རིག་པ།(༠)

 

ངེས་པར་དུ་དགོས་པ་ཞིག་ཡིན་མིན་མི་ཤེས་ཀྱང་ཡོད་ན་དགེ་མཚན་ཅུང་རེ་ཡོད་དེ། དགེ་རྒན་ཞེས་པ་འདི་སློབ་གསོའི་གལ་ཆེའི་ལས་རིགས་མི་སྣ་ཞིག་ཡིན་པས། དཔལ་ཡོན་ཅན་གྱི་མི་རིགས་སམ་རྒྱལ་ཁབ་ཅིག་ལ་མཚོན་ན་སློབ་གསོ་ནི་ཆེས་གཙིགས་སུ་འཛིན་པ་ཞིག་རེད། ལྷག་པར་བོད་ཁ་བ་ཅན་ཚོར་མཚོན་ན་བླ་མའམ་དགེ་བའི་བཤེས་གཉེན། དགེ་རྒན་ཟེར་བ་འདིར་གནའ་སྔ་མོ་ཞིག་ནས་དད་བཀུར་བླ་ན་མེད་པ་ཞིག་ཡིན་པས་དུས་ཆེན་འདི་འདྲ་ཞིག་ཡོད་ན་ཧ་ཅང་འོས་འཚམ་རེད་འདོད།

འོ་ན་དུས་ཆེན་གྱི་ཉིན་མོ་དེ་གང་འདྲ་ཞིག་འོས་སམ་ཞེ་ན། གཅིག་ནས་རིག་གནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ། གཉིས་ནས་ཤེས་ཡོན་ཐད་ལ་གྲུབ་འབྲས་ཁྱད་པར་བ་བཞག་མཁན། གསུམ་ནས་ཡོངས་གྲགས་ཀྱིས་ཁས་ལེན་ཐུབ་པའི་སྐྱེས་བུ་དམ་པ་ཞིག་ཡིན་འོས། ཚད་གཞི་འདི་འདྲ་ཞིག་གི་ཐོག་ནས་བསམ་བློ་ཞིག་བཏང་ན། ང་ཚོ་བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཡོད་མཁན་དག་གི་སེམས་ལ་ངེས་དོན་གྱི་མཁས་གྲུབ་དུ་མ་ཞིག་དྲན་ངེས་ཡིན། གལ་ཏེ་བློ་གཟུ་བོར་གནས་པའི་སྒོ་ནས་ཐོག་ནས་བོད་ཀྱི་གནའ་དེང་གི་མཁས་ཆེན་མཛངས་མི་གསུམ་རེ་བདམས་ན། སློབ་དཔོན་ཐོན་མི་ལ་མང་མོས་མངས་ཤོས་ཐོབ་ངེས། དེ་ནས་ཕལ་ཆེར་ས་པཎ་ཀུན་དགའ་རྒྱལ་མཚན་དང་། རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་རྣམ་གཉིས་ཡིན་རྒྱུ་རེད།

ཡིད་ཕངས་པ་ཞིག་ལ་སློབ་དཔོན་ཐུ་མིའི་འཁྲུངས་ཚེས་མི་ཤེས་པར་མ་ཟད་ཟླ་ཚེས་ངེས་ཅན་གྱི་མཛད་རྗེས་འདི་འོ་ཟེར་བ་ཞིག་ཀྱང་ངོས་འཛིན་དཀའ་བ་མ་གཏོགས། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཁོང་ལ་སློབ་དཔོན་ཞེས་མཚན་གསོལ་ཞིང་སྐུ་ཉིད་ཀྱིས་དགེ་རྒན་དུ་བསྟེན་པའི་ཉིན་མོ་དེ་ནི་ཅི་འདྲའི་འོས་འཚམ་ཞིག་མ་རེད་དམ།

ས་པཎ་གྱི་འཁྲུངས་ལོ་བོད་རབ་བྱུང་གསུམ་པའི་ཆུ་སྟག་༡༡༨༢ ཟླ་༢ ཚེས་༢༦། འདས་ལོ་༡༢༥༡ ཟླ་༡༡ ཚེས་༡༤། རྗེ་ཙོང་ཁ་པ་ནི་༡༣༥༧ ལོའི་ཟླ་ ༡༠ ཚེས་༡༠། སུམ་པའི་ཆོས་འབྱུང་དུ་སྨིན་དྲུག་ཟླ་བའི་དཀར་ཕྱོགས་རྫོགས་པ་གཉིས་པ་ཞེས་གསུངས་པར་ཁུངས་བཅོལ། བཅུ་བའི་༢༥ ལ་གཤེགས།

ཡང་ན། ད་ལྟ་འཚོ་ཞིང་བཞུགས་པའི་སྐྱེས་ཆེན་དེ་འདྲ་ཞིག་ལ་བསམ་གཞིགས་བྱས་ན། འཛམ་གླིང་ཞི་བདེའི་སློབ་དཔོན་ཆེན་མོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གོང་དུ་ཕུད་ནས། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བོད་གཞེས་བྱེས་གཉིས་ནས་གདེང་འཇོག་ཚད་མཐོ་ཐོབ་ངེས། ཁོང་ནི་གནའ་དེང་ཤེས་བྱ་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་། བོད་དབྱིན་ཧིན་གསུམ་ལ་ཐོགས་པ་མེད་པ། ལྷག་པར་བཙན་བྱོལ་བོད་ཀྱི་རིག་གནས་སློབ་གསོ་དང་དམངས་གཙོའི་ལམ་ལུགས་ཐད་ལ་འགྲན་ཟླ་མེད་པའི་མཛད་རྒྱས་ཅན་ཡིན་པར་མ་ཟད། རྒྱ་གར་དབུས་གཞུང་གི་མཁས་དབང་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་དང་རྒྱ་གར་ལྟ་གྲུབ་ཉམས་ཞིབ་ལྷན་ཚོགས་ཀྱི་རྒྱལ་ཡོངས་སློབ་སྟོན། གཞན་ཡང་ཨ་རིའི་རྒྱལ་སྤྱིའི་ཤེས་ཡོན་ལྷན་ཚོགས་ཀྱི་སློབ་སྟོན་པ། འཛམ་གླིང་ཞི་བདེའི་གཙུག་ལག་སློབ་གླིང་གི་སློབ་སྟོན་པ། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཤེས་ཡོན་དང་སྤྱི་ཚོགས་བདེ་དོན་རིགས་ཀྱི་མཛད་འགན་ཁོ་ན་ཡང་བཞི་བཅུ་ཙམ་ཁུར་དུ་བཞེས་མྱོང་ཡོད་པའི་ངེས་དོན་གྱི་མཛངས་མི་དམ་པ་ཞིག་ཡིན་པ་ཀུན་ལ་གསལ་བ་བཞིན་ནོ།

དེ་བས་ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་ཁང་ནས་༢༠༡༤ ལོའི་ཟླ་༡༡ ཚེས་༥ ཉིན་མོར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་དོན་ལྔར་སོན་པ་དང་སྟབས་བསྟུན་ནས་ཁོང་གི་མཛད་རྗེས་ལ་ཚད་མཐོའི་གདེང་འཇོག་སྒོས་སྐུ་དྲིན་རྗེས་དྲན་གྱི་འཁྲུངས་སྐར་ཟབ་རྒྱས་ཤིག་བཏང་བ་དེ་ནི་ཧ་ཅང་འོས་པ་ཞིག་ཡིན་ལ། ཉིན་མོ་དེ་ཉིད་བོད་ཀྱི་དགེ་རྒན་དུས་ཆེན་གྱི་ཉིན་མོ་ཞིག་ཏུ་གཞུང་འབྲེལ་བརྩི་སྲུང་གནང་རྒྱུར་བཀའ་སྤྱི་གཉིས་ལ་སྙིང་ནས་འབོད་སྐུལ་ཞུ་གིན་ཡོད་པས་དེ་བཞིན་ཡོང་བར་སྨོན་སྨོན༎ ༎

འདི་ཉེ་སྔོན་སྐད་འཕྲིན་ཞིག་གི་ནང་ལ་གླེང་བ་དེ་རིང་འདིར་བཀོད་པ་ཡིན།

 

 

བསྐྱར་བཅོས།: ༢༠༡༦/༠༩/༡༠

Leave a Reply

བརྙན།

No videos

སྒྲ

དྲ་འབྲེལ།

རིག་པ་གསར་ཤོས།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༢)
  • སྤྱིའི་མཆན་གྲངས། (༠)
  • སྤྱིའི་ཀློག་གྲངས། (༧༩༨)