བློ་རབ། རིག་པ།(༡)

 

རྔ་བ་བློ་བརྟན།

ངས་ད་ལོའི་སྲིད་སྐྱོང་འོས་མི་ཚོའི་ཕྱོགས་མང་པོ་ལ་དོ་སྣང་བྱས། ལྷག་ཏུ་ཁོང་ཚོའི་སྐད་ཆར་གཟབ་གཟབ་ཀྱིས་ཉན་ཏེ། བསམ་བློ་ཡང་ནས་བསྐྱར་དུ་བཏང་མཐར། འོས་མིའི་ལྔའི་ཁྲོད་ན་ཚོགས་གཙོ་སྤེན་པ་ཚེ་རིང་གིས་རང་ཉིད་འགྲེལ་བཤད་ཞིབ་ཚགས་བརྒྱབ་ཏེ། མི་མང་ལ་རང་ཉིད་གསལ་བོ་བཟོས་སོང་། ག་ཚོད་མི་མང་ལ་རང་ཉིད་གསལ་བོ་བཟོ་ཐུབ་པ་ཡིན་ན། དེའི་ཚོད་ཀྱིས་མི་མང་གིས་ཁོང་ཤེས་རྟོགས་ཐུབ་ཀྱི་ཡོད། ཤེས་རྟོགས་དེ་བརྒྱུད་ནས་སྲིད་སྐྱོང་འོས་དང་མི་འོས་ཀྱི་ངེས་པའང་མི་སོ་སོའི་སེམས་ན་རྙེད་ཀྱི་ཡོད།

སྔོན་འགྲོའི་འོས་བསྡུའི་སྐབས་སུ། ཚོགས་གཙོ་སྤེན་པ་ཚེ་རིང་གིས་འོས་བསྡུའི་ལས་དོན་རྒྱ་ཆེན་པོ་གང་ཡང་སྤེལ་མེད། རྒྱ་གར་ལྷོ་གཞིས་ཁག་འགའ་ལ་སྐོར་བསྐྱོད་ཙམ་རེད། གཞན་འོས་མི་སྲིད་སྐྱོང་ལས་ཐོག་བློ་སེང་དང་ཨ་ཁུ་ཀླུ་མཁར་བྱམས་གཉིས་ནས་ཨ་རིའི་ནང་འོས་བསྡུའི་ཆེད་སྐོར་སྐྱོད་གནང་བཞིན་པའི་སྐབས། ཚོགས་གཙོ་སྤེན་ཚེ་རྡ་ས་ནས་མེས་དབོན་དཔེ་སྟོན་སློབ་གྲྭའི་མཛད་སྒོ་དང་། སྨན་རྩིས་ཁང་གི་སེམས་དང་སྲོག་གི་ཚོགས་ཆེན་དག་ལ་མཉམ་ཞུགས་གནང་ཡོད། དངོས་གནས་བྱས་ན། འོས་མི་གཞན་ཚོ་ལྟར་འོས་བསྡུའི་ཆེད་དུ་བསྐྱོད་དགོས་པ་ཞིག་ཆགས་ཡོད།

ཕྱོགས་ཞེན་གྱིས་ང་ལ་འོས་མ་འཕེན།

ཁོང་ལ་སྲིད་སྐྱོང་འོས་མི་དང་འབྲེལ་ཏེ་དྲིས་ལན་ཞིག་ཏུ། ” ཆོལ་ཁ་དང་ཆོས་ལུགས། ལུང་ཚན་གྱི་ཞེན་ཁོག་བྱས་ཏེ་ང་ལ་འོས་འཕངས་ན་ནོར་བ་རེད། ངས་དངོས་གནས་འཇོན་གྱི་འདུག་མི་འདུག་བལྟས་ཏེ་འོས་འཕེན་རོགས་གནང་།” ཞེས་བཤད་འདུག སྐད་ཆ་འདི་འོས་མི་གཞན་ཚོའི་ཁ་ནས་མ་ཐོན་པ་ཞིག་རེད་ལ། ངས་ཅིག་བྱ་རྒྱུ་ཡིན། ངས་ཉིག་བྱ་རྒྱུ་ཡིན་རྐྱང་བཤད་དེ་མི་མང་གི་བློ་འགུགས་ཐབས་དང་འོས་ཤོག་རེག་ཐབས་གཙོ་བོར་འཛིན་མཁན་ཚོ་དང་བསྡུར་ན་རྦད་དེ་ལོགས་ཀ་ཅིག་རེད་འདུག འདིས་ཁོང་ནི་ཐོབ་དང་གོ་ས་ལ་རྔམ་བསྡད་པ་ཞིག་དང་། ལས་དོན་བྱེད་ཐུབ་མིན་ལ་མ་ལྟོས་པར་མི་འུར་ཚ་བོ་ཞིག་མིན་པ་འང་གསལ་བོ་བསྟན་པ་མ་ཟད། ཁོང་གི་ཀུན་སློང་དེ་ཡང་གཙང་མ་ཡིན་པ་འང་ཟུར་ནས་ཤེས་ཐུབ།

ངས་མཐུན་སྒྲིལ་གཏོར་གི་མ་རེད།

ཁོང་གིས་སྔ་ཕྱི་འགའ་ལ་དམ་བཅའི་ཚུལ་དུ། ” ངས་བོད་མིའི་སྒྲིག་འཛུགས་དང་ཆོལ་ཁ་དང་ཆོས་ལུགས་ཀྱི་མཐུན་སྒྲིལ་ལ་ནམ་ཡང་གཏོར་བཤིག་གཏང་གི་མ་རེད། དེ་ངས་གསལ་བོ་བྱས་ནས་ཁྱེད་ཅག་ལ་བཤད་ཐུབ ” ཅེས་གསུངས་འདུག འདི་ནས་ཤེས་ཐུབ་པ་ཞིག་ལ། ད་ཡོད་ཀྱི་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་སྲ་བརྟན་དང་། བོད་མི་ཚོ་རྡོལ་རྩ་གཅིག་ཏུ་བསྒྲིལ་དགོས་པ་དེ་གལ་ཆེན་ཡིན་པ་དང་། ཁོང་རང་ངོས་ནས་ཕྱོགས་ཞེན་མེད་པར་ལྷག་བསམ་རྣམ་དག་ཡིན་ཞིང་། རང་ཉིད་ནས་ལྷག་བསམ་རྣམ་དག་བྱས་ན། གཤམ་འོག་ནས་མཐུན་སྒྲིལ་ཡོང་རྒྱུ་ཡིན་པ་དང་། ནང་ཁུལ་མཐུན་སྒྲིལ་དེ་ནི་གཞན་དབང་སྟབས་བསྟུན་ཞིག་མིན་པར་རང་ལག་ན་ཡོད་པ་ཞིག་ཡིན་དུས། དེ་བྱེད་ཐུབ་པ་ཞིག་ཡིན་པའི་གདེང་ཚོད་ཡོད་པར་བསྟན་འདུག

ཁ་གཏོང་མཁན་མཉམ་དུ་སྐད་ཆ་མེད།

ཁོང་གིས་ལངས་ཕྱོགས་ཐད་ནས། ” གོང་ས་མཆོག་ལ་གཞི་མེད་སྐྱོན་རྗོད་བྱེད་མཁན་སུ་ཞིག་ཡིན་ནའང་། ངས་དེ་དང་མཉམ་དུ་བགྲོ་གླེང་བྱ་མི་སྲིད། ཕར་ཕྱོགས་ལ་མཐོང་ཆེན་པོ་དེ་འདྲ་སྤྲོད་དགོས་དོན་མི་འདུག ” ཅེས་གནད་འགག་ཅིག་ཁ་གསལ་གཏིང་གསལ་གྱིས་བཤད་སོང་། སྐད་ཆ་འདིས་ང་ཚོ་ལ་ཤེས་སུ་བཅུག་པ་ནི། ཁོང་ནི་ལངས་ཕྱོགས་དང་ལྟ་བ་ཡོད་མཁན་ཞིག་ཡིན་པ་མ་ཟད། རང་གི་ལངས་ཕྱོགས་དེ་གཞན་དབང་སྟབས་བསྟུན་དང་རང་ཁེའི་ཆེད་དུ་འགྱུར་བ་གཏང་ཆོག་ཆོག་གི་མི་ཞིག་མིན་པ་དེ་རེད། ད་དུང་སུ་ཞིག་བོད་མི་རིགས་འདི་ལ་དྲིན་ཅན་དགེ་ཅན་པ་ཤེས་ཞིང་། དྲིན་ཅན་ལ་དྲིན་ལན་མཇལ་དགོས་པའི་བཟང་སྤྱོད་ཀྱི་གཤིས་ཀ་འང་མངོན་ཡོད།

ངས་ཆང་རག་སྤང་གི་མིན།

མི་སྒེར་གྱི་གནད་དོན་ཞིག་ལ། ཁོང་གིས་ ” ངས་ཆང་རག་སྤང་གི་མིན། ངས་ཆང་རག་འཐུང་སྟེ་ད་བར་དུ་རྙོག་དྲ་བཟོ་མ་མྱོང་ལ་མ་འོངས་པ་ཡང་རྙོག་དྲ་བཟོ་མི་ཡོང་། ” ཞེས་ལན་བརྒྱབས་སོང་། ཚིག་འདིས་ཁོ་གང་ཡིན་པ་དེ་ཡིན་པར་བསྟན་ཅིང་། གལ་ཏེ་མི་མགོ་བདེ་ཞིག་ཡིན་ན། ངས་ཆང་རག་སྤང་གི་མིན་ལབ་ན། ང་ལ་འོས་ཐོབ་ཀྱི་མ་རེད་བསམས་ཏེ་ཆང་འཐུང་གི་མིན་ཞེས་ལན་བརྒྱག་ངེས། རེད་དེ་ཁོང་གིས་ ” ངས་ཆང་རག་སྤང་གི་མིན་” ཞེས་ལན་དེས་མི་དྲང་མོ་ཞིག་ཡིན་པ་མཚོན་ཡོད།

ཚོགས་གཙོ་སྤེན་པ་ཚེ་རིང་ལ། ག་དུས་ཡིན་ནའང་བཙན་བྱོལ་བོད་མི་ཁྲོད་ནས་མི་ཆེས་ཉུང་ངུ་ཞིག་གིས་རྙོག་དྲ་བཟོ་བཞིན་ཡོད། རྙོག་དྲ་དག་ལ་ཁོངས་སྐྱེལ་ར་སྤྲོད་གང་ཡང་བྱེད་ཐུབ་ཀྱི་མེད། རྙོག་དྲ་དེ་དག་ཡོང་རྐྱེན་བཙལ་ན། རང་བཙན་སྒྲོག་མཁན་དང་དེ་མིན་བོད་མིའི་སྒྲིག་འཛུགས་ལ་ཟ་ཟུར་ནས་རྙོག་དྲ་སློང་མཁན་སྐོར་ཞིག་ཡོད་ལ། དེ་དག་གིས་གོང་ས་མཆོག་དང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ལ་གང་ཅིའི་ཐད་ནས་ལག་འཁེལ་གྱིན་མེད་དུས། ཁོང་རྣམ་གཉིས་ཀྱི་དགོངས་པ་ལྟར་སྐྱོད་མཁན་གཙོ་བོ་ཞིག་ཚོགས་གཙོ་སྤེན་པ་ཚེ་རིང་ཆགས་ཡོད། དེར་བརྟེན་ཁོང་ཚོས་ལག་པས་རྙོབས་ས་དེ་ཚོགས་གཙོ་སྤེན་ཚེ་རང་བཞིན་གྱིས་ཆགས་ཡོད།

གོང་དུ་བཤད་པའི་གནད་དོན་དག་གི་ཁྲོད་ནས་ངས་ཚོགས་གཙོ་སྤེན་པ་ཚེ་རིང་ཤེས་སོང་ལ། ཤེས་པ་ཙམ་མ་ཡིན་པར་སེམས་ལ་ངེས་པ་རྙེད་ཡོད། དེའི་དབང་གིས་ཁོང་ད་ལོའི་ང་ཡི་སྲིད་སྐྱོང་ཡིན། ཕྲན་གྱི་འོས་ཤོག་གཅིག་པོ་དེ་ཡང་ཁོང་ལ་འཕེན་རྒྱུ་ཡིན། ངས་ཁོང་ལ་འོས་འཕངས་པ་དེ་བརྒྱ་ཆ་བརྒྱ་ནོར་མེད་ཅིང་། སྤྱི་བ་ལ་ཕན་པའི་ལས་ཀ་རླབས་ཆེན་ཞིག་ཡིན་པའི་ཡིད་ཆེས་ངང་གནས་ཡོད།

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

One thought on “ང་ཡི་ད་ལོའི་སྲིད་སྐྱོང་། ཁྱེད་ཡིན།

  1. བསྟན་འཛིན་བློ་གསལ།

    གོང་དུ་རྔ་བ་བློ་བརྟན་ལགས་ཀྱིས་གསུང་པ་ནང་བཞིན་གུས་པ་རང་ཉིད་ལའང་ཚོར་བ་དང་ཡེད་ཆེད་གསལ་པོ་བྱུང་།
    ལྷག་པར་དུ་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཁོང་གི་གལ་ཆེ་དོན་ཆེ་ཞིག་བརྗོད་དོན་ལ་རང་ཅག་བོད་མི་ཡོངས་ལ་ཤིན་ཏུ་ནས་བཀྲིན་ཆེ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཕྱག་ལས་གནང་རྒྱུ་ཡིན་པ་དང་ ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་ད་བར་བཀའ་སྤྱི་གཉིས་ཀྱི་ལས་དོན་ཐོག་སྐུ་ངལ་རིམ་པ་མང་པོའི་ཐོག་ནས་སྒྲིག་འཛུགས་ས་བརྟན་ཟོས་གནང་མཛད་པ་དེ་ལ་མུ་མཐུད་ནས་ལག་ལྟར་གནང་རྒྱུ་ཡིན་སྐོར་གསུང་པ་བཅས་ལ་ཡིད་རང་ངང་གུས་པ་ང་རང་གི་ནང་མི་ཡོངས་ནས་ཀྱང་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་མཆོག་ལ་འོས་ཤོག་འཕེན་རྒྱུ་དང་ ཁོང་གི་སྤྱི་ཕན་གྱི་ལས་དོན་རྣམས་བསམ་དོན་ཡིད་བཞིན་བསྒྱུབ་པའི་ཆེད་དཀོན་མཆོག་གསུམ་ལ་གསོལ་སྨོན་ཞུ་རྒྱུ་ཡིན།། བཀྲིས་བདེ་ལེགས།།།

བརྙན།

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

པད་མ་ཚེ་བརྟན། སྐུ་ཚེ་བརྟན་དགོས།
བློ་རབ། རིག་པ། (༠)
ཚོགས་གཙོ་མཆོག ཐེངས་གཅིག་ཀློགས་རོགས།
བློ་རབ། རིག་པ། (༢༣)
དེ་ལས་མང་།

རིག་པ་གསར་ཤོས།

བློ་གྲོས་རང་བརྟན།
རྩིབས་རི་རྒོད་ཕྲུག
ཆབ་མདོ་ངག་ཕུན།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༨)
  • སྤྱིའི་མཆན་གྲངས། (༤༣)
  • སྤྱིའི་ཀློག་གྲངས། (༩༤༦)