་དུག་སློག་ཙམ་ལས་མེད་ནའང་བསོད་ནམས་ཆེ་གྲས་རྣམས་རེད། འཛམ་གླིང་གིས་བལྟ་བ་ཙམ་ཞིག་བྱས་ཏེ་ཡ་ང་བ་རེད་ཟེར། འོན་ཀྱང་དངོས་གནས་བལྟ་བ་ཙམ་ཞིག་ང་ཚོས་གང་བྱེད་ཐུབ་པ་དེ་རེད་དམ། དེ་རིང་ཁྱེད་ནི་ཏུར་ཀེའི་ལྷོ་ཤར་གྱི་མཚམས་ཤིག་ཏུ་སྐྱབས་བཅོལ་བའི་སྒར་ཞིག་ཏུ་གུར་གྱི་ནང་བསྡད་ཡོད། ངས་ཁྱེད་ཀྱི་ཨ་ཅེ་ལ་དུས་ཅི་ཙམ་ལ་ཞེས་དྲིས་པ་ཡིན། མོས་ལོ་དང་ཟླ་བ་ཞེས་ལན་བཏབ་མ་སོང་། མོས་ཉི་མའི་གྲངས་ཀ་བརྩི་བཞིན་འདུག “ཉི་མ་ ༣༦༦” ངས་འདི་ལྟར་དྲན་གྱིན་འདུག ང་ཚོས་ཉི་མ་ ༣༦༧ པ་ལ་ཁོང་ཚོར་རོགས་པ་བྱེད་རྒྱུ་ཡིན་ནམ།

གལ་སྲིད་ཐུབ་ན། རོགས་པ་འདི་ནས་བྱེད་ཐུབ།

མ་ཡིག

http://www.huffingtonpost.com/khazar-fatemi/khazar-photos_b_8085766.html

བསྐྱར་བཅོས།: ༢༠༡༥/༠༩/༢༤

Leave a Reply

བརྙན།

No videos

སྒྲ

དྲ་འབྲེལ།

རིག་པ་གསར་ཤོས།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༤)
  • སྤྱིའི་མཆན་གྲངས། (༠)
  • སྤྱིའི་ཀློག་གྲངས། (༢༧༨༩)