བློ་རབ། རིག་པ།(༡)

དེ་རིང་གི་སྤྱི་ཚོགས་ཟིང་ཟིང་འདི་བརྒྱུད་དེ་འདས་པའི་ལོ་འགའི་རིང་ཕྱིར་མིག་ཅིག་བལྟས་ན། ང་ཚོའི་གཅིག་སྒྲིལ་གྱི་གཞི་རྩ་ཉམས་འགོ་བརྩམས་འདུག ང་ཚོ་ད་བར་དུ་གནས་ཐུབ་པ་དེ་དྲང་བདེན་གཙུག་ཏུ་བཀུར་ཏེ། ཕྱི་གསལ་ནང་གསལ་གྱིས་སྤྱི་ཡི་ལས་དོན་བསྒྲུབས་པ་ལས་བྱུང་ཡོད། འོན་ཏེ་ད་ཆར་ང་ཚོ་ལམ་ཁ་དེ་ལས་རིང་དུ་བརྒལ་ཏེ་ལམ་ཁ་ལོག་ཀ་ཞིག་ཏུ་སྐྱོད་ཀྱིན་ཡོད། ལམ་ཁ་དེས་ང་ཚོའི་གཅིག་སྒྲིལ་གྱི་གཞི་རྩ་དྲང་བདེན་གྱི་གནས་བབ་དེ་སྤྱི་ཚོགས་ཁྲོད་ཉམས་མུས་སུ་གཏོང་གི་ཡོད། དེ་ནི་ད་ལྟའི་སྲིད་སྐྱོང་གི་རིང་ལ་མངོན་གསལ་དོད་པོའི་འཕོ་འགྱུར་ཅིག་རེད།

ཁྱོད་མི་ཞིག་ཡིན་པ་ལས་ཟོག་མ་རེད། ཁྱོད་ལ་ཟོག་ལས་ལྷག་གི་རྣམ་དཔྱོད་ཅིག་ཡོད། རྣམ་དཔྱོད་དེ་ཁྱོད་རང་དང་། ཡང་ན་སྤྱི་ཚོགས་སུ་དཀའ་ངལ་འཕྲད་དུས་བེད་སྤྱོད་གཏོང་དགོས། ཁྱོད་ཀྱི་རྣམ་དཔྱོད་དེས་དྲང་བདེན་མཐོང་ཐུབ་དགོས། མཐོང་ནས་དྲང་བདེན་ལ་དཔུང་རོགས་བྱེད་དགོས། དྲང་བདེན་ལ་དཔུང་རོགས་བྱེད་ཐུབ་སོང་ན། དེས་རང་གི་སྤྱི་ཚོགས་ཚགས་ཚུད་དང་འདྲ་མཉམ། མཐུན་སྒྲིལ། མཉམ་གནས་རྒྱུན་མཐུད་ཡོང་ཐུབ། དྲང་བདེན་ནི་བདེ་སྐྱིད་ཀྱི་གཞི་རྟེན། ལས་དོན་ཀུན་ལས་དྲང་བདེན་བསྲུང་ཞིང་བཀུར་ཐུབ་ན། དེ་ལས་ལྷག་པའི་ལས་དོན་རླབས་ཆེན་ཞིག་མེད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ནའང་། དྲང་བདེན་དང་ཕྱི་གསལ་ནང་གསལ་གྱིས་ད་བར་དུ་གནས་ཐུབ་ཡོད། དྲང་བདེན་དང་ཕྱི་གསལ་ནང་གསལ་གཙུག་ཏུ་བཀུར་མཁན་༧གོང་ས་མཆོག་ང་ཚོ་ལ་ཡོད་ཅིང་། ཁོང་གི་དབུ་ཁྲིད་འོག་ཚང་མ་སྐྱིད་མཉམ་སྡུག་མཉམ་གྱིས་ད་བར་གནས་ཐུབ་ཡོད། དྲང་བདེན་དང་ཕྱི་གསལ་ནང་གསལ་ཟེར་བ་དེ། གང་ཟག་ཅིག་གིས་སྤྱི་ཡི་ལས་དོན་སྒྲུབ་སྐབས། ལག་བསྟར་བྱེད་རྒྱུ་ལས་ཁ་ནས་བཤད་བསྡད་པ་ཞིག་མ་རེད། གང་ཟག་ཅིག་གིས་ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་ཀྱི་ཡོད་ན། ལས་དོན་བཟང་ངན་གང་ཡིན་ཡང་། ཁོས་དྲང་བདེན་ལག་བསྟར་བྱེད་མི་ཐུབ་པའི་དཀའ་ངལ་མེད་ལ། ནམ་ཡང་མི་མང་གི་མདུན་དུ་སྤོབས་པས་ཐོན་ཐུབ་པ་མ་ཟད། མི་མང་ལ་ཡིད་ཆེས་ཀྱིས་རང་གི་སྐད་ཆར་བརྩི་བཀུར་དང་ལག་བསྟར་བྱེད་རྒྱུ་རེད།

བར་སྐབས་ཤིག་ནས་བཙན་བྱོལ་སྤྱི་ཚོགས་འདི་ལམ་ལོག་ཅིག་ཏུ་སྐྱོད་ཀྱིན་ཡོད། ལམ་ལོག་དེ་ནི་དྲང་བདེན་མ་ཡིན་པའི་ལམ་ཞིག་རེད། ནང་ཁུལ་ཞེན་ཁོག་དང་ཆོལ་ཁའི་ཕྱོགས་རེས། ཧམ་བཤད་དང་མགོ་བདེ། མིང་དང་ཁེ་ཕན་གཙོ་བཟུང་གི་ལམ་ཞིག་རེད། ལམ་ཁ་འདི་ཉིས་སྟོང་བཅུའི་ལོ་ཡི་སྲིད་སྐྱོང་འོས་བསྡུའི་སྐབས་ནས་འགོ་བཙུགས་ཏེ། ད་ལྟའི་ཨ་རིའི་དོན་གཅོད་གནས་དབྱུང་བར་དུ་མུ་མཐུད་དེ་ཇེ་སྡུག་ནས་ཇེ་ངན་དུ་འགྲོ་བཞིན་ཡོད། ལམ་ལོག་དེའི་སྣེ་མོར་འབུམ་རམས་པ་བློ་བཟང་སེང་གེ་དང་འབྲེལ་ནས་ཡོད། བློ་སེང་ཁྲི་སྟོན་མཛད་སྒོའི་ཐོག་ཏུ་༧གོང་ས་མཆོག་གིས། “རིང་ནས་གནག་པའི་དོན་ཆེན་ཞིག་བསྒྲུབས་སོང་” ཞེས་གསུངས་མྱོང་ལ། དེ་བཞིན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་” མི་རབས་རྒན་པ་ནས་གཞོན་པ། ཤེས་ཡོན་མེད་པ་ནས་ཡོད་པ་ཞིག་ལ་རྩིས་སྤྲོད་ཀྱིན་ཡོད་” ཅེས་བཤད་ཡོད། གསུང་བཤད་འདི་གཉིས་ཁོ་ནས་ཐུགས་རེ་ག་ཚོད་ཅིག་གནང་ཡོད་མེད་ཤེས་ཐུབ་ཀྱང་། བློ་སེང་ཐུགས་རེ་དག་ལས་རང་དུ་བརྒལ་ཏེ། དྲང་བདེན་དང་ཕྱི་གསལ་ནང་གསལ་གྱིས་ལས་དོན་བསྒྲུབས་ཐུབ་ཀྱི་མེད་པའི་ཁར། སྤྱི་ཚོགས་ཁྲོད་ཆོལ་ཁའི་ཕྱོགས་རེས་དང་ཞེན་ཁོག་སྡུག་ཏུ་སོང་ཡོད་སྟབས། མི་མང་གི་ཡིད་ཆེས་བརླག་པ་མ་ཟད། དོགས་པ་དང་སེམས་ཁྲལ་ངང་བསྡད་ཡོད།

ཆོལ་ཁའི་ཕྱོགས་རེས་དང་ཞེན་ཁོག་འདི་དག་གནད་དོན་ཆུང་ཆུང་ཞིག་མ་རེད། ང་ཚོ་སྤྱི་ཚོགས་འདི་གཅིག་སྒྲིལ་གྱི་ངོ་བོ་གནས་ཐུབ་མིན་གྱི་འགག་རྩའང་འདི་ལ་ཐུག་ཡོད་ལ། རྒྱལ་ཁབ་ཀྱི་མངའ་དབང་ཡོད་པའི་དཔོན་རིགས་ཚོས་གཡོ་སྒྱུ་ཁྲམ་གསུམ་དང་། ལྐོག་ཟ་རུལ་སུངས་ཅི་ཞིག་བྱས་ནའང་། དེས་རྒྱལ་ཁབ་དང་སྤྱི་ཚོགས་ཁ་འཐོར་ལ་ཉེན་ཁ་མེད། རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞིའི་འོག་ནས་ཐག་བཅད་དེ་གཙང་མ་ཆགས་ཐུབ། ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་དེ་འདྲ་མ་རེད། གཅིག་ནས་རྒྱལ་ཁབ་ཀྱི་མངའ་དབང་མེད་ལ། གཉིས་ནས་ཁྲིམས་ཀྱི་དབང་བསྒྱུར་འཐུས་ཚང་མེད་དུས། རྐྱེན་ཕྲན་བུ་ཞིག་གིས་ཀྱང་འཐོར་ཆོག་ཆོག་རེད། ང་ཚོ་ད་བར་དུ་གཅིག་སྒྲིལ་གྱིས་གནས་ཐུབ་དེ་ཡང་༧གོང་ས་མཆོག་གི་ལམ་སྟོན་འོག དྲང་བདེན་བཀུར་ཞིང་ཕྱི་གསལ་ནང་གསལ་གྱིས་ལས་དོན་བསྒྲུབས་པས་རེད། རེད་དེ། ད་ལྟའི་ཆར། ང་ཚོའི་འགོ་ཁྲིད་ཚོས་དྲང་བདེན་དོར་ཞིང་ཕྱི་གསལ་ནང་གསལ་མེད་པའི་ལམ་ཞིག་ཏུ་སྐྱོད་ཀྱིན་འདུག དེས་ང་ཚོའི་སྤྱི་ཚོགས་འདི་འཐོར་ཞིག་་ལ་སྣེ་ཁྲིད་ཀྱིན་ཡོད། གལ་ཏེ་བཙན་བྱོལ་སྤྱི་ཚོགས་འདི་མུ་མཐུད་དེ་གནས་དགོས་ན། དྲང་བདེན་བཀུར་ཞིང་ཕྱི་གསལ་ནང་གསལ་གྱིས་ལས་དོན་བསྒྲུབ་རྒྱུ་ཁོ་ན་རེད།

ང་ཚོ་སྤྱི་ཚོགས་ལ་ཅིག་ལྟོས་དང་། དངོས་ཡོད་དང་དྲང་བདེན་བཀུར་མཁན་ག་ཚོད་འདུག རང་དང་ཆོལ་ཁ་གཅིག་པ་ཞིག་ཡིན་སོང་ན་ནོར་འཁྲུལ་ཅིག་བཟོས་ཡོད་ནའང་། དེ་ནོར་འཁྲུལ་རེད་ཟེར་ནས་དྲང་བདེན་བཀུར་མཁན་ག་ཚོད་འདུག ད་དུང་ནོར་འཁྲུལ་དེ་ཁ་གཞན་ལ་བསྐོར་བ་དང་། ཡང་ན་ཆེད་དུ་འགེབས་སྲུང་དུ་གནད་དོན་གཞན་གླེང་བ། དེ་བཞིན་ཁྱོད་ཚོས་ཕྱི་དགྲ་མི་ཐུབ་ཀྱང་ནང་གི་གཉེན་ཐུབ་ཟེར་ནས་དྲང་བདེན་སྨྲ་མཁན་དག་ལ་ཆེད་དུ་དམོད་ཅིང་། དེས་ག་ལ་ཚད། ༧གོང་ས་མཆོག་ཁྲིད་ཡོང་སྟེ་ཁོས་ནོར་འཁྲུལ་ག་བ་བཟོ་གི་རེད། ༧གོང་ས་མཆོག་གིས་ཐུགས་མཉེས་པོ་འདི་འདྲ་གནང་གི་འདུག་མདོག་མདོག་སྟོན་མཁན་ག་ཚོད་ཡོད། དྲང་བདེན་གྱི་ཆེད་དུ་ལངས་ཏེ་རུལ་སུངས་ལ་རྒོལ་ན། ཁྱོད་ཚོས་ལས་ཀར་གཞིས་ཀྱི་བོད་མི་ཚོ་སེམས་ཕམ་འདུག་ཅེས་ཁ་འགོག་ཐབས་བྱེད་ཅིང་། ད་དུང་རྒྱ་གཞུང་དང་དོལ་ཚོགས་ཀྱི་ལག་ཆར་གྱུར་འདུག་ཟེར་ནས། སྤྱི་སེམས་ཆེ་མདོག་སྟོན་ཀྱང་དོན་ལ་ཕྱོགས་རེས་དང་། རང་ཕྱོགས་རུལ་སུངས་འགེབས་ཐབས་ཀྱིས་གཡོ་གཏམ་ཡིན་པ། དྲང་བདེན་གཞི་ལ་བཞག་སྟེ་བོད་རང་བཙན་དགོས་རབས་གླེང་མཁན་ཚོས་ཀྱང་། དྲང་བདེན་ག་ཚོད་ཅིག་བཀུར་ཐུབ་ཀྱི་ཡོད། ང་ཚོ་འཐབ་རྩོད་དེ་ཡང་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་རབས་བརྗོད་ཀྱིན་དོན་དངོས་སུ་དྲང་བདེན་ག་ཚོད་བཀུར་ཐུབ་ཀྱི་ཡོད། ཅིག་སོམས་དང་། ང་ཚོ་སྤྱི་ཚོགས་འདི་འདས་པའི་ལོ་འགའི་ནང་དྲང་བདེན་དང་ཕྱི་གསལ་ནང་གསལ་ག་ཚོད་ཅིག་ཉམས་ཆག་ཏུ་ཕྱིན་སོང་། ང་ཚོའི་སྤྱི་ཚོགས་འདི་དྲང་བདེན་སྨྲ་ས་མེད་པ་དང་། དྲང་བདེན་ལ་རིན་ཐང་མེད་པའི་ཚད་ལ་བསླེབས་འདུག འདི་ནི་ང་ཚོའི་གོད་ཆག་ཅིག་ནས་ང་ཚོ་གུད་འགོ་བརྩམས་པའང་ཡིན་སྲིད་ཅིང་། མི་མང་གིས་ཡིད་ཆེས་བློས་འཁེལ་ཆོག་པའི་སྒྲིག་འཛུགས་ཤིག་མིན་ཕྱིན་ཆད། སྒྲིག་འཛུགས་དེ་ནི་མི་སྐོར་ཞིག་གི་མིང་དང་ཁེ་བཟང་ཟ་ས་ཞིག་ཏུ་གྱུར་འདུག་ན། དེ་འདྲ་ཞིག་ཡོད་མེད་ལ་ཁྱད་པར་ཡོད་དམ།

མི་མང་རུལ་སུངས་སོང་ན། དཔོན་པོ་འང་རུལ་སུངས་ཤིག་ལས་འདེམས་མི་ཐུབ་པ་ཆོས་ཉིད་རེད། མི་མང་རུལ་སུངས་ཆགས་སྟངས་ནི། སྒང་ལ་སྡོད་མཁན་དཔོན་རིགས་ཚོས་རུལ་སུངས་ཀྱི་ལས་ཀ་ཕྱོགས་རེས་དང་། ཆོལ་ཞེན། མིང་དང་རྒྱུ་ལ་རྔམ་པ། དྲང་བདེན་དང་ཕྱི་གསལ་ནང་གསལ་མེད་པ་བཅས་ཀྱིས། སྤྱི་ཚོགས་ཁྱོན་ཡོངས་རུལ་སུངས་ཀྱི་ལམ་ལ་ཁྲིད་ཀྱིན་ཡོད་ཅིང་། ག་ཚོད་དཔོན་པོ་ཞིག་གཡོ་སྒྱུ་འཁྲབ་འདོད་ན། འཁྲབ་ས་ཡོད་པ་ཞིག་སྤྱི་ཚོགས་འདི་ཆགས་པ་ཡིན་ན། སྐབས་དེར་དཔོན་པོ་ཚོས་རང་དོན་དང་། རང་གི་ཕྱོགས་གཏོགས་ཚོའི་འདོད་དོན་ཐམས་ཅན་སྤྱི་ཚོགས་འདིའི་ནང་ནས་ལས་སླ་བོས་བསྒྲུབ་ཐུབ་ཀྱི་ཡོད། དེ་དུས་སྤྱི་ཚོགས་འདི་ཉམས་འགོ་བརྩམས་ཤིང་། སྤྱི་ཚོགས་འདིའི་དྲང་བདེན་གཞི་ལ་བཞག་སྟེ་རུལ་སུངས་ཀྱི་དཔོན་རིགས་ལ་ངོ་རྒོལ་དང་། སུན་འབྱིན་གནད་འཁེལ་བྱེད་མ་ཐུབ་པ་དང་། དེ་བཞིན་དཔོན་པོ་རུལ་སུངས་ལ་མི་མང་རུལ་སུངས་པས་རྒྱལ་སྐྱོར་བྱས་པས་ཀྱང་རེད། གནད་དོན་དེར་ལྕམ་སྐུ་ནན་སེ་པེ་ལོ་སུས། “ ང་དཔོན་པོ་རུལ་སུངས་ལ་སྐྲག་དགོས་དོན་མི་འདུག་ལ། དེ་ལས་སྐྲག་དགོས་ས་དེ་ནི་མི་མང་གིས་ཁོ་ལ་རྒྱབ་སྐྱོར་བྱེད་པ་དེ་རེད།” ཅེས་པའི་སྐད་ཆ་དེའི་སྡོམ་དུ་ང་ཚོའི་སྤྱི་ཚོགས་ཡང་ཚུད་ཡོད་ཅིང་། དམར་ཕྱོགས་དང་མི་འདྲ་བར་མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན། དཔོན་པོ་རུལ་བ་ལས་མི་མང་རུལ་སུངས་སོང་ན། དཔོན་པོ་བཟང་བོ་ཞིག་གདམ་མི་ཐུབ་པ་དེ་རེད།

འདས་པའི་ལོ་འགའི་རིང་ང་ཚོའི་གཅིག་སྒྲིལ་གྱི་མ་རྩ་དྲང་བདེན་དང་། ཕྱི་གསལ་ནང་གསལ་གྱི་གནས་བབ་དེ་རྦད་དེ་རུལ་འགོ་བརྩམས་སོང་། དེ་ནི་སྲིད་སྐྱོང་བློ་སེང་གི་རིང་ལ་བྱུང་བའི་ཕམ་ཉེས་ཆེ་ཤོས་དང་དེའི་ཤུགས་རྐྱེན་འོག་མ་འོངས་པར་བཙན་བྱོལ་སྤྱི་ཚོགས་འདི་ཁ་འཐོར་ནས་རྩ་མེད་དུ་འགྲོ་སྲིད། རེད་དེ། ད་དུང་ང་ཚོ་རྦད་དེ་རུལ་ཚར་མེད་ལ་རུལ་བཞིན་པའི་སྒང་ཡིན་ན། ངེས་པར་དུ་སྤྱི་ཚོགས་ཁྱོན་ཡོངས་ནས་གལ་ཆེ་དོན་ཆེན་གྱིས། ད་ནས་བཟུང་བོད་དང་བོད་མི་ཟེར་བའི་ཁྱོན་ཡོངས་ལ་ལྟ་ཐུབ་པའི་སེམས་ཁམས་ཤིག་ལ་ཕྱོགས་ཏེ། ཆོལ་ཁ་དང་ལུང་ཚན་གྱི་ཕྱོགས་རེས་ལ་ཁ་གཏད་ཀྱིས། བོད་མི་རིགས་ཟེར་བའི་སྤྱི་ཚོགས་སྲ་བརྟན་ཞིག་འཛུགས་ཐབས་ལ་མི་སྒེར་དང་།ཚོགས་པ་ཚང་མས་འབད་བརྩོན་དགོས་པའི་དུས་ལ་བསླེབས་འདུག

བསྐྱར་བཅོས།: ༢༠༡༧/༡༡/༢༣

Leave a Reply

One thought on “ང་ཚོའི་གཅིག་སྒྲིལ་གྱི་གཞི་རྩ་ཉམས་འགོ་བརྩམས་སོང་།

བརྙན།

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

པད་མ་ཚེ་བརྟན། སྐུ་ཚེ་བརྟན་དགོས།
བློ་རབ། རིག་པ། (༠)
ཚོགས་གཙོ་མཆོག ཐེངས་གཅིག་ཀློགས་རོགས།
བློ་རབ། རིག་པ། (༢༤)
དེ་ལས་མང་།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༩)
  • སྤྱིའི་མཆན་གྲངས། (༥༡)
  • སྤྱིའི་ཀློག་གྲངས། (༡༦༧༤)