ཆུང་ཚེ་རིང་ རིག་པ།(༡)

 ལེའུ་བཅུ་པ། རང་བཙན་གྱི་རྒྱལ་ཁབ།

རྩོམ་པ་པོ། ཆུང་ཚེ་རིང་།

སྤེལ་ས། བོད་ཀྱི་དུས་བབས།

སྤེལ་དུས། ༢༠༡༦།༢།༢༤ ལྷག་དཀར།

༄༅།། ཡོག་ཊོང་དུ་དམག་ཕམ་ཉེས་བྱུང་བ་དེས། དབྱིན་ཇི་བ་ཚོར་གནོད་སྐྱོན་ཆེན་པོ་བྱུང་། དབྱིན་ཡུལ་རང་གི་མི་སེར་རྣམས་མཇུག་བསྒྲིལ་དུས་མེད་པའི་དམག་འཁྲུག་དང་། དེའི་འགྲོ་གྲོན་ཆེན་པོ་ལ་མ་འདོད་པ་ཆེན་པོ་ཆགས། ཕྱི་ལོ་ ༡༧༨༡ ལོའི་ཟླ་བ་བཅུ་གཉིས་པའི་ནང་། དབྱིན་ཇིའི་གྲོས་ཚོགས་ཀྱིས་ཨ་རི་དང་ཞི་འགྲིག་བྱ་རྒྱུའི་གྲོས་ཆོད་བཞག །དབྱིན་ཇིའི་རྒྱལ་པོ་འཇོར་ཇི་དང་ཁོང་གི་ཕྱོགས་གཏོགས་ཉུང་ཤས་ཤིག་དེ་ལ་མོས་མཐུན་མེད་ཀྱང་། མཐར་ཁས་ལེན་དགོས་བྱུང་། དབྱིན་ཇིའི་གྲོས་ཚོགས་དང་དམག་དཔུང་གཉིས་ཀས་མུ་མཐུད་དམག་རྒྱག་འདོད་མེད་པས། མཐར་ ༡༧༨༢ ལོའི་ཟླ་བ་གཉིས་པར། དབྱིན་ཇིའི་གྲོས་ཚོགས་ཀྱིས། ཨ་རིར་དམག་རྒྱག་མཁན་སུ་ཡིན་རུང་དབྱིན་ཇིའི་རྒྱལ་པོའི་དགྲར་བརྩི་རྒྱུའི་གྲོས་ཆོད་ཀྱང་བཞག །དམག་མཇུག་བསྒྲིལ་བའི་གཏམ་སྙན་ཐོས་པ་དང་། ཨ་རིའི་མི་མང་གིས་ཁྲོམ་སྲང་དག་ཏུ་དགའ་བའི་གླུ་དབྱངས། སྐྱིད་པའི་ཞབས་བྲོ་འཁྲབས་ཏེ་རྟེན་འབྲེལ་བྱས། དམག་སྤྱི་ཆེན་མོ་འཇོར་ཇི་  ཝ་ཤིང་ཊོན་རྒྱལ་ཁབ་ཀྱི་དཔའ་བོ་ཆེན་པོར་གྱུར། གང་ལྟར་ཨ་རིའི་རང་བཙན་འཐབ་རྩོད་ཀྱི་དམག་འཁྲུག་དེའི་ནང་། ཁྱོན་བསྡོམས་ཉུང་མཐར་ཨ་རིའི་དམག་མི་དགུ་སྟོང་གི་སྲོག་མཚོན་ཆའི་འོག་ཏུ་ཤོར་ཤིང་། ཆིག་ཁྲི་ཉིས་སྟོང་ལྷག་ལ་རྨས་སྐྱོན་བྱུང་། དེ་ལས་ཀྱང་ཆེས་མང་བ་ཞིག་བཀྲེས་ལྟོགས་དང་། གྲང་ངར། ནད་མནར་བཅས་ལ་བརྟེན་ནས་གྲོངས་པར་བཤད།

 

རྩོམ་ཡིག་འདིའི་འགོ་རུ་གླེང་ཟིན་པའི་སྦྲུལ་གཟུགས་རི་མོ་འབྲི་མཁན་ བྷན་ཇི་མན་ ཧྥེ་རན་ཀི་ལིང་གིས་ཨ་རིའི་སྐུ་ཚབ་གཙོ་བོ་གནང་སྟེ། ཧྥ་རན་སི་བར་བཞུགས་ཐོག་གྲོང་ཁྱེར་པེ་རི་སིར་དབྱིན་ཇི་དང་ཞི་བའི་གྲོས་མོལ་བྱས། གྲོས་མོལ་གྱི་བརྒྱུད་རིམ་ནང་། ཨ་རིས་ཧྥ་རན་སི་བར་བཞུགས་བྱས་པ་དེས་ཕན་ལས་གནོད་ཆེ་བར་མཐོང་སྟེ། དབྱིན་ཇི་དང་ཐད་ཀར་གྲོས་མོལ་བྱས་ཤིང་། དབྱིན་ཇིའི་ངོས་ནས་ཀྱང་། ཨ་རིར་རང་བཙན་སྤྲད་དེ་མཐུན་ཕྱོགས་རྒྱལ་ཁབ་ཅིག་ཏུ་བསྒྱུར་ན། ཨ་རིའི་ནང་དབྱིན་ཇིའི་ཚོང་ལས་རྒྱ་ཆེར་སྤེལ་ཐུབ་པ་དང་། ཨ་རི་ཁུལ་དུ་དབྱིན་ཇིའི་དམག་འཇོག་མི་དགོས་པའི་འཕྲལ་ཕུགས་གཉིས་ཀྱི་དགེ་མཚན་མང་པོ་མཐོང་སྟེ། ཨ་རི་དང་ཐད་ཀར་གྲོས་མོལ་བྱས།  དབྱིན་ཇིར་དེ་འདྲའི་དམིགས་ཡུལ་ཞིག་ཡོད་པའི་རྒྱུ་མཚན་གྱིས། ཐེངས་འདིའི་གྲོས་མོལ་ནང་ཨ་རིར་ཁེ་ཕན་ཧ་ཅང་ཆེན་པོ་ཐོབ། དེ་ཡང་དབྱིན་གཞུང་དང་ཨ་རིའི་དབར་བཞག་པའི་ཆིངས་ཡིག་ནང་། དབྱིན་ཇི་དང་ཨ་རིའི་བར་གྱི་སྔར་སོང་གོ་འཛོལ་དང་འགལ་བ་རྣམས་བརྗེད་པ་བྱས་ཏེ་ཕྱོགས་གཉིས་དབར་ཞི་བདེ་དང་འཆམ་མཐུན་གཏན་གནས་ཡོང་ཐབས་ཀྱི་རྩ་དོན་འོག་རྩ་བའི་དོན་ཚན་བཅུ་བཞག་ཡོད་པའི་སྙིང་པོར། དབྱིན་ཇིའི་ངོས་ནས་ཨ་རིའི་མི་སེར་སྤེལ་ཡུལ་གཞིས་ཆགས་བཅུ་གསུམ་རྣམས་ད་ཆ་རང་དབང་དང་མངའ་དབང་ཆ་ཚང་ལྡན་པའི་རྒྱལ་ཁབ་རང་བཙན་ཞིག་ཏུ་ངོས་འཛིན་བྱ་རྒྱུ་དང་། ཨ་རི་དང་དེའི་ཁྱབ་ཁོངས་ཡོངས་ཀྱི་ནང་དབྱིན་ཇིར་བདག་དབང་བདག་ཐོབ་ཡོད་ཚུལ་རྣམས་ད་ཕྱིན་དབྱིན་ཇིའི་རྒྱལ་པོ་རྒྱལ་རྒྱུད་དང་བཅས་པས་དང་བླངས་ཐོག་བློས་གཏོང་བྱ་རྒྱུ། ཨ་རི་ཆིག་སྒྲིལ་རྒྱལ་ཁབ་དང་། བྱང་ཨ་རིའི་དབྱིན་ཇིའི་མངའ་ཁོངས་བར་ས་མཚམས་དབྱེ་རྒྱུ་སོགས་གསལ་ཡོད་ཅིང་། ས་མཚམས་དངོས་སུ་དབྱེ་སྐབས་ཨ་རིར་ས་ཁྱོན་རྒྱ་ཆེ་ཐོབ་ཡོད། ཆིངས་ཡིག་དེ་ལ་ཕྱི་ལོ་ ༡༧༨༣ ཟླ་བ་ ༩ ཚེས་ ༣ ཉིན་དངོས་སུ་མིང་རྟགས་བཀོད་པས། དེ་ཉིན་ནས་དབྱིན་ཇི་སོགས་ཀྱི་གཞུང་འབྲེལ་ངོས་ལེན་ཡོད་པའི་ཨ་རི་ཆིག་སྒྲིལ་རྒྱལ་ཁབ་གསར་དུ་དབུ་བརྙེས་སོ།།

 

གོང་གསལ་ཆིངས་གྲོངས་སྐབས། རྩོད་གླེང་ཡང་བྱུང་བ་དཔེར་ན། དེ་སྔོན་ཨ་རིར་བཅའ་སྡོད་མི་རིགས་དཀར་པོའི་ཁོངས་ནས་མང་པོ་ཞིག་གིས། དབྱིན་ཇིའི་ཕྱོགས་སུ་ལངས་པ་རྣམས་ལ། དབྱིན་ཇི་དམག་ཕམ་རྗེས་ཨ་རིའི་ནང་དཀའ་ངལ་ཆེན་པོ་འཕྲད་དེ། ཁེ་ཎ་ཌ་སོགས་སུ་ཉེན་གཡོལ་དུ་སོང་བ་དང་། ཁོང་ཚོའི་ས་ཁང་རྒྱུ་དངོས་རྣམས་ཨ་རིའི་ཕྱོགས་ནས་བཙན་འཕྲོག་བྱས་ཡོད་སྟབས། དེ་དག་སླར་ཨ་རིར་ལོག་ཆོག་མིན་དང་། ལོག་རྗེས་རང་གི་ས་ཁང་རྒྱུ་དངོས་རང་བདག་ཆོག་མིན་སྐོར་ཨ་རི་དང་དབྱིན་ཇིའི་འདོད་ཕྱོགས་མི་མཐུན་པར་གྱུར། དབྱིན་ཇིའི་ངོས་ནས་དེ་ཚོ་ཨ་རིར་ཡང་བསྐྱར་ལོག་ཆོག་དགོས་པ་མ་ཟད། རང་གི་རྒྱུ་དངོས་སླར་དབང་ཆོག་དགོས་པའི་དགོས་འདུན་བཏོན་ཡང་ཨ་རིས་ཁས་ལེན་ཡེ་ནས་མ་བྱས། དེར་བརྟེན་དབྱིན་ཇིར་ཞེན་ཁོག་བྱེད་མཁན་དེ་ཚོ་ཚེ་མཇུག་ཆ་ཚང་ཨ་རིའི་ཕྱི་ལོགས་ལ་སྐྱེལ་དགོས་བྱུང་།

 

ཨ་རིའི་དམག་སྤྱི་ཆེན་མོ་འཇོར་ཇི་ ཝ་ཤིང་ཊོན་ལ་ཡོག་ཊོང་ནས་རྒྱལ་ཁ་ཐོབ་པའི་རྗེས་སུའང་། ད་དུང་དམག་འཁྲུག་ཡོངས་སུ་མཇུག་བསྒྲིལ་མིན་ངེས་པ་མེད་པས་མུ་མཐུད་དམག་དཔུང་གི་སྣེ་འཁྲིད་ནས་བཞུགས། འོན་ཀྱང་གྲོང་ཁྱེར་པེ་རི་སིར་དབྱིན་ཇི་དང་ཨ་རིའི་གཞུང་དབར་ཞི་གྲོས་ཀྱིས་ཆིངས་ཡིག་ལ་མིང་རྟགས་བཀོད་འཕྲལ། ཁོང་གིས་དམག་སྤྱིའི་གོ་གནས་ནས་བཤོལ་ཏེ་དམག་དཔུང་དང་ཁ་བྲལ། སྐབས་དེར་དམག་མི་མང་པོ་མིག་ཆུ་དབང་མེད་དུ་ཤོར། སྔོན་མ་གླེང་ཟིན་པའི་དམག་མི་འཇོ་སེབ་ མར་ཏིན་སྐབས་དེར་ཡང་ཝ་ཤིང་ཊོན་གྱི་དམག་མིའི་ཁོངས་སུ་ཡོད། ཁོང་གི་ཉིན་ཐོའི་ནང་། ང་ཚོ་ད་ཕན་ནང་མི་གཅིག་གི་བུ་སྤུན་ལྟར་མཉམ་དུ་ཡོང་ཞིང་། ད་ཆ་དུས་གཏན་དུ་སོ་སོར་ཁ་བྲལ་དགོས་རེད་སོགས་ཡིད་གདུང་ཆེན་པོས་བྲིས་འདུག

 

ཨ་རི་དང་དབྱིན་ཇིའི་བར་གྱི་དམག་འཁྲུག་ཡོངས་སུ་མཇུག་བསྒྲིལ་བ་དེ་དགའ་འོས་པ་ཞིག་ཡིན་ཀྱང་། ད་ཆ་རྒྱལ་ཁབ་གསར་པ་ཞིག་ཡིན་པར་བརྟེན་གདོང་ལེན་བྱ་དགོས་པའི་དཀའ་ངལ་མང་པོ་མཆིས། དཀའ་ངལ་དང་པོ་ནི་དཔལ་འབྱོར་གྱི་དཀའ་ངལ་རེད། ཨ་རིའི་གཞུང་ལ་འཕྲལ་ཕུགས་གཉིས་འཕེར་གྱི་དཔལ་འབྱོར་མེད་པས། ཐ་ན་དམག་འཁྲུག་ནང་སྲོག་བློས་གཏོང་གིས་དམག་འཐབ་བྱེད་མཁན་དམག་མི་ཚོའི་གླ་ཕོགས་ཀྱང་སྤྲོད་མ་ཐུབ་སྟབས། དམག་མི་མང་པོ་ཉམས་ཐག་པར་གྱུར་ཅིང་། འགའ་ཞིག་ནི་སྲང་ལམ་ནང་གི་སློང་མོ་བར་གྱུར། དམག་མི་འགའ་ཞིག་ནི་འུ་ཐུག་སྟེ། སྟོབས་ཞན་ནུས་མེད་ཀྱི་ཨ་རིའི་གཞུང་གསར་པ་མགོ་རྟིང་སློག་རྩིས་བྱེད། གནས་ཚུལ་དེ་གསན་རྗེས་འཇོར་ཇི་ ཝ་ཤིང་ཊོན་གྱིས་ཕྱི་ལོ་ ༡༧༨༣ ལོའི་ཟླ་བ་གསུམ་པའི་ནང་། དམག་མི་དེ་ཚོ་དང་ངོ་ཐུག་གནང་སྟེ། ཁོང་གི་ངོས་ནས་གླ་ཕོགས་དེ་དག་ཐོབ་ཐབས་གང་ཐུབ་གནང་རྒྱུ་ཡིན་པས། དམག་མི་ཚོར་རང་གིས་རང་གཅུན་ཏེ་ངང་རྒྱུད་རིང་ཙམ་བྱ་དགོས་པའི་སྐོར་བཀའ་སློབ་གནང་། འོན་ཀྱང་དེས་དམག་མི་ཚོར་སེམས་འགུལ་གང་ཡང་མ་ཐེབས། དེ་ནས་ཁོང་གིས་ཁུག་མའི་ནང་ནས་ཤོག་བུ་ཞིག་བཏོན་ཏེ། དམག་མི་ཚོར་ཀློག་རྩིས་གནང་སྐབས། སྤྱན་མི་གསལ་བས་ཡི་གེ་དེ་ཀློག་མ་ཐུབ། དེ་ནས་ཁོང་གིས་སྤྱན་ཤེལ་བཞེས་ཞོར། རྒྱལ་ཁབ་ལ་ཞབས་འདེགས་ཞུ་ཆེད་ངའི་མགོ་སྐྲ་དཀར་པོ་ཆགས་སོང་། ད་མིག་ལོང་བ་ཆགས་ས་རེད། ཅེས་གསུངས། བཀའ་མོལ་དེ་དམག་མི་ཚོས་གོ་བ་དང་སེམས་འགུལ་ཆེན་པོ་ཐེབས་ཏེ་ཚང་མ་ཁུ་སིམ་ངང་། རང་གནས་སུ་ལོག །

 

དམག་འཁྲུག་གི་དུས་ཡུན་རིང་། ཨ་རིས་གཙོ་བོ་ཧྥ་རན་སི་དང་། སི་པཎ། ཧོ་ལཎྜི་ནས་དངུལ་མང་པོ་གཡར་ཡོད། འོན་ཀྱང་དམག་ཐག་ཆོད་རྗེས། ཨ་རིའི་མངའ་སྡེ་བཅུ་གསུམ་གྱིས་ཁྲལ་འབུལ་གྱི་མེད་ལ། ཨ་རིའི་ལྷན་ཚོགས་ཀྱང་ནུས་པ་ཞན་སྟབས། མངའ་སྡེ་བཅུ་གསུམ་ལ་ནུས་ལྡན་གྱི་བཀའ་གཏོང་ཐུབ་ཀྱི་མེད། དེའི་དབང་གིས་བུ་ལོན་ཆེན་པོ་དེ་ཚོ་འཇལ་ཐབས་མ་མཆིས། དེ་བས་ཀྱང་ཚབས་ཆེ་བ་ཞིག་ནི། མངའ་སྡེ་བཅུ་གསུམ་རྣམས་ཀྱིས་རང་རང་གི་དངུལ་ཊམ་དང་ཤོག་སྒོར་བཟོས་ཀྱང་དེ་ཚོའི་ཛ་ཐང་ཆེ་ཆུང་ཇི་ཙམ་ཡིན་མིན་ངེས་གཏན་གང་ཡང་མེད། སྐབས་དེ་དུས་ཨ་རིའི་ནང་གི་མི་ཚོར་གང་ནས་ཡིན་མིན་སྐད་ཆ་དྲིས་ན། རང་ཉིད་ཡོང་སའི་མངའ་སྡེ་དེའི་མིང་སྨྲ་བ་ལས། ཨ་རི་ཆིག་སྒྲིལ་རྒྱལ་ཁབ་ནས་ཡིན་ཟེར་མཁན་ཧ་ལམ་མེད། དེ་སྔོན་དབྱིན་ཇིའི་བཙན་གནོན་དང་བཤུ་གཞོག་དབང་གིས། ཨ་རིའི་མངའ་སྡེ་རྣམས་ཆིག་སྒྲིལ་གང་ཙམ་བྱུང་ཡང་། ད་ཆ་དམག་འཁྲུག་མཇུག་བསྒྲིལ་རྗེས་འབྲེལ་ལམ་དང་ཆིག་སྒྲིལ་གྱི་གནས་སྟངས་སྡུག་ཏུ་སོང་ནས་རྒྱལ་ཁབ་ཅིག་ཡིན་པའི་འདུ་ཤེས་མེད་པ་ལྟ་བུར་གྱུར།

 

ལྷག་པར་དུ་ཨ་རིའི་ལྷན་ཚོགས་ལ་དོན་དམ་གྱི་དབང་ཆ་དང་ནུས་པ་མེད་པ་ཇེ་གསལ་དུ་གྱུར། མ་སི་ཆུ་སི་ཊི་(Massachusetts)མངའ་སྡེའི་ནང་། གཞུང་གི་རོགས་རམ་གནང་མ་ཐུབ་པའི་དབང་གིས་ཞིང་པ་ཚོའི་ས་ཞིང་བརླག་ཅིང་། དེ་ལ་ཞིང་པ་ཚོ་ཁོང་ཁྲོ་ལངས་ཏེ་ཟིང་སློང་ངོ་རྒོལ་ཤུགས་ཆེ་བྱས་པ་མ་ཟད། གཞུང་གི་གོ་མཛོད་ནས་མཚོན་ཆ་བརྐུ་རྩིས་བྱས། མ་སི་ཆུ་སི་ཊི་མངའ་སྡེས། ཨ་རིའི་ལྷན་ཚོགས་ལ་དེའི་ཐད་རོགས་རམ་གནང་རོགས་ཞུ་དུས་ལྷན་ཚོགས་ལ་གནང་རྒྱུ་ཅི་ཡང་མེད།  དེར་བརྟེན་ཞིང་པའི་ཟིང་ཆ་ལངས་ཤིང་། དྲག་ཟིང་དེ་ཚོའི་ཁྲོད་དུ་ཨ་རིའི་རྒྱལ་ཁབ་གསར་པ་དེ་རང་མགོ་ཐོན་མིན་ལ་མི་ཚོ་སེམས་ཁྲལ་བྱ་དགོས་བྱུང་།

 

སྐབས་དེར་འཇོར་ཇི་ ཝ་ཤིང་ཊོན་ནི་རྟ་ལ་ཆིབས་ཏེ། མངའ་སྡེ་ཝི་ཇི་ནི་ཡར་ཡོད་པའི་རང་གི་གཞིས་ཀར་ཕེབས་ཏེ། སོས་དལ་བག་ཕེབས་ཀྱི་ཚེ་མཇུག་སྐྱེལ་འདུན་བཅངས། ཁོང་གིས་སྐབས་དེར་བྲིས་པའི་ཡི་གེ་ཞིག་གི་ནང་དུའང་རང་གི་གཞིས་ཀའི་ཤིང་ཏོག་གི་སྡོང་པོའི་འོག་ཏུ་ངལ་གསོ་གནང་ནས་བཞུགས་རྒྱུ་སོགས་བྲིས་སྣང་། ཡིན་ནའང་ཁོང་གིས་དཀའ་ལས་བརྒྱབ་སྟེ་རྒྱལ་ཁ་བླངས་པའི་ཨ་རིའི་རྒྱལ་ཁབ་གསར་པའི་ནང་། ད་ལྟ་རྙོག་ཟིང་ལངས་ཡོད་པས། ཁོང་ལ་དེ་ལྟར་བཞུགས་ཁོམ་ག་ལ་ཡོད། དཀའ་རྙོག་ཆེན་པོ་དེ་ལས་གྲོལ་ཆེད། ཨ་རིའི་ལྷན་ཚོགས་ཟླ་བ་གསུམ་རིང་འཚོགས་ཏེ་གྲོས་བསྡུར་ཞིབ་ཕྲ་བྱས་ཤིང་། ལྷན་ཚོགས་དེའི་གཙོ་སྐྱོང་གནང་མཁན་དུ། སྤྱི་མོས་ཆེ་བའི་ཝ་ཤིང་ཊོན་གདན་འདྲེན་ཞུས། ཨ་རིའི་ལྷན་ཚོགས་ཀྱིས་ཨ་རིའི་འཕྲལ་གྱི་དཀའ་ངལ་དང་ཕུགས་རྒྱང་རིང་པོའི་ལས་དོན་དང་དམིགས་ཡུལ་སྐོར་ལ་གྲོས་བསྡུར་ཞིབ་ཚགས་བྱས་ཤིང་། གྲོས་བསྡུར་གྱི་བརྒྱུད་རིམ་ནང་། ཨ་རིའི་མངའ་སྡེ་རྣམས་ཕན་ཚུན་མཛའ་བརྩེ་དམ་ཟབ་ཀྱི་ཚོགས་སྡེ་ཙམ་ལས། དོན་དུ་མངའ་སྡེ་རང་རང་སྒེར་བཙན་པའི་ངོ་བོར་གནས་མུས་དེས་མི་འགྲིག་པར། ངེས་པར་དུ་དབང་ཆ་ཆེ་བའི་གཞུང་ཞིག་བཙུགས་ཏེ། གཞུང་དེའི་འོག་ཏུ་མངའ་སྡེ་ཁག་གནས་དགོས་པའི་ངོས་འཛིན་བྱུང་། དེའི་ཆེད་གཞུང་གི་ཡན་ལག་ཁག་དང་། མངའ་སྡེའི་བར་གྱི་འགན་དབང་གསལ་པོ་བཟོ་ཆེད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཤིག་དགོས་གལ་མཐོང་བས། ཕྱི་ལོ་ ༡༧༨༧ ལོའི་ཟླ་བ་ལྔ་པར་ཝ་ཤིང་ཊོན་དང་མངའ་སྡེའི་སྐུ་ཚབ་ཁག་ཅིག་ཧྥེ་ལ་རྡ་ཕི་ཡར་འཛོམས་ཏེ་གཞུང་གསར་པའི་རྩ་ཁྲིམས་ཟིན་བྲིས་སུ་བཏབ། གཞུང་གསར་པའི་ཁྱད་ཆོས་གཙོ་བོ་ནི། “རང་དབང་གི་མི་མང་ཆེད་དུ། མི་མང་གིས་བཙུགས་པའི་མི་མང་གི་གཞུང་ཡིན་པ་”དེ་རེད། ཚོགས་འདུ་དེའི་ནང་ཕེབས་མཁན་དགུང་ལོ་མཐོ་ཤོས་ནི་ང་ཚོས་དེ་སྔོན་ཡང་ཡང་གླེང་ཟིན་པའི་སྐུ་ཞབས་བྷན་ཇི་མན་ ཧྥེ་རན་ཀི་ལིང་(Benjamin Franklin)ཡིན་ཞིང་། དེ་དུས་ཁོང་དགུང་ལོ་ ༨༡ ལ་སླེབས་ཤིང་གཟུགས་པོ་མི་བདེ་བས་རྐུབ་སྟེགས་ཐོག་དབོར་དགོས་ཀྱི་ཡོད། ཡིན་ནའང་ཁོང་གི་རིག་པ་ད་དུང་ཡང་ཧ་ཅང་གྲུང་པོ་ཡིན།

 

རྩ་ཁྲིམས་ཟིན་བྲིས་ཐད་གྲོས་བསྡུར་བྱས་རྗེས་མངའ་སྡེ་བཅུ་གསུམ་ཚང་མས་འོས་ཤོག་འཕངས་ཤིང་མིང་རྟགས་བཀོད་ནས་གཏན་ལ་ཕབ། སྐུ་ཞབས་བྷན་ཇི་མན་གྱིས་རྩ་ཁྲིམས་གསར་པར་མིང་རྟགས་འགོད་དུས་མིག་ཆུ་དབང་མེད་དུ་ཤོར་ཞིང་། ཞལ་ནས་རྩ་ཁྲིམས་འདི་སྐྱོན་མེད་ཡང་དག་ཅིག་མིན་རུང་། ཧ་ཅང་ཡག་པོ་ཞིག་རེད་ཅེས་གསུངས།  རྩ་ཁྲིམས་གསར་པས་གཞུང་དེ། ཁྲིམས་བཟོའི་སྡེ་ཚན་གྲོས་ཚོགས་དང་། ལས་དོན་ལག་བསྟར་གྱི་སྡེ་ཚན་འཛིན་སྐྱོང་ངམ་སྲིད་འཛིན་ལས་ཁུངས། ལས་དོན་དང་བྱ་སྤྱོད་ཁྲིམས་ལྟར་བྱུང་ཡོད་མེད་ཐག་གཅོད་བྱེད་མཁན་གྱི་སྡེ་ཚན་ཁྲིམས་ཁང་བཅས་སྡེ་ཚན་གསུམ་དུ་ཕྱེ་ནས། སྡེ་ཚན་དེ་དག་ཕན་ཚུན་རྟོག་ཞིབ་དང་སྟངས་འཛིན་བྱེད་དགོས་པའི་སྲོལ་ཕྱེ་ཡོད། དེ་ནི་དེ་སྔོན་རྒྱལ་པོའི་རིང་ལུགས་སོགས་ཀྱི་སྐབས་སུ། གང་ཟག་ཅིག་གམ་སྡེ་ཚན་གཅིག་ལ། ཁྲིམས་ལུགས་གཏན་ལ་འབེབས་པ་དང་། བྱ་སྤྱོད་གང་ཞིག་ཁྲིམས་ལྟར་བྱུང་མིན་ཐག་གཅོད་བྱེད་པ། འཛིན་སྐྱོང་གི་ལས་དོན་ལག་བསྟར་བྱེད་པ་བཅས་ཀྱི་དབང་ཆ་ཡོངས་རྫོགས་ཡོད་པ་ཆགས་ཏེ། སུས་ཀྱང་དེ་ལ་རྟོག་ཞིབ་དང་སྟངས་འཛིན་བྱེད་མི་ཐུབ་པའི་སྐྱོན་ཆ་ཡོང་མུས་འགོག་ཐབས་ཤིག་རེད་ལ། གཞུང་དེ་མི་མང་རང་གི་གཞུང་ཡིན་པའི་མཚོན་དོན་ཡང་རེད། མི་མང་གི་ཐོབ་ཐང་ནང་དུ། ཨ་རིའི་མི་སེར་རྣམས་རང་གི་བསམ་ཚུལ་ཅི་འདྲ་ཞིག་ཡིན་ཡང་བཤད་ཆོག་པ་དང་། ཚགས་པར་དང་རྩོམ་ཡིག་སོགས་སུ་སྤེལ་ཆོག་པ། བསམ་ཚུལ་དེ་ཚོ་མི་སྒེར་རམ་ཚོགས་པ་བཙུགས་ཏེ་སྤེལ་ཆོག་པ། གཞུང་གི་ལས་དོན་ལ་མོས་མཐུན་མི་བྱེད་པ་སོགས་ཀྱི་རང་དབང་ཡོད་པ་གཏན་ལ་ཕབ་ཅིང་། དེ་ཚོ་ནི་འཛམ་གླིང་གི་ལོ་རྒྱུས་ནང་ཐོག་མར་བྱུང་བ་ཞིག་རེད།

 

འོན་ཀྱང་ཨ་རིའི་རྩ་ཁྲིམས་ཀྱིས། ཨ་རིར་ཡོད་མུས་ཀྱི་བྲན་གཡོག་མི་རིགས་ནག་པོ་རྣམས་ལ་རང་དབང་སྤྲད་མེད་པ་མ་ཟད། ཨ་རིའི་གདོད་མའི་མི་རིགས་རྒྱ་གར་བ་དམར་པོར་འབོད་པ་དག་ལའང་ཐོབ་ཐང་གང་ཡང་སྤྲད་མེད། ཁོང་ཚོར་རང་དབང་དང་འོས་ཤོག་འཕེན་པའི་དབང་ཆ་ཐོབ་པར་ལོ་མང་པོ་འགོར་བ་རེད།

 

རྩ་ཁྲིམས་གས

ཝ་ཤིང་ཊོན་གྱིས་ཨ་རིའི་སྲིད་འཛིན་གྱི་མཛད་ཁུར་ཐོག་མར་བཞེས་དུས་ཀྱི་རྣམ་པ།

ར་པའི་དགོངས་དོན་ལྟར་མི་མང་གིས་ཨ་རིའི་སྲིད་འཛིན་འོས་འདེམས་བྱས་ཤིང་། སྲིད་འཛིན་དང་པོར་འཇོར་ཇི་ ཝ་ཤིང་ཊོན་བདམས། འོན་ཀྱང་ཝ་ཤིང་ཊོན་ཐོག་མར་སྲིད་འཛིན་གནང་རྒྱུར་མཉེས་པོ་མ་བྱུང་། ཁོང་གིས་ང་ད་ལྟ་ལོ་ ༥༦ ལ་སླེབས་ཚར་སོང་། ངའི་ཕ་དང་བུ་སྤུན་ཚང་མ་ངའི་ལོ་ཚད་ལ་མ་སླེབས་གོང་ནས་གྲོངས་པ་རེད། གལ་སྲིད་ང་སྲིད་འཛིན་བྱེད་མུར་ཤི་ན་རྒྱལ་ཁབ་ལ་སྐྱོན་ཆེན་པོ་ཡོང་གི་རེད། ཅེས་གསུངས་པ་མ་ཟད། གལ་སྲིད་ང་སྲིད་འཛིན་ངན་པ་ཞིག་ཏུ་གྱུར་ན། ཨ་རི་བ་ཚོས་ངས་དམག་འཁྲུག་ནང་བྱས་རྗེས་བཞག་པ་རྣམས་བརྗེད་མ་ཡོང་ངམ་ཞེས་ཀྱང་གསུངས་མྱོང་། ཡིན་ནའང་ཐ་མ་ཁོང་གིས་སྲིད་འཛིན་གནང་རྒྱུའི་ཞལ་བཞེས་གནང་བས། ཕྱི་ལོ་ ༡༧༨༩ ལོར་ཁོང་ཨ་རིའི་སྲིད་འཛིན་ཐོག་མ་དང་། འཇོན་ ཨ་ཌམ་སྲིད་འཛིན་གཞོན་པ། ཨ་རིའི་རང་བཙན་བསྒྲགས་གཏམ་འབྲི་མཁན་ཐོ་མ་སེ་ འཇེ་ཧྥར་སོན་(Thomas Jefferson)རྒྱལ་དོན་དྲུང་ཆེ། དམག་འཁྲུག་སྐབས་ཐག་རིང་ནས་ཉེན་ཁར་མ་འཛེམས་པར་མེ་སྒྱོགས་དབོར་མཁན་ཧན་རེ་ ནོག་སེ་དམག་དོན་དྲུང་ཆེར་བསྐོས། ཝ་ཤིང་ཊོན་གྱིས་ཨ་རིའི་སྲིད་འཛིན་གནང་བའི་རིང་། ཁོང་གི་རྣམ་དཔྱོད་དང་དྲང་ཚུགས། སྒམ་ནན་ཆེན་པོའི་མཛད་ཕྱོགས་ལ་བརྟེན་ནས་ཨ་རིའི་རྒྱལ་ཁབ་མུ་མཐུད་མདུན་སྐྱོད་ཐུབ་པ་བྱུང་ཞིང་། ཨ་རི་བ་ཚོས་ད་ལྟའང་ཁོང་ནི་རྒྱལ་ཁབ་ཀྱི་ཡབ་ཆེན་དུ་བརྩིས་ཏེ་གུས་བཀུར་ཞུ་བཞིན་མཆིས་པ་བཅས་ཨ་རིའི་གསར་བརྗེ་ཞེས་པའི་དྲྭ་རྩོམ་མཇུག་རྫོགས་སོ།། །།

 

འདིའི་རྗེས་ནས་དུས་ཁོམ་བྱུང་ན། ཨ་རིའི་གསར་བརྗེ་དང་འབྲེལ་ཡོད་ཀྱི་མི་སྣ་འགའ་ཞིག་གི་ལོ་རྒྱུས་འབྲི་བར་འདོད་ཀྱང་། ལྷག་དཀར་ནམ་ཡིན་ལ་ཐེངས་རེ་སྤེལ་ཐུབ་པའི་ངེས་པ་མེད་དོ།། །།

བསྐྱར་བཅོས།: ༢༠༡༦/༠༢/༢༤

Leave a Reply

One thought on “ཨ་རིའི་གསར་བརྗེ། ༼ ༡༠ ༽

  1. ཆུང་ཚེ་རིང་ལགས། སྐུ་ཉིད་ཀྱི་ཨ་རིའི་ལོ་རྒྱུས་སྤེལ་རིམ་ཚང་མ་བཀླགས་ཡིན། ད་དུང་མུ་མཐུད་ནས་ཀློད་འདོད་ཆེན་པོ་ཡོད་པས་སྐུ་ཉིད་ཀྱིས་ཨ་རིའི་གསར་བརྗེ་སྐོར་སྤེལ་རྒྱུར་རེ་སྒུག་བྱས་ཏེ་སྡོད་རྒྱུ་ཡིན། ཐུགས་རྗེ་ཆེ།

བོད་ནང་བཙས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི། ཨོ་སི་ཊོ་ལི་ཡ་བཅས་སུ་སློབ་གྲྭ་དང་གཞུང་གི་ལས་ཁུངས་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ད་ལྟ་རིག་གཞུང་སྣ་མང་འཕྲོད་བསྟེན་ཞབས་ཞུ་ཁང་གི་ལས་འཆར་འགན་འཛིན་དང་།། རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་ཆེད་ལས་སྐད་སྒྱུར་བའི་འགན་ཁུར་བཞིན་ལས་ཞོར་དུ་ཡིག་སྒྱུར་དང་། ཉམས་ཞིབ། གསར་རྩོམ་བཅས་ལ་གཞོལ་བཞིན་མཆིས།

བརྙན།

No videos

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

ཀོ་རི་ཡ་ལྷོ་མ་དང་བྱང་མ།
ཆུང་ཚེ་རིང་ རིག་པ། (༠)
གངས་སྐྱིད་ཀྱི་བོད་ཡིག
ཆུང་ཚེ་རིང་ རིག་པ། (༥)
ཨ་རིའི་གསར་བརྗེ། ༼ ༡༠ ༽
ཆུང་ཚེ་རིང་ རིག་པ། (༡)
ཨ་རིའི་གསར་བརྗེ། ༼ ༩ ༽
ཆུང་ཚེ་རིང་ རིག་པ། (༠)
ཨ་རིའི་གསར་བརྗེ། ༼ ༨ ༽
ཆུང་ཚེ་རིང་ རིག་པ། (༤)
དེ་ལས་མང་།

རིག་པ་གསར་ཤོས།

བསྟན་པ་དར་རྒྱས།
ངང་སྒུག
ཀུན་དགའ་ལེགས་པ་
མེ་ལྕགས།
རྫ་ཚེ་རིང་བཀྲ་ཤིས།
ཆུང་ཚེ་རིང་
རེ་མདོ་སེངྒེ།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༡༥)
  • སྤྱིའི་མཆན་གྲངས། (༧༧)
  • སྤྱིའི་ཀློག་གྲངས། (༥༥༢༢)