བློ་རབ། རིག་པ།(༠)

རྔ་བ་བློ་བརྟན།

ད་ནི་བལྟས་ཀྱིན་བལྟས་ཀྱིན་རྒྱ་གཞུང་གི་མིག་ལམ་ན། བོད་མི་འཇོན་ཐང་ཅན་དང་། ཤེས་ཡོན་ཅན། རྒྱལ་སྤྱི་ལ་ཕྱོགས་པའི་མི་ཞིག་ཡོད་མི་ཆོག་པ་འདྲ། བོད་རྒྱ་ཡིག་རིགས་གཉིས་ཀྱིས་སྒྲུང་གཏམ་དང་འཁྲབ་གཞུང་རྩོམ་པ་པོ་དང་། གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པད་མ་ཚེ་བརྟན་ཟླ་འདིའི་ཚེས་25 ཉིན་ཟི་ལང་གནམ་ཐང་ནས་བཙན་ཁྲིད་ཀྱིས་བཅར་རྡུང་བྱས་ཏེ་སྨན་ཁང་དུ་བསྐྱལ་འདུག

པད་མ་ཚེ་བརྟན་ལགས་ནི་རྒྱལ་སྤྱིར་ཕྱོགས་པའི་བོད་མི་གློག་བརྙན་འཁྲབ་ཁྲིད་པ་གཅིག་བུ་དེ་ཡིན་ཞིང་། ཁོང་གི་གློག་བརྙན་བརྩམས་ཆོས་དག་ལ་རྒྱལ་སྤྱི་ནས་བྱ་དགའ་རིམ་པ་མང་པོ་ཐོབ་ཡོད། ཁོང་གི་གློག་བརྙན་དག་གིས་ད་ལྟའི་བོད་དུ་འབྱུང་བཞིན་པའི་ཕྱི་ནང་གི་འགྱུར་འགྲོས་དག་གཞིར་བཟུང་སྟེ། སྒྱུ་རྩལ་མཚོན་ཐབས་ཐད་ནས་ཚད་མཐོན་པོར་སོན་ཡོད་པར་རྒྱལ་སྤྱིའི་ཆེས་མཁས་ཚོས་རྗོད་ཀྱིན་ཡོད།

ཁོང་གི་སློབ་སྦྱོང་གི་བརྒྱུད་རིམ་དག་བོད་པའི་རིག་གཞུང་དང་གོམས་གཤིས། ཁོར་ཡུག་དང་ཁ་བྲལ་མེད་ཅིང་། མི་རིགས་འདིའི་བསམ་བློའི་གཏིང་ན་གནས་པའི་འོག་རྒྱུ་ཞིག་དམ་པོར་བཟུང་སྟེ། བརྩམས་ཆོས་ཁྲོད་མཚོན་ཐབས་བྱས་འདུག་སེམས་ལ། དེ་ནི་བོད་མི་ཡིན་པ་གང་ཞིག་ལ་བོད་པའི་རིག་གཞུང་གི་བག་ཆགས་སྲབ་སྲབ་ལས་མེད་པ་དག་གིས་ལས་སླ་བོ་གོ་བ་ལེན་ཐུབ་པ་ཞིག་མ་རེད་སྙམ།

པད་མ་ཚེ་བརྟན་ནི་མི་གཤིས་འཇམ་པོ་དང་མི་ལྷོད་པོ་ཞིག་དང་། ཤེས་ཡོན་དང་འཇོན་ནུས་གང་ཐད་ནས་ཚད་ངེས་ཅན་དུ་བསླེབས་ཡོད་ནའང་། ཁོང་གི་གཏམ་བཤད་དང་ཀུན་སྤྱོད་དག་མཐོང་ན། ང་རྒྱལ་མེད་ཅིང་གཉོམ་ཆུང་ཚུལ་མཐུན་གྱི་གཤིས་ཀ་དེ་མཐོང་ཡོང་དུས། ” ཐོས་རྟགས་ཞི་ཞིང་དུལ་བ ” ཟེར་བའི་བོད་པའི་སྲོལ་རྒྱུན་གྱི་རིག་གཞུང་གི་གོམས་གཤིས་དེ་རང་རེད་བསམ་མྱོང་ལ། དེ་འདྲའི་བོད་མིའི་རིག་གཞུང་གིས་བསྐྱེད་པའི་བཟང་བོའི་རིན་ཐང་དག་ཉར་ཐུབ་ཡོད་ཁར། དེང་རབས་ཤེས་ཡོན་གྱིས་མཐའ་བརྒྱན་ཡོད་པ་དེས། ཁོང་གཞན་དང་ལོགས་སུ་བཀལ་ཡོད་པ་མ་ཟད། ཁོང་གི་གློག་བརྙན་དག་ཀྱང་རྒྱལ་སྤྱིའི་ཁྲོད་མ་འདྲ་ས་ཡོང་ས་གཙོ་བོ་འང་དེ་རེད་སྙམ། གང་ལྟར་ཁོང་དང་ཁོང་གི་བརྩམས་ཆོས་གཉིས་ཆུ་ལ་ཆུ་བཞག་པ་ཡིན་པ་བསྙོན་དུ་མེད།

ཁོང་གི་གློག་བརྙན་བརྩམས་ཆོས་དག་རྒྱ་ནག་རྒྱལ་ཁབ་རིམ་པའི་གློག་བརྙན་ཞིབ་གཤེར་ཁག་བརྒྱུད་དེ། འགྲེམས་སྤེལ་ཆོག་པའི་ཆོག་མཆན་ཐོབ་པ་ཤ་སྟག་རེད། དེར་བརྟེན་ད་བར་རྒྱལ་སྤྱིའི་གློག་བརྙན་འགྲན་བསྡུར་དུས་སྟོན་སྣ་མང་ལ་ཞུགས་ཐུབ་པ་བྱུང་བ་རེད། དེ་ལྟར་མིན་ན་གནའ་ཞིག་ནས་ཁོང་དང་ཁོང་གི་གློག་བརྙན་དག་མིའི་རིགས་ཀྱི་སྤྱན་ལམ་དུ་བསྟར་ཐུབ་ཡོད་ཀྱི་མ་རེད།

པད་མ་ཚེ་བརྟན་གྱི་ཆག་སྒོ་དེར་ཕྱོགས་གཉིས་ནས་བལྟ་ཆོག་སྟེ། གཅིག་གནམ་ཐང་གི་གནས་ཚུལ་དང་འབྲེལ་ཏེ་ཁ་རྩོད་བྱས་པར་པད་མ་ཚེ་བརྟན་ལ་ལག་མ་འཁེལ་བས། སྐབས་ཐོག་གི་ལས་བྱེད་པས་ཁྲིམས་མེད་ལུགས་ཀྱིས་བཀག་ཉར་བྱས་པ་ཡིན་ནམ། གཉིས་པ་རྒྱ་གཞུང་གི་མིག་ལམ་ན་ཁོང་འགྲོ་ཡི་མེད་པ་གཞིར་བཞག དེ་སྔོན་ནས་ཁོང་གི་བརྩམས་ཆོས་ནས་འགྲོ་འདུག་སྤྱོད་གསུམ། ཐ་ན་སྐད་ཆ་ག་འདྲ་ཤོད་ཀྱིན་ཡོད་མེད་སོགས་སྲུང་སྲུང་ལ་བསྡད་ཡོད་ངེས་ཡིན་པ་དང་། གནམ་ཐང་ལ་གོམ་པ་སྤོ་སྟངས་དེ་སྒྲིག་ཁྲིམས་དང་འགལ་བར་བཤད་པ་དེ་ཁ་གཡར་ས་ཙམ་ལས་འཛིན་བཟུང་གི་དམིགས་ཡུལ་སྔོན་ནས་ཡོད་སྲིད།

རྒྱ་གཞུང་ལ་བོད་མི་ཁྱད་འཕགས་ཤིག་ཡོད་མི་ཆོག་པ་ཡིན་ནམ། པད་མ་ཚེ་བརྟན་དྲག་རྡུང་གིས་ཀླད་པ་སྐྱོན་ཅན་དང་ལུས་པོ་ནད་པར་བཟོས་ཏེ། ཕྱིན་ཆད་སྒྱུ་རྩལ་གྱི་ལམ་ཁ་དེར་བསྐྱོད་པར་འགོག་རྐྱེན་བཟོ་བཞིན་མེད་དམ། ད་བར་དུ་ཁོང་གི་སྒྱུ་རྩལ་གྱི་བརྩམས་ཆོས་རེ་རེས་མི་རིགས་ཤིག་གི་གཤིས་སྤྱོད་བསྣམས་ཏེ་རྒྱལ་སྤྱིར་ཕེབས་ཤིང་། རྒྱལ་སྤྱི་ནས་དོ་སྣང་དྲངས་ཏེ་བོད་ཡུལ་ལ་རིན་ཐང་གི་ལྟ་སྟངས་མ་འདྲ་བ་ཞིག་བསླེབས་བཅུག་ཡོད། ཕྱི་ནས་བསླེབས་པའི་ལྟ་སྟངས་དེས་རྒྱ་གཞུང་ལ་ཁྲག་ཤེད་རྒྱས་པ་ཡིན་ནམ། གལ་ཏེ་རྒྱ་གཞུང་པད་མ་ཚེ་བརྟན་ལ་ཞེད་ཀྱི་ཡོད་ན། ཞེད་ས་དེ་ཁོང་གི་རྣམ་དཔྱོད་དང་བརྩམས་ཆོས་ལས་མ་འདས།

ང་ནི་པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་༼ཁ་བ་མེད་པའི་དགུན་ཁ ༽ ནས་འགོ་བཙུགས་ཏེ་སྒྲུང་རྩོམ་ནས་གློག་བརྙན་དང་། ཐ་ན་ཁོང་ལ་བཅར་འདྲི་བྱས་པ་ཡན་མཐོང་ཚད་གཅིག་ཀྱང་མ་ལུས་པར་བཀླགས་ཤིང་བལྟས་པའི་མི་ཞིག་གི་ངོས་ནས། ཁོང་གི་མགོ་ལ་ལྷུང་བའི་གོད་ཆག་དེ་གོ་མ་ཐག་སེམས་ལ་འཁོར་བ་དག་གང་བྱུང་དུ་བྲིས་པའོ།།

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

བརྙན།

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

པད་མ་ཚེ་བརྟན། སྐུ་ཚེ་བརྟན་དགོས།
བློ་རབ། རིག་པ། (༠)
ཚོགས་གཙོ་མཆོག ཐེངས་གཅིག་ཀློགས་རོགས།
བློ་རབ། རིག་པ། (༢༢)
ང་ཡི་ད་ལོའི་སྲིད་སྐྱོང་། ཁྱེད་ཡིན།
བློ་རབ། རིག་པ། (༡)
དེ་ལས་མང་།

རིག་པ་གསར་ཤོས།

ཆབ་མདོ་ངག་ཕུན།
མགར་འཇམ་དབྱངས་།
འཇམ་དཔལ་ཚུལ་ཁྲིམས།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༧)
  • སྤྱིའི་མཆན་གྲངས། (༣༧)
  • སྤྱིའི་ཀློག་གྲངས། (༩༣༡)