བློ་རབ། རིག་པ།(༢༢)

 

རྔ་བ་བློ་བརྟན།
འོས་ཤོག་འཕངས་ཏེ་འོས་བསྡུ་ལས་ཁང་གིས་ཁྱབ་སྒྲོག་མ་བྱས་པར་དུ་སྐད་ཆ་མང་པོ་བྱུང་སོང་། ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ཐེངས་འདིའི་འོས་བསྡུ་ལ་མ་རངས་པའི་སྐད་ཆ་བཤད་སོང་། དེ་བཞིན་གོང་ས་མཆོག་གིས་ཀྱང་ད་ལྟའི་འཛིན་སྐྱོང་གིས་འཐུས་ཤོར་བཏང་བ་མ་ཟད་གཟི་བརྗིད་ཁོག་སྟོང་རེད་ཅེས་བཀའ་ནན་ཕེབས། གཞན་ཡང་གནས་ཆུང་དང་ཚེ་རིང་མའི་སྐུ་རྟེན་གཉིས་ནས་ཐུགས་ཁྲོས་པའི་རྣམ་འགྱུར་དང་བཅས་ལྷ་དགོངས་དྭངས་པའི་དགོངས་སེལ་ཞུ་དགོས་པ་དང་། གོང་ས་མཆོག་གི་སྐུ་ཚེའི་འགན་བཟོད་དཀའ་བའི་གསུང་འབྱོན་སོང་།

འདི་དག་ཚང་མ་ཟློས་གར་འཁྲབ་ཚར་རྗེས་ཀྱི་སྐད་ཆ་རེད། མ་འགྲིག་མ་འཐུས་པ་མཐོང་གི་ཡོད་ན་སྔོན་ནས་ཉེན་བརྡ་གཏོང་དགོས་པ་དེ་ལྷ་མི་སུ་ཡིན་ནའང་འགན་རེད་དེ་དེ་ལྟར་བྱུང་ཡོད་པ་མ་རེད།

ཅི་ཞིག་ཆེད་དུ་དགོངས་སེལ་ཞུས་བཞིན་ཡོད།

ཚོགས་གཙོ་ལགས། ཁྱོད་ཀྱིས་ཅི་ཞིག་གི་ཆེད་དུ་དགོངས་སེལ་ཞུས་ཡོད། གོང་ས་མཆོག་ཡིན་ནའང་རེད། བོད་མི་མང་ཡིན་ནའང་རེད། ནོར་འཁྲུལ་ཅི་ཞིག་བྱས་ཡོད། ངས་ཁྱོད་མི་དྲང་མོ་ཞིག་དང་དངོས་ཡོད་ཁས་ལེན་ཐུབ་ནི་ཞིག ཕྱི་ནང་ཀུན་ལ་གོ་རྟོགས་ཡག་པོ་ཡོད་མཁན་ཞིག་ནས། མགོ་ཁྲིད་དང་འཛིན་སྐྱོང་གི་གཤིས་ཀ་ཡོད་ཅིང་། གོང་ས་མཆོག་དང་བོད་མི་མང་ལ་བློ་དཀར་སེམས་དཀར་གྱི་མི་ཞིག་མཐོང་སྟེ་རྒྱབ་སྐྱོར་བྱས་པ་ཡིན་ལ། ཉིད་ཀྱི་འོས་བསྡུའི་ལས་འགུལ་སྤེལ་སྐབས་ཀྱང་དྲང་བདེན་དང་དངོས་ཡོད་མ་བོར་བའི་གཏམ་བཤད་ཚད་ལྡན་གནང་སོང་བས། ཤེས་ལྡན་པ་དང་ཉམས་མྱོང་ཅན་མང་པོ་ཞིག་ཉིད་ཀྱི་ཕྱོགས་སུ་བཀུག་ཐུབ་ཡོད། དེར་བརྟེན་ངས་རྒྱབ་སྐྱོར་བྱེད་ས་དེ་ཡང་ནོར་མི་འདུག་སྙམ་ནས་སྤོབས་པ་ཡོད།

འོན་ཀྱང་ཉིད་ནས་དགོངས་སེལ་གྱི་གསར་འགོད་ཚོགས་ཐོག་ཏུ། ཉིད་ཀྱིས་སྐད་ཆ་ཐོག་མ་དང་གཙོ་བོ་བཤད་དེ་དགོངས་སེལ་ཞུས་སོང་། དགོངས་སེལ་ཞུ་དགོས་ན་ཞུ་མཁན་དེ་ཁྱོད་ཇི་ལྟར་ཆགས་པ་རེད། འོས་ཐོབ་ཐབས་ཁོ་ནར་དམིགས་ཏེ་ཧམ་བཤད་དང་མགོ་སྐོར། དངོས་ཡོད་དང་དྲང་བདེན་བཞག་སྟེ་གཏམ་བཤད་བྱས་ཡོད་དམ། དེ་ལྟར་བྱས་ཡོད་ན་ནི་ཉིད་ནས་ངེས་པར་དུ་གོང་ས་མཆོག་དང་བོད་མི་མང་ལ་དགོངས་སེལ་ཞུ་དགོས། དེ་ལྟར་བྱས་མེད་ན་ཉིད་ནས་དགོངས་སེལ་ཞུ་དགོས་པའི་རྒྱུ་མཚན་རྐང་གཅིག་ཀྱང་མི་འདུག་མོད། འོན་ཏེ་སྐུ་ཉིད་སུ་ཞིག་གིས་ཁྲིད་ཕྱིན་པ་ཡིན་ན་ཡང་དེར་ཕྱིན་པ་དེ་ཉིད་ཀྱི་ནོར་འཁྲུལ་རེད།

ཉིད་ཀྱིས་དགོངས་པ་རྒྱ་ཆེན་བཞེས་ཏེ་ད་ནས་བཟུང་བོད་མི་ཚོ་ཕན་ཚུན་འཆམ་མཐུན་ཡག་པོ་ཞིག་བྱུང་ན། ནོར་འཁྲུལ་སུ་ལ་ཡོད་མེད་དེ་གལ་ཆེན་མ་རེད་བསམ་ཡོད་སྲིད་ཀྱང་། ཉིད་ཀྱི་བྱེད་སྟངས་དེས་ཕར་ཕྱོགས་ཀྱི་ནོར་འཁྲུལ་རང་སྟེང་དུ་བླངས་ཏེ་ཁོའི་ནོར་འཁྲུལ་ཆག་ཡང་ཏུ་བཏང་ཡོད་པ་མ་ཟད། མང་ཁྲོད་དུ་སྐུ་ཉིད་ལའང་ནོར་འཁྲུལ་གཅིག་མཚུངས་ཡོད་པའི་ངོས་འཛིན་ཡོང་སྲིད། དེ་ནི་བོད་ཀྱི་གཏམ་དཔེར་མཆོད་རྟེན་དང་འགྲོགས་ན་དཀར་རྩི། ཟངས་རྒན་དང་འགྲོགས་ན་ནག་དྲག་ཟེར་བ་ལྟར་ཉིད་ལ་ནག་དྲག་འགོས་སོང་བ་རེད།

བསམ་བློ་ནན་ཏན་གཏོང་རོགས།

དེང་སང་མི་ཁ་ན་བློ་བཟང་སེང་གེས་སྤེན་པ་ཚེ་རིང་བཀའ་བློན་ལ་བསྐོ་མིན་དང་། བསྐོས་ན་སྤེན་པ་ཚེ་རིང་འདུག་མིན་གྱི་སྐད་ཆ་ཞིག་འགྲོ་བཞིན་ཡོད། བློ་སེང་གིས་བསྐོས་ཏེ་སྤེན་ཚེས་ངོས་ལེན་བྱས་ནའང་གྲོས་ཚོགས་ཀྱི་འགག་སྒོ་ནས་སྤེན་ཚེ་ཐར་མིན་བཤད་དཀའ།

གལ་ཏེ་བློ་སེང་གིས་བཀའ་བློན་གྱི་ས་མིག་ཏུ་སྤེན་ཚེ་བཏོན་པ་ཡིན་ན། སྤེན་ཚེས་ངེས་པར་དུ་བསམ་བློ་ནན་ཏན་གཏང་དགོས་ལ། བློ་སེང་གི་འོག་ལ་ལས་ཀ་བྱེད་ཐུབ་མིན་དེ་གཅིག་རེད། བློ་སེང་ནི་ཕན་ཚུན་བསམ་བློ་བརྗེ་རེས་དང་མཉམ་རུབ་ཀྱིས་ལས་དོན་སྒྲུབ་མཁན་ཞིག་ཡིན་མིན་དོགས་གནས་རེད་ལ། བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལ་མཚོན་ན་2011 ལོར་བློ་སེང་སྲིད་སྐྱོང་ལ་ལངས་སྐབས་མཐོ་སློབ་ཁག་ཏུ་བསྐྱོད་དེ་བློ་སེང་ལ་འོས་ཐོབ་པར་རྒྱབ་སྐྱོར་བྱས་ཡོད་ཀྱང་། མཐའ་མ་དེར་བློ་སེང་གི་བྱེད་སྟངས་ཀྱིས་འདོད་པ་མ་ཚིམ་པས་རྩ་དགོངས་ཞུས་པ་རེད། དེ་བཞིན་བཀའ་ཟུར་འབྲོག་ཆུང་དངོས་གྲུབ་ལ་མཚོན་ན། གོང་ས་མཆོག་གི་དབུ་འོག་ཏུ་ཆེ་འདོད་གྲགས་འདོད་མེད་པར་ལས་དོན་ཁག་ཚགས་ཚུད་གནང་མཁན་ཞིག་དང་། ཁོང་གིས་བདེ་སྲུང་ལས་བྱེད་ཚོར་མཐའ་མའི་གྱེས་གཏམ་བཤད་སྐབས་ལས་བྱེད་ཚོའི་མིག་མཐའ་མཆི་མས་བརླན་འདུག དེ་འདྲའི་སེམས་གཏིང་ནས་གུས་བརྩི་ཐོབ་པའི་མི་ཞིག་གིས་ཀྱང་བློ་སེང་མཉམ་དུ་ལས་མཐར་འཁྱོངས་ཐུབ་མེད། འདི་དག་ངེས་པར་དུ་ཉིད་ཀྱི་བསམ་བློའི་ནང་འཁོར་དགོས་པའི་གནད་དོན་ཞིག་རེད།

བློ་བཟང་སེང་གེས་སྲིད་སྐྱོང་གི་འགན་བླངས་ནས་ད་པར་དུ་ག་ཚོད་འཇོན་ཡོད་མེད་དང་། ཅི་ཞིག་བྱས་ཡོད་མེད་དེ་ཞེན་ཁོག་དང་ཕྱོགས་རེས་ཀྱིས་དབང་དུ་མ་སོང་པར་བོད་མི་རིགས་ལ་ཤ་ཚ་ཞིང་བློ་དཀར་བའི་མི་ཞིག་ཡིན་ན། གནས་སྟངས་ག་བར་བསླེབས་འདུག་ཤེས་གསལ་རེད། ད་དུང་ལོ་ལྔའི་རིང་ག་བར་པར་དུ་བསྐྱེལ་རྒྱུ་རེད། ལས་དོན་དེའི་ནང་དུ་ཉིད་ནས་ཆ་ཤས་མ་བླངས་ན་ཡག་གི་རེད་ལ། གནད་དོན་ཡོངས་རྫོགས་བློ་སེང་དང་ཁོའི་མཐའ་སྐོར་གྱི་རྒྱ་རི་སྒྲོལ་མ་དང་དངོས་གྲུབ་ཚེ་རིང་བཅས་ཀྱི་འགན་ལས་སྐུ་ཉིད་དེའི་ནང་འཚང་བ་ཡིན་ན་རང་ཉིད་ལ་ནག་ཐིག་ཅིག་ལས་གཞན་ཅི་ཡང་མེད།

མཐའ་དོན་སྐུ་ཉིད་ཐེངས་འདིའི་འོས་འགྲན་ནང་རྒྱལ་ཁ་མ་ཐོབ་ནའང་། དྲང་བདེན་དང་དངོས་ཡོད་གཞི་རྩར་བཟུང་སྟེ་གོམ་པ་བརྟན་པོ་སྤོ་ཐུབ་སོང་བས། ཉིད་ཀྱི་རྒྱབ་སྐྱོར་བ་ཞིག་ངོས་ནས་བཤད་ན་འདོད་པ་ཚིམ་ཡོད་ལ། རྒྱལ་ཁ་ཟེར་བ་དེ་བོད་ཀྱི་གཏམ་དཔེར” ཆོས་ཟབ་མོ་མི་བྲིན་ཟིང་ཟིང་བྲིན། གཏམ་བདེན་པ་མི་ཁེ་རྫུན་པ་ཁེ ” ཟེར་བ་འདིས་ད་ལོའི་འོས་བསྡུ་ལ་སྡོམ་ཚིག་བརྒྱབ་ཡོད།

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

22 thoughts on “ཚོགས་གཙོ་མཆོག ཐེངས་གཅིག་ཀློགས་རོགས།

  1. འཇལ་དཔལ་ཚུལ་ཁྲིམས་ལགས།
    ངས་ལྟ་སྟངས་ཤིག་བྲིས་པ་རེད། ནོར་རྩ་བ་ནས་མེད་ཅེས་ཞུ་མི་ཐུབ། སུ་ཡིན་ནའང་དོན་དངོས་གླེང་དགོས་པ་རེད་ལ་གླེང་ཡོད་བསམས། སྐུ་ཉིད་ནས་ཀྱང་མང་པོ་བཤད་འདུག ད་ངེད་གཉིས་ནས་ཤོད་རེས་བྱས་ཏེ་ཅང་གསལ་པོ་ཆགས་རྒྱུ་མེད་ཚོད་རེད། ཁྱོད་ཁྱོད་རང་ས་ན་སྡོད་ངེས་རེད་ལ་ང་ཡང་དེ་ལྟར་རེད། ཀློག་མཁན་ཚོས་གོ་བ་ཞིག་ལེན་འགྲོ་གི་རེད། དེས་འགྲིག་པར་བྱ། བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ།

  2. འཇམ་དཔལ་ཚུལ་ཁྲིམས།

    བློ་བརྟན་ལགས།
    ང་ལ་ནི་ཁྱེད་ཀྱིས་བྲིས་པ་དེ་དང་ཧ་ལམ་ལྡོག་ཕྱོགས་འདྲ་བ་ཞིག་རེད་འདུག ངས་ཁྱེད་ཀྱིས་བྲིས་པ་འདི་ཆོལ་ཞེན་གྱིས་བྲིས་པ་མིན་ཤག་ཤག་བྱས་ནས་གཤམ་དུ་དོན་དག་རེ་ཟུང་འབྲི་གི་ཡིན།
    ༡༽ ཡ་མཚན། འདི་དང་འདི་འདྲ་བ་སོགས་ལས་ང་ལ་ཉམས་མྱོང་གང་བྱུང་སོང་ཞུས་ན་མིའི་བསམ་ཚུལ་ཟེར་བ་ཧ་ཅང་ཡ་མཚན་ཡིན་པ། ཕྱོགས་གཅིག་མ་གཏོགས་ཡེ་ནས་མི་མཐོང་བ། ཕར་ཕྱོགས་ཀྱི་བསམ་ཚུལ་དང་བཤད་ཚུལ་གྱི་རྩ་བ་སྔོགས་པའི་འབད་བརྩོན་ཡེ་ནས་མི་བྱེད་པ། རང་ཉིད་དང་རང་ཕྱོགས་ཀྱི་བསམ་ཚུལ་དེ་ལ་ངོས་གཞན་པ་ཞིག་ཡོད་མེད་ལ་རྟོགས་དཔྱོད་མི་བྱེད་པ། མཐའ་ན་རང་ཉིད་ཀྱི་བསམ་ཚུལ་དེ་ག་རང་ཕ་རོལ་བོའི་ཚིག་ཏུ་ཕབབ་ན་ག་འདྲ་ཞིག་ཡིན་མིན་མི་དཔྱོད་པ། མདོར་ན་རང་ཉིད་ཀྱི་བསམ་བློའི་ཁྱབ་ཁོངས་དེ་ནས་ཡེ་ནས་མི་འགྲོ་བ་འདི་དག་ལ་ཡ་མཚན་མང་པོ་བསྐྱེས་བྱུང་།
    ༢༽ གདེངས་འཇོག ངས་ཀྱང་སྤེན་ཚེ་ལ་ཁྱེད་ཀྱིས་གདེངས་འཇོག་དང་གཅིག་མཚུངས་ཡོད་མོད། འོས་བསྡུའི་སྐབས་སུ་ངའི་གདེངས་འཇོགས་ཀྱི་སོ་ན་གནས་མ་སོང་སྙམ་ཡོད། དེ་ལས་ལྡོག་ཏེ་བློ་སེང་གིས་གཞི་མེད་སྙོན་འཛུགས་བསམ་ཡུལ་ལས་འདས་པ་བྱས་མིན་ལ་མ་ལྟོས་པར་གང་ཐུབ་ཅི་ཐུབ་ཀྱིས་ཡ་རབས་དྲང་བདེན་སྐྱོང་ཅི་ཐུབ་བྱས་སོང་སྙམ། རྒྱལ་ཁ་ཡང་ཁོ་ལ་ཐོབ་སོང་། ནོར་ཡང་མ་སོང་སྙམ།
    ༣༽ རྒྱལ་ཁ། ཤེས་ཡོན་པའི་འོས་སྤེན་ཚེ་ལ་ཐོབ་ཨེ་བདེན་མི་ཤེས། རྡ་ས་སོགས་ཀྱི་འོས་སྤེན་ཚེ་ལ་ཐོབ་པ་ནི་ཁོང་གི་རྒྱབ་སྐྱོར་བ་ཁག་ཅིག་གིས་ཕུ་དཀྲུགས་མདའ་དཀྲུགས་ཚད་མེད་བྱས་ནས་མང་ཚོགས་ཀྱི་སེམས་པ་འཐོམ་གཞི་བཟོས་པ་ལས་བྱུང་བར་བསམ་ཡོད། དྲང་གཏམ་ཡིན། གང་ལྟར་དེ་གལ་ཆེན་མ་རེད། འོས་གྲངས་༩༠༠༠་ལྷག་གིས་ཐོབ་པ་རེད།
    ༤༽ དགོངས་དག དགོངས་སེལ་ཞུ་བའི་ལས་རིམ་དེ་སྤེན་ཚེའི་གཡོ་སྒྱུ་ཞིག་ཡིན་པའི་ཚོར་སྣང་ཆེན་པོ་བྱུང་། ངའི་བསམ་པར་བློ་སེང་གི་སེམས་ནང་ན་འོས་བསྡུའི་ལས་རིམ་ནང་དུ་ཁོས་ནོར་འཁྲུལ་འདི་བྱས་ཡོད་བསམ་པ་ཞིག་ཨེ་ཡོད་སྙམ། སྤེན་ཚེའི་སེམས་སུ་ཡོད་ན་ཐང་། གསར་འགོད་གསལ་བསྒྲགས་ཚར་རྗེས་ཁོང་གཉིས་ལག་འཇུ་བྱེད་པའི་སྐབས་སུ་སྤེན་ཚེའི་ཁ་ནས་“ང་ནི་ལྷག་བསམ་རྣམ་དག་ཡིན།”་ཞེས་པ་འདི་ལན་འགའ་ཞིག་ཐོས་བྱུང་ཞིང་། ནི་སྒྲ་དེ་ངའི་སེམས་སུ་གཟན་པོ་ཞེ་དྲགས་བྱུང་། གང་ལྟར་འོས་བསྡུའི་ལས་རིམ་ཁྲོད་དུ་སྤེན་ཚེས་བྱ་མི་འོས་པ་མང་པོ་བྱས་སོང་བས་དགོངས་སེལ་ཞུ་ན་ངོ་མ་ཁོ་རང་གིས་ཞུ་དགོས་སྙམ་གྱི་འདུག འོན་ཀྱང་བློ་སེང་གིས་ཁོག་ཆེན་པོ་བྱས་ནས་མཉམ་དུ་ཡོང་བ་མ་ཟད་དགོངས་སེལ་གཏམ་བཤད་ཀྱང་བྱས། མ་གཞི་དེ་ལྟར་མ་བྱས་ན་མི་འགྲིག་པའི་ཚོད་ཀྱང་རེད། གང་ལྟར་དགོངས་སེལ་ལྷན་དུ་ཞུས་པ་དེས་བློ་སེང་གིས་ཀྱང་ནོར་འཁྲུལ་བྱས་ཡོད་པའི་ངོས་ལེན་དུ་གྱུར་བ་རེད། འདི་དག་ཁ་ཁོག་གཉིས་མེད་ཀྱི་བསམ་ཚུལ་ཡིན།
    ༥༽ དགོངས་འཁྲུག འོས་བསྡུའི་བརྒྱུད་རིམ་ལ་༧གོང་ས་མཆོག་ཐུགས་དགོངས་འཁྲུགས་ཡོད་པའི་ཚོར་བ་ཅུང་ཟད་ཀྱང་ང་ལ་མ་བྱུང་། ངས་སྨན་རྩིས་ཁང་ལ་བསྩལ་བའི་བཀའ་སློབ་ལན་མང་བལྟས་ཡོད། དེ་ཡང་སྤེན་ཚེའི་རྒྱབ་སྐྱོར་བ་ཁག་ཅིག་གིས་བློ་སེང་ལ་དམད་ཆེད་དུ་བསྒྲགས་པ་ཞིག་ཏུ་མཐོང་སོང་། དྲང་མོར་བཤད་ན་སྤེན་ཚེ་ལ་ཐུགས་ཁྲོས་ཡོད་པའི་ཚོར་སྣང་ཡང་མ་བྱུང་། གལ་སྲིད་ཁྲོས་ཡོད་ན་སྤེན་ཚེའི་རྒྱབ་སྐྱོར་དུ་ཁས་མཆེ་བ་རེ་ཟུང་གི་བྱེད་སྟངས་ལ་འཁྲོས་ཡོད་ངེས་རེད་སྙམ། ཁོ་ཚོས་ཆོལ་ཁའི་མཐུན་སྒྲིལ་ལ་བསམ་ཡུལ་ལས་འདས་པའི་གས་ཀ་དང་། དཀྲུགས་ཤིང་བཟོས་སོང་སྙམ་སོང་། ད་དུང་ཡང་ནད་མ་ཁྱོགས་པའི་བྱ་བ་བྱེད་བཞིན་འདུག་སྙམ་པའི་ཚོར་བ་ཡོང་གི་འདུག
    ༦༽ ལྷ་འཁྲོས། སྲུང་མ་ཐུགས་འཁྲོས་ཟེར་བ་འདི་ཚོ་ལ་ང་ལ་ཡིད་ཆས་རྩ་བ་ནས་མེད། ཁོ་ཚོའི་བཤད་སྟངས་དེ་ཚོ་སྐུ་རྟེན་རང་ཉིད་ཀྱི་སེམས་ལ་འབྲེལ་བ་ཡོད་པའི་ཚོར་བ་ལན་མང་པོར་བྱུང་མྱོང་ཡོད། ཁོས་༧གོང་ས་མཆོག་གི་སྐུ་ཕྱྭའི་འགན་ཁྱེར་ཐུབ་ཀྱི་མེད་ཟེར་བ་འདི་ཚོ་ཅི་ཞིག་ཟེར་གྱི་ཡོད་རེད། ད་སྔ་ཕན་ལ་ཁོ་ཚོས་༧སྐུ་ཕྱྭ་ལ་འགན་ག་ཚོད་བླངས་ཡོད། མ་འོངས་ལུང་བསྟན་ག་ཚོད་བྱས་ཡོད།
    ༧༽ དགོངས་ཞུ། བདེ་ཆོས་དང་འབྲོང་ཆུང་གིས་དགོངས་ཞུ་དེ་གཉིས་ཀ་གཟི་བརྗིད་ཅན་ཞིག་ལ་མཐོང་མ་སོང་། ལྷག་པར་དུ་བདེ་ཆོས་ཀྱི་དེ་ཞབས་འདྲེན་འདྲ་ཞིག་ཚོར་བྱུང་། འབྲོང་ཆུང་གི་དེས་ཆོས་སྲིད་ཟུང་འབྲེལ་བྱེད་རྒྱུ་མེད་པའི་བསམ་བློ་དེ་བསྐྱར་དུ་ལན་གཅིག་འཁོར་བཅུག་སོང་། སྲིད་གཞུང་ཞིག་གིས་ཆོས་སྲིད་ཟུང་འབྲེལ་བྱས་ན་ལྷ་ཟེར་བ་དེ་དག་གིས་མི་འཇོན་ཐང་ཅན་རྣམས་ལ་ལས་ཀ་བྱེད་དུ་འཇུག་གི་མི་འདུག་སྙམ་གྱི་ཡོད།
    ༨༽ འཇིགས་སྣང་། དེ་ལས་ཀྱང་ཁྱེད་ཀྱི་མཐའ་སྡོམ་དེ་ནི་དེ་བས་ཀྱང་ཞེད་སྣང་ཅན་ཞིག་ཏུ་མཐོང་། དེ་ལྟར་ན་དམངས་གཙོ་དང་རང་དབང་ཞེས་པ་འདི་དག་ལ་མདུན་ལམ་མེད་པ་ཡིན་ནམ། ངའི་རེ་བར་དེ་འདྲ་ནམ་ཡང་ཡིན་གྱི་མ་རེད། དམངས་གཙོ་ཡང་དག་པའི་སྤྱི་ཚོགས་ནང་དུ་རྒྱལ་ཁ་སུ་ལ་ཐོབ་ན་དེ་ཉིད་བདེན་པ་དང་ཟབ་མོ་ཡིན་པ་ཁས་ལེན་རྒྱུ་ཉག་ཅིག་ལས་མེད།
    ༩༽ མཐའ་སྡོམ། ད་ལན་ཁྱེད་ཀྱིས་འདི་འདྲ་ཞིག་བྲིས་ངས་ལན་འདི་འདྲ་ཞིག་འབྲི་བཞིན་ཡོད་ཅིང་། མ་འོངས་པ་ཞིག་ལ་ངས་འདི་འདྲའི་མཁུན་སྒྲ་ཞིག་བྲིས་ནས་ཁྱེད་ཀྱིས་ཁ་རྡུང་གཏོང་གི་ཡོད་ངེས། དེས་ན་འདི་ནི་བྱ་བའི་འཁོར་ཕྱོགས་ཤིག་ལས་གཞན་གང་ཡང་མིན་པ་དེ་འོ།

  3. མི་མང་པོ་ཞིག་གི་བདེ་སྐྱིད་ཆོས་དབྱངས་སྙིང་རྗེ་ཟེར་གི་འདུག་ག་རེ་བྱས་ནས་དེ་ལྟར་ཟེར་དམ། བཙན་འབྱོར་གི་སྒྲིག་འཛུགས་ནང་ནས་མོ་རང་ལ་ནུབ་ཕྱོགས་པའི་མཐུན་རྐྱེན་ལས་ལྷག་པ་ཞིག་རག་གི་ཡོད་ནམ་། དེ་མིན་ན་སྙིང་རྗེ་ཟེར་དོན་གང་རེད། རྒྱལ་སྤྱིར་ངོས་ལེན་ནམ་ཡང་མི་བྱེད་པའི་བཙན་འབྱོར་གཞུང་གི་དཀའ་བློན་བྱེ་བྲག་པ་ཞིག་གི་གོ་གནས་དང་གླ་འཕོག་དེ་ནུབ་ཕྱོགས་རྒྱལ་ཁབ་ནང་འཚར་ལོང་བྱུང་པའི་སྤྱི་འབངས་གི་ཐོབ་ཐང་ཚད་ལྡན་དེ་ཚོའི་འཚོ་གནས་དང་འདུར་ན་གླ་འཕོག་དང་མཐུན་རྐྱེན་གང་ཡང་མ་རེད། ནུབ་ཕྱོགས་གི་སློབ་སྦྱོང་ཐོབ་པའི་མི་ཁོངས་གང་ཞིག་ལ་བོད་རིགས་ཞིག་གི་༼ ཆུ་འགྲོལ་སོང་ཟམ་པ་ག་ལེ་ཞུགས་ ༽ཟེར་བའི་དཔེ་དེ་ལྟར་མ་བྱས་པར་རང་མི་རིགས་གི་ལ་རྒྱ་དང་སེམས་ཤུགས་ཞིག་འཁྱེར་ནས་བཙན་འབྱོར་སྤྱི་ཚོགས་ཞབས་འདེབས་ཞུ་བར་རེ་བ་འཕུལ་བ་ཞི་གཟུང་གི་ཡོང་པ་རེད། ཡིན་ན་ཡང་དཔོན་ངན་མི་ངན་ཁག་གཅིག་གི་སྤྱི་ཚོགས་ཉམས་ཆགས་དང་སྤྱི་ཚོགས་གི་མཐུན་སྒྲིལ་མེད་པ་ཟོས་པའི་ནག་ཉེས་དེའི་འགན་རང་ཉིད་གི་འཁྱེར་འདོད་ཡོད་འཁན་སུ་ཡོད་བྱས་ཙང་ལས་འཚམས་ཞག་པ་རེད། རང་ལ་ནོར་་འཁྲུལ་མེད་པར་ཉེས་པ་འཁྱེར་དགོས་དོན་གང་ཡང་མེད་པ་རེད། དཔེར་ན་བདེ་སྲུང་དཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་གི་སྐད་ཆ་དེ་དྲ་ཞིག་བཤད་ཡོད་༼ ད་དུང་མུ་མཐུད་ལས་གནས་ལ་བསྡད་ན་ངས་འགན་བཟོད་པ་མིན་འདུག་ ༽ ཟེར་བ་དེ་རེད། མི་གཞན་གི་ལྟོར་ཤིག་གཏང་བ་དེ་གན་རང་ཉིད་གི་འཁྱེར་འདོད་ཡོད་པ་སུ་ཞིག་ཡོད་དམ་ཨ་ གལ་ཏེ་ད་དུང་མི་དེ་འདྲ་ཡོད་ན་མི་དེ་སྨྱོན་པ་རེད།

  4. ཉི་མ་ཚེ་རིང་།

    བསམ་ཚུལ་ཁ་ཡོད་ལག་ཡོད། གནད་ཐོག་ཏུ་ཁེལ་བ། དངོས་ཡོད་གནས་ཚུལ་དེ་བྲིས་འདུག འདས་པའི་ལོ་ལྔ་དེ་བཙན་བྱོལ་སྤྱི་ཚོགས་ཁ་ཐོར་ཡི་ཐོར་དུ་ཕྱིན་པའི་ལོ་ལྔ་དེ་རེད། འདས་པའི་ལོ་ལྔ་དེ་བཙན་བྱོལ་གཞུང་མང་གཉིས་ཉམས་ཆག་ཏུ་ཕྱིན་པའི་ལོ་ལྔ་རེད། འདིའི་འགན་ཡོངས་རྫོགས་སུ་ཞིག་གི་མགོ་ན་ཡོད་ན་དེའི་དགོངས་སེལ་ཞུ་དགོས་ཀྱི་ཡོད་ཀྱང་། ད་དུང་མ་མཐོང་མ་ཐོས་ཚུལ་བྱས་ཏེ་མགོ་ཟུར་བོང་བུའི་ཨམ་ཅོག་བཀབ་ནས་སྡོད་ཀྱི་འདུག
    སྤྱི་འཐུས་གྲོས་ཚོགས་ནང་སྲིད་སྐྱོང་བློ་བཟང་སེང་གེ་ཐེངས་གསུམ་ལ་བཞེངས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་བསྐྱོན་གནང་བའི་སྐོར་ལ་གསལ་བཤད་འདྲ་ཞིག་བྱས་ཡོད་ཀྱང་། སྐད་ཆ་གཡས་སྐོར་གཡོན་སྐོར་དང་གསལ་ལ་མ་གསལ་ཞིག་བཤད་དེ་མང་ཚོགས་ལ་དབུ་སྐོར་དང་གྲོས་ཚོགས་ལ་འགན་མ་འཁུར་རྣམ་འགྱུར་གསལ་བོར་ཐོན་ཡོད། གྲོས་ཚོགས་གྲོལ་བའི་རྗེས་ལ་གསར་འགོད་གསལ་བསྒྲགས་སྔ་རྗེས་གཉིས་སྤེལ་སོང་ཡང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྷག་བསམ་རྣམ་དག་དང་། ཁ་ཞེ་གཉིས་མེད་ཀྱིས་དགོངས་སེལ་ཞུ་བ་དང་བཀའ་མོལ་གནང་བ་མ་གཏོགས་སྲིད་སྐྱོང་གིས་སྔར་བཞིན་མག་མོག་དང་མགོ་བདེ་བྱས་ཏེ་བསྡད་བསྡད་སོང་། དེ་དཔའ་རྟགས་མ་རེད་ལ་ཤེས་འཇོན་ཡོད་པའི་བྱ་སྤྱོད་ཅིག་དེ་ལས་ཀྱང་ཆགས་ཡོད་པ་མ་རེད།
    ད་ལྟ་སྤྱི་ཚོགས་དཀྲུག་ཡ་དེ་དཀྲུག་ཚར་རེད། གྱོང་རེག་རྒྱུ་དེའང་བཙན་བྱོལ་སྤྱི་ཚོགས་གཞུང་དམངས་གཉིས་ལ་རེག་ཚར་རེད། ༧གོང་ས་མཆོག་ལ་ཐུགས་ཕམ་དང་བོད་ནང་ལ་སེམས་འཁྲལ་བཟོ་རྒྱུ་ཡོངས་རྫོགས་བཟོས་ཚར་རེད། འདི་དག་ཡོངས་རྫོགས་ཀྱི་འགན་དེ་སྲིད་སྐྱོང་བློ་བཟང་སེང་གེའི་མགོར་ཡོད་ལ། དགོངས་སེལ་དང་བཟོད་གསོལ་ག་རེ་ཞུ་དགོས་ཀྱང་སྤྱི་འཐུས་ཚོགས་གཙོ་དང་བཀའ་བློན་སོགས་མི་སུ་གང་ལའང་དགོངས་སེལ་ཞུ་དགོས་པའི་ནག་ཉེས་ཡོད་པ་མ་རེད།

  5. དགོངས་ཚུལ་གསུང་མཁན་ཚང་མ་ལ་བཀའ་དྲིན་ཆེ་ཞུ། གནད་འགག་ཡོད་པ་དང་རྒྱུ་མཚན་ཡོད་པ་དེ་འདྲ་གསུང་མཁན་མེད་པའི་ཟོལ་རེད། གང་ལྟར་དོ་སྣང་བྱས་ཏེ་ཚར་གཅིག་བཀླགས་པས་དགའ་ཡོད།

  6. ཀུན་དགའ་ལེགས་པ་

    བདེ་སྐྱིད་ཆོས་དབྱངས་སྙིང་རྗེ་་་་རང་གཞན་གཉིས་འཕུང་བགྱིད་པའི་སྙིང་རྗེའི་ཡུལ་རེད་་་་་དབུགས་དབྱུང་གཟེངས་སྟོད་བྱ་དགའ་གང་ཡང་མེད་པར་ཁྱི་ནག་གིས་རི་ཕག་དེད་པ་ལྟར་བཟའ་ངན་ཉི་མའི་ཉིན་གློ་བུར་དུ་གནམ་ཕུར་བྱེད་དགོས་བྱུང་བ་་་་ཨ་ཁ་ཁ

    1. ཀུན་དགའ་ལེགས་པ་

      འོ་རེ་འབྲོང་ཆུང་བུ་དངོས་གྲུབ་མི་ཚེ་གང་པོ་གཞུང་ཞབས་གནང་མཁན་བདེ་སྐྱིད་ཆོས་དབྱངས་ལྷན་དུ་མཉམ་དྲུད་བྱེད་ན་ཏག་ཏག་ཨ་ཡིན་་་་

  7. ཕྱོགས་གཅིག་ལས་མ་མཐོང་བ་དང་དེ་ཡང་རབ་རིབ་སབ་སིབ་ཅིག་ལས་འབྲི་མ་ཐུབ་པ་ཡིན་ནམ། ཀུན་ལ་ཕན་པ་དང་ཚོགས་གཙོ་དཀར་འདོན་ལྟ་བུ། བློ་སེང་ནག་འདེད་རེ་བྱ་འདོད་ན། མང་ཙམ་དང་གསལ་ཙམ་ཕྲིས་དང་། (རང་ཕྱོགས་དང་གཞན་ཕྱོགས་) ཀུན་ལ་ཅུང་ཟད་ཙམ་རེ་ཕན་སྲིད།

  8. དུང་ཁྲི་གནམ་ལྷ་དཀར་ཆུང་།

    ཡང་འདིར་མིག་ཤེལ་ནག་པོ་གྱོན་མཁན་ཞིག་སླེབས་འདུག རང་འཚང་མ་སྟོན། ཤེས་མདོག་མ་བྱེད། ཁྱེད་ལ་ལྷག་བསམ་དང་བདེན། ཤེས་འཇོན་ཇི་ཙམ་ཡོད་མེད་འདི་ནས་གསལ་འདུག

  9. ད་དུང་ཡང་ན་ཚ་དེ་འཁུར་འགན་མེད་པའི་འཆལ་གཏམ་སྤེལ་བ་ནི་ཧ་ཅང་བླུན་པོའི་བྱ་སྤྱོད་ཅིག་རེད།

  10. རྔ་བ་བློ་བརྟན་ལགས། ཡག་པོ་བྲིས་འདུག ཐུགས་རྗེ་ཆེ། སློབ་བཟང་སངས་རྒྱས་ཀྱིས་བཀའ་བློན་ལ་རང་གི་ཁ་ཐུག་ལངས་མཁན་གྱི་ཁྲོད་ནས་བཀའ་བློན་དུ་བསྐོ་རྒྱུ་ཡིན་ཚུལ་གྱི་གཏམ་འཁྱམ་ཞིག་འགྲོ་བཞིན་པ་རེད། དེར་བརྟེན། གལ་སྲིད་དཔལ་ལྡན་ཚོགས་གཙོ་མཆོག་བཀའ་བློན་དུ་འདེམས་ན། ཁོ་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་རེད། དང་པོ། ལམ་འགྲོ་བརྒྱུགས་ནས་དཔལ་ལྡན་ཚོགས་གཙོས་བཀའ་བློན་གྱི་ལས་དོན་ཡག་པོ་འགྲུབ་སོང་ན། གྲུབ་འབྲས་ཀྱི་བཟང་ཆ་དེ་སྲིད་སྐྱོང་གིས་བཞེས་དགོས་པ་རེད། གཉིས་པ། ལམ་འགྲོ་མ་བརྒྱུགས་པར་བཀའ་བློན་གྱི་ལས་དོན་མ་འགྲུབ་ན། སྲིད་སྐྱོང་མཆོག་གིས་གསུང་གཅིག་རང་ཡོད་པ་རེད། དེ་ནི་ངས་ཁོས་ཡས་བྱེད་ཀྱི་ཡིན་མས་བྱེད་ཀྱི་ཡིན་ཟེར་མཁན་དེ་ཚོ་བསྐོས་པ་ཡིན། དེས་མ་འགྱོན་ན་ཐབས་ཤེས་མི་འདུག་ཟེར་ཐག་ཆོད་རེད། ད་ལྟ་བར་དུ་གྲོས་ཚོགས་ཀྱི་ར་བ་ནས་ཉེན་ཁའི་རིགས་ཕ་རོལ་བ་ཞིག་གིས་མགོར་གཡུགས་ཐབས་བྱེད་པ་མིག་གིས་ལྟ་ས་དང་། རྣ་བས་ཉན་ས་ཡོད་པ་ལྟར་རེད། དཔལ་ལྡན་ཚོགས་གཙོས་གཟབ་གཟབ་བྱས་ན་མ་གཏོགས་རྩམ་པ་སློབ་བཟང་སངས་རྒྱས་ཀྱིས་ཟོས་ཏེ་རྩམ་ཁུག་ཚོགས་གཙོའི་མགོར་སྐོན་ཐག་ཆོད་རེད།

  11. དྲང་བདེན་ལ་དགའ།

    སྐྱག་ཟན་དེས་ག་རེ་ལབ་ཀྱིས་ཡོད་རེད། ཁོ་ལ་སྙིང་ནད་ཡོད་ས་རེད། གླེན་པ་མིན་ན་ཁྱོད་ལ་ཉན་མཁན་ཡོད་ཀྱིས་མ་རེད། ཁྱོད་གང་དུ་སོང་ཡང་མི་བྲིན་ཁོ་ཐག་རེད། གང་ལག་ཞེས་ན་ཁྱོད་སྐྱག་ཟན་ཡིན་པསོ། ཧ་གོ་སོང་ངམ། ཕན་ཐོག་མེད་པའི་གཏམ་འཆལ་དེ་ཚོ་ཉུང་ན་དགའ་བ།

བརྙན།

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

པད་མ་ཚེ་བརྟན། སྐུ་ཚེ་བརྟན་དགོས།
བློ་རབ། རིག་པ། (༠)
ཚོགས་གཙོ་མཆོག ཐེངས་གཅིག་ཀློགས་རོགས།
བློ་རབ། རིག་པ། (༢༢)
ང་ཡི་ད་ལོའི་སྲིད་སྐྱོང་། ཁྱེད་ཡིན།
བློ་རབ། རིག་པ། (༡)
དེ་ལས་མང་།

རིག་པ་གསར་ཤོས།

ཆབ་མདོ་ངག་ཕུན།
མགར་འཇམ་དབྱངས་།
འཇམ་དཔལ་ཚུལ་ཁྲིམས།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༧)
  • སྤྱིའི་མཆན་གྲངས། (༣༧)
  • སྤྱིའི་ཀློག་གྲངས། (༡༩༡༢)