བློ་རབ། རིག་པ།(༩)

ཡ་མཚན་པ་ཞིག་ལ་མི་ཁ་ཤས་བོད་ནས་བཙན་བྱོལ་དུ་བསླེབས་ཏེ། ཀ་ངོ་ཡིག་ངོ་ཕྲན་བུ་རེ་ཤེས་སོང་ན། མི་ཤེས་ཤེས་མདོག་དང་མི་འཇོན་འཇོན་མདོག་གིས་ཆབ་སྲིད་ལ་ཇུས་གཏོགས་བྱེད་ཅིང་། རེ་འགའ་ནི་ཕ་ཡུལ་གྱི་ལུག་རྫི་ཞིག་གི་ས་ནས་བཙན་བྱོལ་དུ་སྤྱི་འཐུས་ཆགས་ནས་ཡོད། བཙན་བྱོལ་དུ་མི་དེ་མ་གཏོགས་མེད་སོང་བ་གང་ནས་ཡིན་ཡང་། མི་སྐོར་ཞིག་ལ་དེ་མ་གཏོགས་གཞན་ཞིག་གཏད་ནས་མི་དགོས་པ་དེ་རེད།

ཉེ་བའི་གྲོས་ཚོགས་ཚོགས་ཁང་དུ། བསྟན་པ་ཡར་འཕེལ་གྱིས་གནས་ཆུང་ཐད་རྙོག་བཤད་དང་། དགའ་ལྡན་ཕོ་བྲང་གིས་སྲོང་བཙན་གཟེངས་རྟགས་སྤྲད་སོང་ཞེས་བྱུང་རྒྱལ་གྱི་སྐད་ཆ་དག་ནི་སྨྲ་བརྗོད་རང་དབང་ཟེར་བའི་འོག་ནས་བཙན་འཛུལ་དང་བརྙས་བཅོས་རེད། སུ་ལ་བཙན་འཛུལ་རེད་ལབ་ན། གོང་ས་མཆོག་དང་ཁོང་གི་ཡིག་ཚང་། གོང་ས་མཆོག་སྐུ་ཕྲེང་རིམ་པར་ཧ་ཅང་འདྲེས་གཤིབ་ཟབ་པའི་ཆོས་སྐྱོང་གནས་ཆུང་བཅས་ལ་རེད། གོང་ས་མཆོག་ལ་ཐད་ཀར་སྐྱོན་བརྗོད་བྱེད་ཐབས་དབེན་སོང་དུས། ཁོང་གི་ཐག་ཉེ་བ་དག་ལ་འདྲ་མིན་བཤད་དེ། གོང་ས་མཆོག་ལ་ལག་བསྙོབ་བྱེད་སྟངས་ཤིག་རེད།

དོན་དམ་པར་ཅི་ཞིག་བཤད་ན་ཡང་། གོང་ས་མཆོག་ནི་དགེ་སློང་འདུལ་འཛིན་ཞིག་རེད། ཁོང་གི་མཚན་སྙན་གྱིས་ས་གཞི་སྒུལ་བཞིན་པ་དེ་ཡང་། ཁོང་གི་ཕུལ་ཏུ་བྱུང་བའི་ཤེས་རབ་དང་། བླ་ན་མེད་པའི་བྱམས་བརྩེ། ཉེ་རིང་མེད་པའི་ཐུགས་གཤིས་བཅས་ལས་བྱུང་བ་རེད། དེ་མིན་ཁོང་གི་རྒྱབ་ལ་རྒྱལ་ཁབ་ཆེན་པོ་དང་དཔལ་འབྱོར་འབོར་ཆེན། དམག་དཔུང་སྟོབས་ཆེན་སོགས་ཅི་ཡང་མེད་པ་ཤེས་གསལ་རེད། དེ་ལྟའི་གནས་སྟངས་འོག་ནས་བསྟན་པ་ཡར་འཕེལ་ལ་བལྟས་ན། ཁོའི་བྱེད་སྟངས་དེ་ནི་གོང་ས་མཆོག་ལ་བཙན་འཛུལ་དང་བརྙས་བཅོས་རང་རེད།

ཁོས་གོང་ས་མཆོག་ལ་བཙན་འཛུལ་དང་བརྙས་བཅོས་བྱས་པ་དག་ལ། སྨྲ་བརྗོད་རང་དབང་རེད་ཟེར་ནས་ཅིག་འགྲིག་གི་རེད་མདོག་མདོག་ཤོད་མཁན་སྐོར་ཞིག་ཡོད་ཚོད། སྨྲ་བརྗོད་རང་དབང་ཟེར་ནས་གཉོམ་ས་དག་ལ་བཙན་འཛུལ་དང་བརྙས་བཅོས་བྱེད་ཆོག་གམ། སྨྲ་བརྗོད་རང་དབང་ཟེར་ནས་མི་ལ་མ་ཉེས་ཁ་གཡོག་བྱེད་ཆོག་གམ། སྨྲ་བརྗོད་རང་དབང་ཟེར་ནས་སྤྱི་ཚོགས་དཀྲུགས་ཤིང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ལ་འགོག་རྐྱེན་བཟོ་ཆོག་གམ། ཁྲིམས་ཀྱིས་དབང་བསྒྱུར་ཆ་ཚང་ཡོད་པའི་ལུང་པ་ཞིག་ནས་མི་ལ་བཙན་འཛུལ་དང་བརྙས་བཅོས་ཀྱི་སྐད་ཆ་བཤད་དེ། ངས་སྨྲ་བརྗོད་རང་དབང་བེད་སྤྱད་པ་ཡིན་ཞེས་ཤོད་དང་། ལན་དུ་ལག་པ་རྒྱབ་ལ་བསྡོམས་ཏེ་ཉེན་རྟོག་པས་ཁྲིད་དེ་འགྲོ་རྒྱུ་ལས་གཞན་མེད། རྒྱུ་མཚན་ནི་ཁྱོད་ཀྱི་ངག་ཐོག་ནས་གཞན་ལ་བཙན་འཛུལ་དང་བརྙས་བཅོས་བྱས་པས་རེད་ལ། སྨྲ་བརྗོད་རང་དབང་ལོག་པར་སྤྱད་པས་ཀྱང་རེད།

ད་ནི་བཙན་བྱོལ་དུ་གྱི་སྤྱི་ཡི་སྡིངས་ཆ་བེད་སྤྱད་དེ་སྒེར་འཁོན་སློག་པ་དང་། གོང་ས་མཆོག་དང་ཁོང་གི་ཉེ་འཁོར་ལ་བཙན་འཛུལ་དང་བརྙས་བཅོས་བྱེད་པ། བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་རྡོག་རོལ་གཏོང་མཁན་ཚོ་མདུན་ན་ཐོན་ཏེ། ང་ལས་ལྷག་པའི་དཔའ་བློ་ཁོག་ཅན་ཞིག་མེད། ཡོད་ན་ཤོག་དང་མདའ་གྲི་མདོང་གསུམ་གྱིས་འཛིང་ཆོག་ཆོག་ཡིན་པའི་རྣམ་པ་སྤྱི་ཡི་གྲོས་རྭ་ན་སྟོན་གྱིན་འདུག འདི་དག་ནི་བོད་མི་ཚོ་སྐྱབས་བཅོལ་བ་ཞིག་ཡིན་པའི་གནས་བབ་ལ་གཞིགས་ནས་ནང་ཁུལ་ནས་བརྙས་བཅོས་དང་ཐུབ་ཚོད་རེད། མདོང་ཁ་ནང་བསྐོར་བ་འདི་དག་ནི་” ཕྱིའི་དགྲ་མི་ཐུབ་ཀྱང་ནང་གི་གཉེན་ཐུབ” ཟེར་བ་དེ་རེད།

མང་གཙོའི་སྤྱི་ཚོགས་ནི་བསམ་ཚུལ་དང་ལྟ་གྲུབ་འདྲ་མིན་གྱིས་གྲུབ་པ་ཞིག་ཡིན་ལ། དེ་ནི་སྤྱི་ཚོགས་དེར་མཉམ་གནས་དང་མཐུན་སྒྲིལ། མདུན་སྐྱོད་དང་གོང་འཕེལ་གྱི་ཆེད་དུ་རེད། ང་ཚོས་སྤྱི་ཚོགས་སུ་དེང་རབས་མང་གཙོའི་ལམ་ལུགས་ཀྱི་རྒྱུན་ཤེས་ཙམ་ཡང་མེད་མཁན་འགས། མང་གཙོ་དེ་མཉམ་གནས་ལ་འགོག་རྐྱེན་དང་། མཐུན་སྒྲིལ་ལ་གཏོར་བཤིག རྩ་དོན་ལ་བར་ཆད་བཅས་ཀྱི་ཆེད་དུ་སྤྱོད་ཀྱིན་འདུག གཅིག་བྱས་ན་མི་དེའི་རིགས་ལ་ཁག་ཅི་ཡོད་སྙམ། ཕ་ཡུལ་གྱི་ལུག་རྫི་ཞིག་བཙན་བྱོལ་དུ་སྤྱི་འཐུས་ཆགས་སོང་ན་ཡོང་རྒྱུ་དེ་ལས་གཞན་ཅི།

བཙན་བྱོལ་དུ་འདས་པའི་ལོ་འགའ་ནས་བཟུང་། མི་སྐོར་ཞིག་གིས་མུ་མཐུད་དུ་གོང་ས་མཆོག་ལ་ཟུར་ཟ་དང་། དེ་མིན་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་ལངས་ཕྱོགས་ལ་སྐྱོན་བརྗོད། བོད་མིའི་མཐུན་སྒྲིལ་ལ་ཉེན་ཁ་ཡང་ཡང་བཟོ་བཞིན་ཡོད་ཅིང་། ཕར་བལྟས་ཚོད་ལ་ཁོང་ཚོ་སྨྲ་བརྗོད་རང་དབང་དང་མང་གཙོ་ཟེར་བའི་ཚིག་ཆེན་འོག་བསྡད་ཡོད་ཀྱང་། དོན་ལ་ཁོང་ཚོས་སྨྲ་བརྗོད་རང་དབང་དང་། མང་གཙོ་་དེ་བོད་པའི་སྤྱི་ཚོགས་འདི་ཁ་འཐོར་དགུ་འཐོར་དུ་གཏོང་བྱེད་ཀྱི་ལག་ཆ་རྩ་ཆེན་ཞིག་ཏུ་འགྱུར་གྱིན་ཡོད།

བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུས་གོང་ས་མཆོག་ལ་ཟུར་ཟ་དང་། འདྲ་མིན་བཤད་པ་དག་ལ་ཞི་བའི་ངོ་རྒོལ་བྱེད་ཀྱིན་ཡོད། དེ་ནི་ཁོང་ཚོས་བོད་དོན་དང་བོད་མི་མང་ལ་ཤ་ཚ་སྟངས་ཤིག་ལས་ཆོས་དད་ཀྱི་དབང་དུ་སོང་བ་ཞིག་མ་རེད། བོད་ཀྱི་མ་འོངས་པའི་ཆེད་དུ་ཁོང་ཚོའི་སེམས་ལ་དངངས་སྐྲག་དང་བློ་འཚབ་ཡོད། རང་རིགས་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་དུས། མང་གཙོ་དང་རང་དབང་ཞེས་ག་ཚོད་བཤད་ནའང་དོན་ལ་གོང་ས་མཆོག་མ་གཏོགས་བོད་མིའི་གོང་བུ་གཅིག་ཏུ་བསྡོམ་ཐུབ་མཁན་ཞིག་མེད་པ་སེམས་ལ་གསལ་ཐེང་ངེར་རེད། བོད་མིའི་གོང་བུ་གཅིག་ཏུ་བསྡོམ་མ་ཐུབ་ན་རྒྱ་དམར་ལ་ཁ་གཏད་གཅོག་རྒྱུ་ཕར་ཟད། ཁ་གཏད་གཅོག་མཁན་ཁོ་རང་ཡང་ཁ་འཐོར་དུ་མི་འགྲོ་བའི་ངེས་པ་མེད། དེར་བརྟེན་གོང་ས་མཆོག་གི་ཕྱོགས་སུ་ལངས་པ་ནི་བོད་ཀྱི་མ་འོངས་པར་ཐུག་ཡོད་པ་ལས་དེ་ཕྱོགས་རེས་དང་ཞེན་ཁོག དད་ཞེན་བཅས་ཀྱི་གནད་དོན་ཞིག་གཏད་ནས་མིན་ཡང་། མི་སྐོར་ཞིག་གིས་ལངས་ཕྱོགས་དེར་སྨྲ་བརྗོད་རང་དབང་དང་མང་གཙོ། རང་བཙན། གྲོས་ཚོགས་ར་བ་བེད་སྤྱད་དེ་ཟུར་ཟ་དང་དམའ་འབེབས་བྱེད་ཀྱིན་ཡོད།

ཐ་ན་ཡོངས་གླིང་སློབ་གྲྭའི་གནད་དོན་དང་མཉམ་དུ་གོང་ས་མཆོག་དང་ཁོང་གི་ཡིག་ཚང་ཁྲིད་དེ་ལག་སྙོབ་བྱེད་ཀྱིན་པར་བལྟས་ན། སྤྱི་འཐུས་རེ་འགའ་ནས་བཟུང་མི་མང་དཀྱུས་མའི་ནང་ན་སྐོར་ཞིག་གིས་སྤྱི་ཚོགས་དཀྲུགས་ཏེ་ནང་ཁུལ་འགལ་ཟླ་བཟོ་རྒྱུའི་ལས་ཁོ་ནར་གཉེར་གྱིན་འདུག

  1. མཐའ་སྡོམ་ཏུ། ཚང་མས་རང་དོན་རང་གཅེས་ཀྱིས་སྨྲ་བརྗོད་རང་དབང་དང་མང་གཙོ་དེ་བོད་མིའི་རྩ་དོན་དང་མཐུན་སྒྲིལ། ཡར་རྒྱས་དང་ནང་ཁུལ་མཛའ་མཐུན་བཅས་ཀྱི་ཆེད་དུ་སྤྱོད་དགོས་པ་ལས་བཙན་འཛུལ་དང་བརྙས་བཅོས། མཐུན་སྒྲིལ་ལ་གཏོར་བཤིག་བྱེད་པའི་ལག་ཆ་ཞིག་ཏུ་འཁྱེར་མི་རུང་བའི་མང་གཙོའི་རྒྱུན་ཤེས་དེ་ལག་བསྟར་བྱེད་རོགས།

བསྐྱར་བཅོས།: ༢༠༡༧/༡༠/༠༥

Leave a Reply

9 thoughts on “ཕ་ཡུལ་གྱི་ལུག་རྫི། བཙན་བྱོལ་དུ་སྤྱི་འཐུས།

  1. ༄༅། བོད་ཀྱི་གཏམ་དཔེ་ཞིག་ལ། ཤེས་ཡོན་མེད་པའི་མི་དེ་དཔོན་ལ་བསྐོས་ན་་་་ཉལ་ཆའི་ནང་ལ་གཅིན་པ་གཏོང་རྒྱུ།
    ཤེས་ཡོན་མེད་པའི་མི་ལ་དབང་སྤྲད་ན་་་གནམ་ཁའི་སྐར་མ་ལའང་མཆོང་ཟེར་བ་ལྟར་།
    དམངས་གཙོ་རེད་ཟེར་ནས་སེམས་ནང་གང་ཤར་ཁ་ནས་བརྗོད་ན་དམངས་གཙོའི་རིག་ལམ་མ་ཤེས་པའི་རྟགས་རེད།
    དམངས་གཙོ་ལ་མདོར་བསྡུས་ཏེ་བཤད་ན་་་་གཉིས་ཡོད་། ལས་འགན་དང་་་རང་དབང་གཉིས་རེད། དམངས་ལ་ཕན་བདེ་སྒྲུབ་པའི་
    ལས་འགན་ཡོད་ན། དམངས་ལ་ཕན་པའི་རང་དབང་བཤད་ཆོག་པ་རེད། དེ་མིན་སྤྱི་ཚོགས་ལ་ཕན་གྱི་མེད་ན་ཁ་ནས་རང་དབང་རེད་
    ཅེས་བཤད་ཆོག་པའི་ཐོབ་ཐང་གང་ཡང་མེད་ལ་འདི་ནི་ཁྲིམས་འགལ་རེད།
    ཡིད་མ་ཆེས་ན་དམངས་གཙོའི་རིང་ལུགས་ཀྱི་རྩ་ཁྲིམས་ལ་ངེས་པར་བློབ་སྦྱོང་བྱེད་དགོས་པ་རེད།
    ཆོས་ཡང་དག་པ་ཞིག་ཤེས་འདོད་ན་སངས་བཅོམ་ལྡན་འདས་ཀྱི་གསུངས་པའི་མདོ་སྔགས་གཉིས་ཀྱི་རིག་པའི་གཞུང་ལ་བློབ་སྦྱོང་བྱེད་
    དགོས་པ་ལས་དེ་མིན་ཁ་བདེ་བོའི་ཐོག་ནས་ཚད་མའི་སྐོར་བཤད་ཐུབ་པའི་སྤོབས་པ་ཅི་ཡད་མེད།

  2. དོན་གྲུབ་བཟང་པོ།

    ལུག་རྫི་ལ་དེ་འདྲའི་མཐོང་ཆུང་བྱེད་སྟངས་ལ་བལྟས་ན། རྩོམ་པ་པོ་ཁྱེད་ཀྱང་རྩོམ་ཆགས་འགའ་འབྲི་ཤེས་པ་ཙམ་གྱི་མ་གཏོགས།ལུག་རྗི་བཙན་བྱོལ་སྤྱི་ཚོགས་ནང་སྤྱི་འཐུས་ཆགས་ཐུབ་པའི་འཇོན་ཐང་ཡོད་འདུག་པས།ཁྱེད་རང་སྤྱི་འཐུས་སླེབས་མ་ཐུབ་པ་ནི་རང་ལ་དངོས་གནས་འཇོན་ཐང་མེད་པའི་རྟགས་རེད།

  3. ཁྱེད་ཀྱི་རྩོམ་བྲིས་དེ་གོ་རྒྱུ་དོན་ལྡན་ཞིག་འདུག་ནའང་རྟག་ཏུ་སྤྱི་དོན་ཐོག་མདུང་ཁ་གཏད་མཁན་ཞིག་ཡིན་ན་ཁོ་ལ་རྣག་ཐོག་ཁབ་བཙུག་པ་དང་འདྲ་བས་བརྗོད་དོན་ཇི་ཙམ་ཟབ་ཀྱང་གང་ཟག་དེ་དག་གི་རྣ་བའི་བུ་གར་ཆུད་པ་ཀུན་མཁྱེན་རྒྱལ་བའི་དབང་པོས་མ་གཟིགས་པ་ལྟ་ཅི་སུན་གཟན་ཏུ་འགྱུར་བ་གདོན་མི་ཟའོ།། །།

  4. རྡོ་སེངྒེ།

    ལུག་རྫི་ལ་དེ་འདྲའི་མཐོང་ཆུང་བྱེད་སྟངས་ལ་བལྟས་ན། རྩོམ་པ་པོ་ཁྱེད་ཀྱང་རྩོམ་ཆགས་འགའ་འབྲི་ཤེས་པ་དང་། ཕ་ཡུལ་གྱི་ལུག་རྫིར་དམའ་འབེབ་གཏོང་རྐྱང་བྱས།བོད་ནང་གི་བོད་མི་ཚོའི་བརྒྱ་ཆའི་བརྒྱ་བཅུ་ཆུང་དུས་ལུག་རྫི་བྱས་མ་མྱོང་བ་མེད་བསམ།

བརྙན།

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

པད་མ་ཚེ་བརྟན། སྐུ་ཚེ་བརྟན་དགོས།
བློ་རབ། རིག་པ། (༠)
ཚོགས་གཙོ་མཆོག ཐེངས་གཅིག་ཀློགས་རོགས།
བློ་རབ། རིག་པ། (༢༤)
དེ་ལས་མང་།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༩)
  • སྤྱིའི་མཆན་གྲངས། (༥༡)
  • སྤྱིའི་ཀློག་གྲངས། (༡༧༡༨)