ཆུང་ཚེ་རིང་། རིག་པ།(༥)

Gangkyis

༄།། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཨ་མ་ཁག་གི་གནས་གཞི་གངས་ཅན་སྐྱིད་གཤོངས་ནང་། སྤྱི་ཡོངས་ནས་བོད་ཡིག་བེད་སྤྱོད་ཀྱི་གནས་སྟངས་ནི་དགའ་འོས་པའི་གནས་སུ་ཡོད། དེ་ཡང་བོད་མིའི་སྒྲིག་འཛུགས་ཁོངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཛིན་སྐྱོང་བཀའ་ཤག །ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་མང་གཙོའི་ཀ་བ་གསུམ་གྱི་ལས་ཁུངས་མ་ལག་ཁག་དང་། དེ་མིན་དབུས་འོས་བསྡུ་ལས་ཁང་དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་བཅས་རང་དབང་ཅན་གྱི་སྡེ་ཚན་གསུམ་ཡོད་པ་ཚང་མའི་ནང་། དགོས་པ་དམིགས་བསལ་ཡོད་རིགས་ཕུད་རྩ་བའི་ཉིན་རེའི་ལས་དོན་ཡོངས་རྫོགས་བོད་ཡིག་རང་གི་ཐོག་ནས་སྒྲུབ་བཞིན་ཡོད།

དང་པོ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆ་བཞག་ན། ཚོགས་འདུའི་ཚོགས་བརྡ་དང་། གྲོས་གཞི་གྲོས་འཆར། གྲོས་ཆོད། གྲོས་ཚོགས་ཀྱི་ལས་རིམ་བཅས་པ་ཆ་ཚང་བོད་ཀྱི་སྐད་ཡིག་ཐོག་ནས་སྒྲུབ་བཞིན་ཡོད་ཅིང་། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞི། ལས་བྱེད་བླང་དོར་སྒྲིག་གཞི་སོགས་ཁྲིམས་དང་སྒྲིག་གཞི་ཡོངས་རྫོགས་བོད་ཀྱི་སྐད་ཡིག་ནང་ཐོག་མར་བཀོད་དེ་གཏན་འབེབས་གནང་ཡོད། བོད་མི་བཙན་བྱོལ་དུ་སླེབས་རྗེས་གྲོས་ཚོགས་ཀྱི་ལས་རིམ་རྣམས་དེང་རབས་དང་མཐུན་པར་བསྒྱུར་བ་དང་མཉམ་དུ་དགོས་མཁོའི་ཐ་སྙད་མང་པོ་ཞིག་ཀྱང་གསར་བཟོ་དང་བེད་སྤྱོད་གནང་བ་དཔེར་ན། གྲོས་ཚོགས་ནང་དེང་སྐབས་རྒྱུན་སྤྱོད་ཐ་སྙད་ཆགས་ཟིན་པའི་ཚིག་ལས་རིམ་རྣམ་གཞག་དང་། སྟོང་པའི་དུས་ཚོད། ཐུགས་སྣང་གཞེན་སྐུལ་ལྟ་བུ་རྣམས་ཐོག་མར་བེད་སྤྱོད་གནང་སྐབས་ཁྱད་མཚར་ཞིག་ཏུ་མངོན་ཡང་། བེད་སྤྱོད་ལོ་ནས་ལོ་བསྟུད་དེ་བཏང་རྗེས་དེང་སང་ཚང་མས་ཁས་ལེན་པའི་ཐ་སྙད་དུ་གྱུར་ཟིན།

གཉིས་པ། འཛིན་སྐྱོང་བཀའ་ཤག་གི་ཁྱབ་ཁོངས་སུ། ཆོས་རིག་དང་ནང་སྲིད། བདེ་སྲུང་། ཤེས་རིག ཕྱི་དྲིལ། དཔལ་འབྱོར། འཕྲོད་བསྟེན་བཅས་ཀྱི་ལས་ཁུངས་ཁག་གི་ནང་། ཕྱི་རྒྱལ་ལས་ཁུངས་དང་ཚོགས་སྡེར་འབྲེལ་བ་གནང་དགོས་པ་ཕུད། དེ་མིན་བོད་མིའི་ལས་ཁུངས་དང་བོད་མི་སྒེར་པར་འབྲེལ་བ་གནང་དགོས་རིགས་ཕལ་མོ་ཆེ་བོད་ཀྱི་སྐད་ཡིག་རང་གི་ཐོག་ནས་གནང་བཞིན་ཡོད། ལས་ཁུངས་སོ་སོའི་ལས་བསྡོམས་རྒྱས་བསྡུས་དང་། དངུལ་རྩིས་འཆར་འབུལ། སྙན་ཐོ། བཀའ་འཁྲོལ་འགེངས་ཤོག། ལས་བཅར་ཐོ་དེབ། གསལ་བསྒྲགས། བཀོད་ཁྱབ་བཅས་པ་ཡང་བརྒྱ་ཆ་ ༩༩ བོད་ཀྱི་སྐད་ཡིག་རང་གི་ཐོག་ནས་གནང་བཞིན་ཡོད།

གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཁྱབ་ཁོངས་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ནང་དུ། ཁ་མཆུ་ཞུ་གཏུགས་དང་། ཁྲིམས་རར་ཉན་ཞིབ་གཏུགས་བཤེར་གྱི་ལས་རིམ་ཆ་ཚང་བོད་སྐད་བོད་ཡིག་ནང་གནང་བཞིན་ཡོད་པ་མ་ཟད། ཐ་མའི་བཅད་ཁྲ་ཡང་བོད་ཡིག་ཐོག་ནས་གནང་གི་ཡོད། དེ་མིན་སྤྱི་དམངས་གཏུགས་གཤེར་འགྲོ་ལུགས་ཀྱི་ཁྲིམས་ཡིག་དང་། དཔང་རྟགས་ཁྲིམས་ཡིག་སོགས་ཁྲིམས་ཞིབ་ཁང་དང་འབྲེལ་བའི་ཁྲིམས་ཡིག་ཁག་ཡོངས་རྫོགས་ཀྱང་བོད་ཡིག་ཏུ་གཏན་ལ་ཕབ་ཡོད། བཙན་བྱོལ་དུ་སླེབས་རྗེས་གཏན་ལ་ཕབ་པའི་ཁྲིམས་ཡིག་དེ་ཚོའི་ནང་གི་ཐ་སྙད་ཞུ་སྦྱོར་བ་དང་རྩོད་ལན་སོགས་མང་པོ་ཞིག་ཡིད་ལ་ཧ་ཅང་འཇུག་པོ་ཡོད།

རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ནང་ནས་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་གིས། བོད་མི་མང་སྤྱི་འཐུས་དང་། སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གོ་སྒྲིག་གནང་བཞིན་པ་ལྟར། འོས་བསྡུ་དང་འབྲེལ་བའི་ལས་རིམ་དང་། ལམ་སྟོན། གསལ་བཤད། གསལ་བསྒྲགས་ཁག་ཡོངས་རྫོགས་བོད་ཡིག་རང་གི་ཐོག་ནས་གནང་གི་ཡོད། འོས་བསྡུ་དང་འབྲེལ་བའི་སྒྲིག་གཞི་ཡང་བོད་ཡིག་ཏུ་གཏན་ལ་ཕབ་ཡོད། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གིས། གཞུང་ཞབས་འདེམས་སྒྲུག་གི་ཡིག་རྒྱུགས་ནང་བོད་དབྱིན་གཉིས་ཀ་རྒྱུགས་ལེན་གནང་གི་ཡོད་ཅིང་། ལས་བྱེད་ཚོའི་བོད་ཡིག་གནས་ཚད་ཡར་རྒྱས་གཏོང་ཐབས་སུ་དུས་ནས་དུས་སུ་ལས་བྱེད་འོས་སྦྱོང་དང་ཟབ་སྦྱོང་གོ་སྒྲིག་བྱེད། གཞུང་ཞབས་ཀྱི་བླངས་དོར་སྒྲིག་གཞི་བོད་ཡིག་ཏུ་གཏན་ལ་ཕབ་ཡོད་པ་དང་། ལས་བྱེད་ཀྱི་གསང་སྙན་དང་། བསྐོ་རྒྱ། གནས་སྤར་གསལ་བསྒྲགས་སོགས་ཡོངས་རྫོགས་བོད་ཡིག་རང་སྤྱད་དེ་གནང་གི་ཡོད། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ལ་ཆ་བཞག་ན། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཁྲ་ཡོངས་རྫོགས་བོད་ཡིག་ཐོག་འབྲི་རྒྱུར་ལམ་སྟོན་དང་སྟངས་འཛིན་གནང་བཞིན་པ་མ་ཟད། རྩིས་ཁྲར་ཞིབ་འཇུག་བྱས་པའི་སྙན་ཐོ་དང་། བརྡ་དེད། ལན་འདེབས་བཅས་པའང་ཡོངས་རྫོགས་བོད་ཡིག་རང་གི་ཐོག་ནས་གནང་བཞིན་པ་རེད། དེ་བཞིན་རྩིས་དང་འབྲེལ་བའི་སྒྲིག་གཞི་ཁག་ཀྱང་བོད་ཡིག་ཏུ་གཏན་ལ་ཕབ་ཡོད་པ་མ་ཟད། ཆེད་སྤྱོད་ཐ་སྙད་དཔེར་ན། བྱུང་སོང་ཁ་འཐབ་དང་། རྩིས་སྒོ། ག་སྒྱུར། གཏན་འཇགས་མ་དངུལ། བུན་ནག་སོགས་གངས་སྐྱིད་དུ་རྒྱུན་སྤྱོད་ཐ་སྙད་ཀྱི་ཚུལ་དུ་བེད་སྤྱོད་བྱེད་བཞིན་ཡོད་དོ།། །།

བསྐྱར་བཅོས།: ༢༠༡༧/༠༤/༢༤

Leave a Reply

5 thoughts on “གངས་སྐྱིད་ཀྱི་བོད་ཡིག

  1. ཀུན་དགའ་ལེགས་པ་

    ཉེ་ཆར་འོས་འདུའི་སྐབས་ཝ་ཎའི་འབྲས་དཀར་པོ་བསམ་འཕེལ་དོན་གྲུབ་འད྄་བ་ཞིག་ནས་བརྗོ་དོན་ལ་གངས་སྐྱིད་ནང་དེང་སང་རྒྱ་ཆ་༩༠ ཕྱི་གླིང་མགོ་སེར་སྐད་ཡིག་བཀོོད་སྤྱོ་བྱེ་ཀྱི་འདུག་ཟེར་་་་ཨ་ལས་་་་མིན་པ་འདྲ་་་་

  2. འོ་ཛི་ཁོང་། དེ་མ་ཧཱ་པཎ་ཊི་ཏ་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་དང་། སྐུ་ཉིད་གཞུང་ཞབས་པ་གནང་བཞིན་པའི་དུས་སྐབས་སུ་རེད་དཱ།
    དེང་སང་ཚང་མས་ཅི་སི་པི་སི་བྱས་ནས་གསལ་བསྒྲགས་དང་། ཡིག་འབྲེལ། ནང་ཁུལ་ཡིག་ཆུང་། ཕྱོགས་བསྐྱོད་བཀའ་ཁྲོལ། འགྲོ་གྲོན་བཀའ་ཁྲོལ། ཐ་ན་དགོངས་ཤོག་ཚུན་ཆད་ཀྱང་ཨིན་ཡིག་ཐོག་འབྲི་རྐྱང་བྱས་ནས་སྤྲོ་ཞགས་རྦད་དེ་ཉམས་ཡོད་རེད།
    དེ་ག་ནང་བཞིན་དེང་སྐབས་གྲོས་ཚོགས་ནང་”དཔལ་ལྡན་ཚོགས་གཙོ་མཆོག་ཨིན་སྐད་ཐོག་ཞུས་ན་”ཞེས་བཀའ་ཁྲོལ་ཡོད་པའི་ཚུལ་གྱིས། ཆེད་ལས་ཀྱི་ཐ་སྙད་ཨ་ཅང་ཅང་། རྒྱུན་སྤྱོད་མིང་ཚིག་ཚུན་ཆད་ཀྱང་ཨིན་སྐད་ཐོག་ལབ་རྐྱང་བྱེད་པའི་ངན་ལངས་ཤོར་དུས། མི་ཚང་མ་པད་ཅལ་ལངས་ནས་ཨིན་ཇི་མ་ཤེས་པ་དེ་ཚོས་ཀྱང་སྒྲ་དག་ལ་མ་དག་གིས་ཨིན་ཇིའི་ཚིག་ཆབ་བེ་ཆོབ་བེ་རེ་བེད་སྤྱོད་གཏོང་ཐབས་བྱེད་བཞིན་འདུག
    ང་ནི་ཨེམ་ཚ་ནས་ག་དུས་ཡིན་ནའང་གཡང་བཀྱག་ནས་སྡོད་དགོས་ཀྱི་འདུག སྐད་ཆ་ཏོ་རོ་མོ་རོ་ཤོད་དུས་ཨིན་ཇིའི་ཚིག་རེ་གཉིས་བཤད་ན་ཨའུ་ཙམ་ཡིན་འགྲོ ས་གྲོས་ཚོགས་ནང་ལ་བྲེབ་བཙོང་ནས་གཞན་སྐད་ཁ་མེད་སྣ་མེད་བཤད་ཡོང་དུས། དེ་ཚོ་དམར་མ་སྤུད་པར་རང་སྣང་གང་དྲན་བྱས་བཞག་ན་དབྲེ་པོ་ཞེ་པོ་འདུག

    1. ཁྱེད་ཀྱི་མཆན་ཇི་ལྟར་བཀོད་པ་དངོས་འབྲེལ་འདུག་དང་། ཡིན་ན་ཡང་། རྩོམ་འདི་བྲིས་པ་པོ་ཁོང་གི་རྩོམ་འདི་བྲིས་པ་དཔེ་ཡག་པོ་རེད་དེ། མགོ་བརྗོད་དུ་གངས་སྐྱིད་ཀྱི་བོད་ཡིག་ཞེས་པ་བཀོད་དོན་ཅི་འདྲ་ཡིན་ན། ཁོང་རང་ཉིད་ཤེས་རིག་ལས་ཁུངས་ནང་ཉམས་ཞིབ་པ་དང་རྩོམ་པ་པོ་སོགས་ཀྱི་ལས་སྣེ་ཁག་ཞིག་གནང་མྱོང་མཁན་ཞིག་རེད། མ་ཚད་ཁོང་སྐབས་དེ་དུས་ཤེས་རིག་དྲུང་ཆེས་ནས་དམིགས་བསལ་ཤེས་རིག་ལས་ཁུངས་སུ་ཉར་གནང་བ་ཞིག་ཡིན་པ་ཇི་བཞིན་ལས་ཀ་ཡང་བྱས་ཡོད་རེད། ཡིན་ན་ཡང་མགོ་བརྗོད་འདི་ལ་གོ་བ་ཞིག་ངེས་པར་དུ་ཡོད་ཤེས་བྱས་ཀྱིས་ཡོད་དུ་གསལ་བཤད་ཞིག་བྱུང་ན་སྙམ།

      1. རིན་པོ་ཆེ།

        སྔོན་ཆད་བོད་ཡིག་རྒྱུགས་རྒྱུགས །
        དེང་སང་ཨིན་ཇི་རྒྱུགས་གིས། །
        གངས་ཅན་སྐྱིད་གཤོངས་གཟི་བརྗིད། །
        སྐྱོ་རུ་སྐྱོ་རུ་འགྲོ་གིས། །
        གཅིག་གིས་ཆོག་མཆན་ཞུ་གིས། །
        གཉིས་ཀྱིས་ཆོག་མཆན་གནང་གིས། །
        བོད་སྐད་དགོས་ཀྱི་མེད་ན། །
        སྐྲ་ཡང་སེར་པོ་བཟོས་ཤོག །

    2. “དེང་སང་ཚང་མས་ཅི་སི་པི་སི་བྱས་ནས་གསལ་བསྒྲགས་དང་། ཡིག་འབྲེལ། ནང་ཁུལ་ཡིག་ཆུང་། ཕྱོགས་བསྐྱོད་བཀའ་ཁྲོལ། འགྲོ་གྲོན་བཀའ་ཁྲོལ། ཐ་ན་དགོངས་ཤོག་ཚུན་ཆད་ཀྱང་ཨིན་ཡིག་ཐོག་འབྲི་རྐྱང་བྱས་ནས་སྤྲོ་ཞགས་རྦད་དེ་ཉམས་ཡོད་རེད།” ཟེར་བ་བདེན་པ་མིན། དེ་མིན་ཁྱེད་ཀྱི་བྲིས་བར་བདེན་པ་ཡིན་མིན་ཁ་གསལ་མངོན།

བརྙན།

No videos

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

ཀོ་རི་ཡ་ལྷོ་མ་དང་བྱང་མ།
ཆུང་ཚེ་རིང་། རིག་པ། (༤)
གངས་སྐྱིད་ཀྱི་བོད་ཡིག
ཆུང་ཚེ་རིང་། རིག་པ། (༥)
ཨ་རིའི་གསར་བརྗེ། ༼ ༡༠ ༽
ཆུང་ཚེ་རིང་། རིག་པ། (༡)
ཨ་རིའི་གསར་བརྗེ། ༼ ༩ ༽
ཆུང་ཚེ་རིང་། རིག་པ། (༠)
ཨ་རིའི་གསར་བརྗེ། ༼ ༨ ༽
ཆུང་ཚེ་རིང་། རིག་པ། (༤)
དེ་ལས་མང་།

རིག་པ་གསར་ཤོས།

བསྟན་པ་དར་རྒྱས།
གཞོན་ནུ་ཟླ་མེད།
ངང་སྒུག
ཤེས་རབ་འོད་ཟེར།
ཤེས་རབ་འོད་ཟེར།
ཀུན་དགའ་ལེགས་པ་
མེ་ལྕགས།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༡༣)
  • སྤྱིའི་མཆན་གྲངས། (༥༨)
  • སྤྱིའི་ཀློག་གྲངས། (༥༨༧༢)