ཕུན་ཚོགས ། རིག་པ།(༠)




བོད་ཀྱི་བསང་གསོལ་སྐོར་ལ་རགས་ཙམ་དཔྱད་པ།







 དཔེ་བཀླགས་ཟིན་ཐོ།







དང་པོ། བསང་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་དཔྱད་པ།

ཐོག་མར་བསང་ཞེས་པའི་ཐ་སྙད་འདི་ལ་སྒྲ་བཤད་ཙམ་ཀྱི་གོ་བ་བླངས་ན། བསང་ནི་ཚིལ་དྲེག་དང་མི་གཙང་བའི་རིགས་བསང་བ་སྟེ་དག་པར་བྱས་པའི་དོན་ཡིན་ཞིང་ཚིག་མཛོད་དག་ལས་ཀྱང་བསང་ནི་དངོས་རྫས་ཀྱི་ཐོག་ལ་ཆུ་སོགས་གཏོར་ནས་དྲི་མ་དག་པར་བྱས་པའི་དོན་ཏེ། ཆུ་གཏོར་ནས་ལུས་ཀྱི་དྲི་མ་བསང་བར་བྱ། མྱུ་གུ་ཆར་གྱིས་བསངས་ནས་ས་རྡུལ་དག་ཅེས་སོགས་བཀོད་ཡོད། དོན་ནི་རྫས་མི་གཙང་བ་རྣམས་དག་པར་བྱེད་ཅིང་འབག་བཙོག་དང་རྫད་སྐྱོན་སོགས་སེལ་བར་བྱེད་པའི་ཆོ་གའམ་བྱེད་ཐབས་ལ་བསང་ཞེས་བསྡུས་ཚིག་གཅིག་གིས་གསལ་བར་བྱས་པ་ཞིག་དང༌། སྣོད་བཅུད་འཇིག་རྟེན་ཀྱི་ཁམས་ལ་འབྱུང་བ་ལྔའི་འདུ་བ་མ་སྙོམས་པར་འཁྲུག་པར་བྱེད་པའི་རྫས་ངན་རྣམས་དག་ཅིང་བསང་བར་བྱེད་པའི་ཆོ་ག་ཞིག་ལ་བསང་ཞེས་བཏགས་པ་འདྲ། མཁས་དབང་དུང་དཀར་རིན་པོ་ཆེའི་གསུང་རྩོམ་ཕྱོགས་བསྒྲིགས་པོད་བཞི་བར། བསང་གསོལ་གནང་སྟངས་འདི་བཞིན་གནའ་བོའི་བོད་ཀྱི་རིག་གནས་དང་འདུ་ཤེས། བག་ཆག་བཅས་ལ་ཁུངས་གཏུགས་ཏེ་འགྲེལ་བཤད་དོན་འཁྱོལ་བྱེད་ཐུབ་པའི་རིག་གནས་ཤིན་ཏུ་མང་མོད། བསང་གསོལ་ཞེས་པའི་བརྡ་ཆད་འདི་ལ་དམིགས་བསལ་ཀྱི་གོ་དོན་ཁྱད་པར་ཞིག་ཡོད་ངེས་ཅན་ཡིན་ཞེས་གསུངས་པ་དང༌། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནས། བསང་ནི་བོད་རིགས་ཀྱི་ལྷ་གསོལ་བའི་བྱེད་སྒོའི་ནང་མེད་དུ་མི་རུང་བའི་ཆ་ལག་ཅིག་ཡིན། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་གཙོ་བོ་མི་ཡུལ་གྱི་བཙོག་གྲིབ་རྣམས་སེལ་ནས་ལྷ་སྤྱན་འདྲེན་པའི་ཆོ་ག་ཞིག་ཡིན་པར་གསུངས། ཞེས་དང༌། བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས་མཛད་པའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་ལས། དེང་དུས་བན་བོན་གཉིས་ཐུན་མོང་ལ་ཤིན་ཏུ་གྲགས་ཆེ་བའི་སེལ་སྒོ་ནི་བསང་གི་རིགས་ཤིག་ཡིན་ཞིང༌། བསང་དང་ཁྲུས་ཀྱི་སེལ་སྒོ་དེ་དག་ལས་བརྩམས་ཏེ་སེལ་གྱི་རིག་པ་ལ་བསམ་གཞིག་འགའ་ཞིག་བྱས་པ་ཡིན་ན་སེལ་གྱི་སྒོར་ངེས་ཤེས་གསལ་བོ་རྙེད་དེ། ད་གཟོད་སེལ་ཞེས་བྱ་བའི་དགོངས་པ་དངོས་མ་གང་ཡིན་ལ་གོ་བ་གཏིང་ནས་ཆགས་ཐུབ་པ་ཞིག་ཡོང་ངེས།       ཚུལ་དེའི་སྒོ་ནས་སེལ་གྱི་གོ་དོན་དངོས་ལ་ཅུང་ཟད་དཔྱད་ན། ཐོག་མར་སེལ་ཞེས་བྱ་བ་དེའི་སེལ་བྱ་གང་ཡིན་པ་དང༌། སེལ་བྱེད་གང་ཡིན་པ་འདི་གཉིས་ལ་ངེས་པ་ཅུང་ཟད་རེ་རྙེད་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་མཐོང༌། སེལ་བྱ་ནི་མནོལ་གྲིབ་སོགས་མི་གཙང་བའི་རིགས་རྣམས་ཏེ། མནོལ་གྲིབ་ཀྱི་གཞིའི་རྩ་བའི་འབྱུང་ཁུངས་ཇི་ལྟར་ཡིན་པའི་ཚུལ་ནི། དུག་ཕྱུང་འབར་བ་ནག་པོ་ལས། སྔོན་གྱི་བསྐལ་བ་དང་བོ་ལ། །མ་རིག་མུན་པའི་ཀློང་དཀྱིལ་ན། །དུག་གསུམ་རྨོངས་པའི་ཕྲག་དོག་དར། །གཏི་མུག་མ་རིག་རྨོངས་པའི་དུག །འདོད་ཆགས་འཁོར་བ་ལུས་ལེན་དུག །ཞེས་སོགས་གསུངས་བར་གཞིགས་ཏེ་མནོ་བསམ་ཞིབ་ཏུ་བཏང་ན། བསང་གསོལ་གྱི་གོ་དོན་ངོ་མ་ནི་སེལ་བྱེད་ཅེས་བའི་དོན་དང༌། མི་གཙང་བ་རྣམས་སེལ་བ་དང་གཙང་བར་བྱེད་པའི་དོན་དང༌། རང་བྱུང་ཁམས་ལ་ངེས་པར་གནོད་པ་སྟེ་མི་དང་སེམས་ཅན་གཞན་བར་དང༌། ནང་སེམས་ཅན་དང་ཕྱི་སྣོད་ཀྱི་ཁོར་ཡུག་བར། ཕྱི་སྣོད་ཀྱི་ཁོར་ཡུག་དང་འབྱུང་བའི་འདུ་སྙོམས་བར་གྱི་འབྲེལ་བ་སོགས་ལ་གནོད་པའི་དུག་གསུམ་གྱི་མནོལ་གྲིབ་ཅེས་པ་ཞིག་ཡོད་པར་ངོས་འཛིན་བྱས་ཤིང༌། མནོལ་གྲིབ་དེ་ཉིད་ཀྱིས་བར་སྣང་དང་འབྱུང་བ་བཞི་ལ་གནས་པའི་ལྷ་དང་གཉན། ཀླུ་སོགས་ལ་མནོལ་གྲིབ་ཕོག་ཏུ་བཅུག་པས་ལྷ་རྣམས་ཁྲོས་ཤིང་མ་མཉེས་པའི་དབང་གིས་ཡུལ་ཁམས་འཁྲུག་ཅིང་འཚོ་ཁམས་མ་བདེ་བ་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅིང༌། མནོལ་གྲིབ་དེ་རིགས་སེལ་ཞིང་ལྷའི་དགོངས་པ་དྭངས་པར་བྱེད་པའི་ཆོ་གའམ་ཐབས་ལམ་ཞིག་ལ་བསང་ཞེས་གོ་བཞིན་ཡོད་པ་འདྲ། བསང་གསོལ་ཞེས་པའི་གོ་བ་ལ་ཚིག་འགྲེལ་ཙམ་གྱིས་ཀྱང་གསང་གསོལ་གྱི་ཐོག་མའི་དགོངས་པ་དང་དམིགས་ཡུལ་སོགས་ལ་ཁོར་ཡུག་གི་གནད་དོན་དང་འབྲེལ་བའི་དགོངས་པ་གཏིང་ཟབ་ཡོད་པར་ཚོད་དཔག་དང༌། ཡང་ན་ཡིད་ཆེས་བྱ་ཆོག་པ་ཞིག་ཡིན་པ་གཤམ་གསལ་དོན་ཚན་དག་ལས་གསལ་བོ་མངོན་ཡོང༌།

གཉིས་པ། བོད་དུ་བསང་གསོལ་གྱི་ཆོ་ག་དུས་ནམ་ཞིག་ལ་དར་རམ།

བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་སུས་ཀྱང་ད་སྔ་བོད་དུ་བསང་གཏོང་བའི་གོམས་སྲོལ་འདི་དར་ཏེ་ལོ་ངོ་ག་ཚོད་སོང་ཡོད་མེད་ལ་གཅིག་ཐུབ་ཀྱི་ཐག་གཅོད་གནང་ཡོད་པ་ཞིག་མཐོང་ཐོས་སུ་མ་གྱུར་མོད། བསང་གསོལ་གྱི་ཆོ་ག་འདི་བཞིན་བོད་ཀྱི་བཙན་པོའི་རྒྱལ་རྒྱུད་རྣམས་ཀྱི་གོང་གི་གདོད་མའི་བོད་ཀྱི་རིག་གཞུང་དང་གོམས་སྲོལ། འདུ་ཤེས་སོགས་དང་འབྲེལ་བ་ཤིན་ཏུ་ཟབ་པའི་གནའ་རབས་བོད་ཀྱི་གོམས་སྲོལ་ཁྱད་པར་བ་ཞིག་ཡིན་པ་ལ་མཁས་པ་དུ་མས་ཁས་ལེན་ཞིང༌། ལྷག་ཏུ་བོད་ཀྱི་གཉུག་མའི་རིག་གཞུང་དང་ཆོས་ལུགས་ཀྱི་འདུ་ཤེས་ཁྱད་པར་པ་ཞིག་ལ་བརྟེན་ནས་དར་བའང་ཁས་ལེན་བྱེད་ཀྱིན་ཡོད།

ལོ་རྒྱུས་གཡུ་ཡི་འཕྲེང་བ་ལས། བསང་མཆོད་བྱེད་ལུགས་འདི་ཕལ་ཆེར་སྟོན་པ་གཤེན་རབ་མི་བོ་ཆེ་མ་བྱོན་གོང་དུ་ལོ་བརྒྱ་ཕྲག་མང་པོའི་སྔོན་རོལ་ནས་བྱུང་བ་ཞིག་ཡིན་སྲིད་ཀྱི་རེད། ཅེས་དང༌། བོན་གཞུང་རྣམས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་སྟག་གཟིགས་འོལ་མོ་ལུང་རིང་གི་ཡུལ་དབུས། སྐུ་མཁར་བར་པོ་སོ་བརྒྱད་དུ་ཡབ་དམུ་རིགས་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་ཕྱི་ལོའི་སྔོན་ཀྱི་མི་ལོ༡༦༠༡༧ལ་སྐུ་འཁྲུངས་ཚུལ་བཞེད་པ་དང༌། མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས་སྟོན་པ་ཁོང་ཉིད་ཕྱི་ལོའི་སྔོན་ཀྱི་མི་ལོ་གཅིག་སྟོང་ལྷག་གི་སྔོན་ལ་འཁྲུངས་ཚུལ་སོགས་བཞེད་པ་གཅིག་ཆོད་ཅིག་མ་མཐོང་ཡང༌། གོང་དུ་བཤད་པ་ལྟར་བསང་གསོལ་གྱི་གོམས་སྲོལ་འདི་ཉིད་སྟོན་པ་གཤེན་རབ་མི་བོ་ཆེ་མ་བྱོན་གོང་ནས་དར་བར་ཆ་བཞག་ན། མ་མཐའ་ཡང་མི་ལོ་སྟོང་ཕྲག་གསུམ་ལྷག་གི་ལོ་རྒྱུས་ཡོད་པ་ནི་ཐག་གིས་གཅོད་པ་ཐུབ་པར་ཡིད་འཕེར་བྱ་ཆོག་པ་ཞིག་ཏུ་སེམས། ཡང་བོན་གྱི་ཡོངས་རྩེའི་འགྲེལ་བ་ཞེས་པ་ལས་གཉའ་ཁྲི་བཙན་པོ་ལྷ་ཡུལ་ནས་བྱོན་ཚུལ་གླེང་སྐབས། ལྷའི་སྐུ་བོན་ཡ་ང་དང༌། མཚེ་མི། ཙོ་མི་གསུམ་མཉམ་དུ་མངགས་པར་ཡབ་ཀྱི་ཞལ་ནས༌། གནམ་ལྷ་དོ་ལ་གཤེགས་པ་ན། མི་ཡུལ་བཙོག་དང་ནལ་ཆེ་བས། ཡ་ངལ་གྱིས་སྣ་དྲོངས་ཤིག མཚེ་མིས་སྐུ་ཡི་གཡས་རྟེན་ཅིག ཙོ་མིས་སྐུ་ཡི་གཡོན་རྟེན་ཅིག ཡ་ངལ་གྱིས་སེལ་དང་བསང་གྱིས། ཞེས་སོགས་བསྟན་འདུག་པའི་ཚུལ་གང་ལ་བསམ་ནའང་བསང་གསོལ་བྱེད་སྟངས་འདི་ནི་བོད་ཀྱི་གདོད་མའི་དུས་ནས་དར་བའི་གོམས་སྲོལ་འཁྲུལ་བ་མེད་པ་ཞིག་དང༌། བོད་ཀྱི་བཙན་པོའི་རྒྱལ་རྒྱུད་ཀྱི་ཐོག་མར་འབོད་པའི་བཙན་པོ་གཉའ་ཁྲི་བཙན་པོའི་གོང་ནས་དར་ཞིང་རྒྱུན་འབྱམས་སུ་སོང་ཚར་བ་ཞིག་ཡིན་པ་ར་འཕྲོད་ཐུབ་ཅིང༌། སྒོས་སུ་གཉའ་ཁྲི་བཙན་པོ་མ་བྱུང་གོང་ནས་ལྷ་དང་རྒྱལ་བོའི་རིགས་སྤྱན་འདྲེན་ཞུ་བའི་སྐབས་སུ་ཐོག་མར་བསང་ཕུལ་ཏེ་ཡུལ་ཁམས་གཙང་མ་བྱེད་པའི་ལུགས་སྲོལ་ཀྱང་དར་ཡོད་པ་སྔོན་དཔག་བྱེད་ཐུབ།

མཁས་དབང་དོར་ཞི་རིན་པོ་མཆོག་གིས་གསུང་ཚིག་ཞིག་ལས་ཐོས་གསལ་ལྟར་ན། འཛམ་གླིང་སྟེང་བོད་པའི་བསང་གསོལ་བྱེད་སྟངས་འདི་བཞིན་བྱེད་མཁན་ཨ་རིའི་མི་རིགས་ནག་པོ་དང་ང་ཚོ་མ་གཏོགས་མེད་ཅིང༌། ཨ་རིའི་མི་རིགས་ནག་པོ་རྣམས་ཀྱིས་ཀྱང་བསང་གཏོང་སྐབས་ཀུ་རིང་འདེབ་ཅིང་སྐོར་བ་རྒྱག་གིན་འདུག་ཅེས་དང༌། སྤྱིར་ཨ་རིའི་མི་རིགས་ནག་པོ་རྣམས་ནི་ས་དེའི་གཞི་སྡོད་མི་རིགས་ཡིན་ཞིང༌། བོད་དང་མི་རིགས་དེ་གཉིས་བར་གོ་ལའི་ཤར་ནུབ་ཀྱི་ཁྱད་པར་ཡོད་ཀྱང་རིག་གཞུང་དང་གོམས་སྲོལ་མང་པོ་ཞིག་གི་ཐོག་བོད་ཀྱི་རིག་གཞུང་དང་གོམས་སྲོལ་ལ་ཤིན་ཏུ་མཐུན་པ་མང་པོ་ཡོད་པ་དེ་དག་ལ་བརྟག་དཔྱད་བྱས་ན། མཚན་རིག་པ་ཁ་ཤས་ཀྱིས་བཤད་པ་ལྟར་མི་ལོ་ཁྲི་ཕྲག་དུ་མའི་ཡར་སྔོན་ཏུ་ཨ་རིའི་གླིང་ཆེན་དང་ཨེ་ཤ་ཡའི་གླིང་ཆེན་གཉིས་སྦྱར་ཞིང་གནས་པ་ལ་རིམ་གྱིས་བར་གྱེས་བྱུང་བར་བཤད་པ་དག་ལ་འབྲེལ་བ་ཨེ་ཡོད་སྙམ་པ་ཞིག་ཡོད། སྐབས་དེར་བོད་པ་རྣམས་ཀྱང་ད་ལྟའི་མཚོ་བོད་མཐོ་སྒང་འདིར་གནས་དགོས་པའི་ཁྱབ་པ་མེད། ཅེས་གསུངས་པའི་བཤད་ཚུལ་འདི་དག་ཀྱང་བསང་གསོལ་ཀྱི་ལོ་རྒྱུས་རིང་པོར་བསྲིང་བར་དཔྱད་གཞི་ཙམ་གྱི་ཚུལ་དུ་དྲངས་པ་ཙམ་ཡིན།




བསྐྱར་བཅོས།: ༢༠༡༠/༠༨/༠༧

Leave a Reply

རང་ཉིད་ཀྱི་འདས་སོང་གི་མི་ལོ་རེ་རེ་ལ་ཕྱིར་དྲན་བྱེད་རྒྱུ་ནི་ངའི་འཚོ་བའི་གྲུབ་ཆའི་ཁྲོད་ཀྱི་ཟས་ཐུན་ཐེངས་རེ་ཡིན་མོད།་ཕྱིར་དྲན་གྱི་སྔ་གཞུགས་ཡོད་ཚད་ནི་ནམ་ཡང་སུན་སྣང་དང་འགྱོད་གདུང་གི་ཟས་བཅུད་རུམ་གང་ཡིན་པ་ནི་སུ་ཞིག་གིས་ཀྱང་བཟོད་དཀའ་བའི་ན་ཟུག་ཐེངས་རེ་ཡིན།དེ་བས་ངས་དྲ་གྲོགས་ཚོ་དང་ལྷན་དུ་ན་ཟུག་འདིའི་ཕྱི་ནང་བསློག་ན་འདོད།

བརྙན།

No videos

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

དྲ་མིང་གཅིག་གི་འོག་གི་གོ་ལོག་ལ་གསལ་བཤད།
ཕུན་ཚོགས ། རིག་པ། (༠)
རྕོམ་པ་པོ་འོད་ཟེར་ལགས་ཀྱི་སྐད་ཆ།
ཕུན་ཚོགས ། རིག་པ། (༤)
དྲུག་བཞིའི་དོན་རྐྱེན་གྱི་བྱུང་རིམ།
ཕུན་ཚོགས ། རིག་པ། (༤)
དེ་ལས་མང་།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༡༩༩)
  • སྤྱིའི་མཆན་གྲངས། (༨༤༥)
  • སྤྱིའི་ཀློག་གྲངས། (༥༣༨༩༤)