ཆུང་ཚེ་རིང་། རིག་པ།(༠)

ལེའུ་གསུམ་པ། བྷོ་སེ་ཊོན་གྱི་ཇ་སྟོན།

 

རྩོམ་པ་པོ། ཆུང་ཚེ་རིང་།

སྤེལ་ས། བོད་ཀྱི་དུས་བབས།

སྤེལ་དུས། ༢༠༡༦།༡།༦ ལྷག་དཀར་ཉིན།

༄༅། །ཕྱི་ལོ་ ༡༧༧༣ ཟླ་བ་ ༡༢ ཚེས་ ༡༦ ཉིན་བྷོ་སེ་ཊོན་གྱི་གྲུ་ཁར། དབྱིན་ཇིའི་གྲུ་གཟིངས་དངོས་ཟོག་གིས་ཁེངས་པ་ཁ་ཤས་ཤིག་སླེབས་ཤིང་། དེ་དུས་གནས་སྟངས་ཞི་ཞིང་འཇམ་པ་ལྟར་སྣང་ཡང་། མི་རིང་བར་གྲུ་གཟིངས་དེ་ཚོས་རྙོག་གྲ་ཆེན་པོ་བསླངས། གྲུ་གཟིངས་དེ་ཚོའི་ནང་དབྱིན་ཇིའི་ཇ་ཡིས་ཁེངས་ཡོད་ཅིང་། ཇ་དེ་དག་ནི་རྒྱ་གར་ནང་རྟེན་གཞི་བྱས་པའི་དབྱིན་ཇིའི་ཚོང་གཉེར་ལས་ཁུངས་ཆེན་པོ་ཨི་སེ་ཊི་ ཨིན་ཌེ་ཡན་ ཀམ་པ་ནི་(The East Indian campany)ཞེས་པའི་རེད། ཚོང་གཉེར་ལས་ཁུངས་དེར་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་སེལ་ཆེད། ཇ་ཕོན་ཆེ་ཕྱིར་འཚོང་བྱེད་དགོས་ཐུག་ཅིང་། དབྱིན་ཇིའི་གཞུང་གིས་ཇ་དེ་དག་ཨ་རིར་ཐད་ཀར་བཙོང་ཆོག་པའི་ཁྲིམས་གཞི་ཡང་གཏན་འབེབས་བྱས།

 

གཏན་འབེབས་གསར་པ་ལྟར་ན། ཨ་རི་བ་ཚོས་དེ་ལ་ཡིན་མིན་ཟེར་ས་མེད་པར་ངེས་པར་ཉོ་དགོས་ཀྱི་ཡོད། མ་གཞི་ཨ་རི་བ་ཚོ་དབྱིན་ཇིའི་ཇ་ལ་དགའ་པོ་ཡོད་ཀྱང་། བཙན་དབང་གིས་ཇ་འབམ་ཚོང་བྱེད་པའི་སྤྱོད་ཚུལ་དེར་ཨ་རི་བ་ཚོ་མ་དགའ་བར། མི་མང་པོས་དབྱིན་ཇིའི་ཇ་འཐུང་མཚམས་བཞག་པ་དང་། ཁ་ཤས་ཀྱིས་ཉེ་ཁོར་གྱི་སྨན་རྩྭ་སྡེབས་སྦྱོར་བྱས་ཏེ་ཇ་གསར་པ་ཡང་བཟོས། མཁས་པ་འགའ་ཞིག་གིས། ཨ་རིར་འཚིག་ཇ་ཧ་ཅང་དར་ཆེ་བ་དེ། སྐབས་དེ་ཙམ་ནས་བཟུང་ཨ་རི་བས་དབྱིན་ཇིར་ངོ་རྒོལ་གྱི་ཆེད་དུ་ཇ་འཐུང་མཚམས་བཞག་པའམ་ཇེ་ཉུང་དུ་བཏང་བ་དང་ཆབས་ཅིག སྐོམ་སེལ་དུ་འཚིག་ཇ་སྤྱད་པ་ལས་བྱུང་བར་བཤད་འདུག་པས་བདེན་ཆ་ཡོད་སྲིད།

 

དབྱིན་ཇིའི་ཇ་མ་གཏོགས་ཇ་གཞན་ཉོས་མི་ཆོག་པའི་སྐོར་གསལ་བསྒྲགས་བྱས་རྗེས། མང་ཚོགས་སྟོང་ཕྲག་མང་པོ་འཛོམས་ནས་གྲོས་བསྡུར་བྱས་ཏེ། ཁྲིམས་དེ་དྲང་པོ་མིན་པ་དང་། ཇ་རྣམས་ཕྱིར་གཏོང་དགོས་ལུགས་ཀྱི་དགོས་འདུན་བཏོན། འོན་ཀྱང་དབྱིན་ཇིའི་གཞུང་གི་སྐུ་ཚབ་ཀྱིས་ཉན་འཇོག་བྱ་རྒྱུ་ལས་ལྡོག་སྟེ། གྲུ་གཟིངས་འདི་ཚོ་སྟོང་པ་མ་ཆགས་བར་ཕྱིར་རྩ་བ་ནས་གཏང་གི་མིན་ཞེས་བཤད།

 

དེ་ནས་གཟའ་འཁོར་གཉིས་རྗེས་ཀྱི་མཚན་མོ་ཞིག་ལ། རང་དབང་གི་བུ་ཕྲུག་ཚོགས་པ་ཞེས་པའི་འགོ་གཙོ་རྩིང་སྤྱོད་ལ་སྐད་གྲགས་ཡོད་པ། མིང་ལ་ས་མུལ་ ཨ་ཌམ་(Samuel Adams)ཟེར་བའི་སྐྱེ་བོ་ཞིག་དང་། དེའི་རོགས་པ་མིང་ལ་འཇོན་ ཧན་ཀོག་(John Hancock)ཟེར་བ་གཉིས་ཀྱིས་སྣེ་འཁྲིད་པའི་མི་བརྒྱ་སྐོར་ཞིག་གིས་ལུས་ལ་ཨ་རིའི་གདོད་མའི་མི་རིགས་ཀྱི་ཆ་ལུགས་སྤྲས། ངོ་ལ་རྩི་ནག་པོ་Boston_Tea_Party-1973_issue-3cབྱུག །ཞྭ་ལ་བྱ་སྒྲོ་བཙུགས། ལག་ལ་སྟ་རེ་ཐོགས་ཏེ་བྷོ་སེ་ཊོན་གྱི་གྲུ་ཁར་གཤར་ནས་དབྱིན་ཇིའི་གྲུ་གཟིངས་ནང་འཛུལ། རྩ་ཆེའི་ཇ་སྒམ་ ༣༤༢ དང་། དེ་མིན་གྱི་དངོས་ཟོག་ཡོད་ཚད་གཏོར་ཏེ་མཚོའི་ནང་གཡུག །དེའི་རྗེས་ཁོང་ཚོ་ཁ་འཐོར་དུ་སོང་བས་མཐོང་ལམ་དུ་མེད་པར་གྱུར།

 

ཕྱི་ཉིན་ཞོགས་པ་མི་ཚོ་གཉིད་ལས་སད་སྐབས། བྷོ་སེ་ཊོན་གྱི་མཚོ་ཁར་ཇ་སྒམ་ཆག་རོ་དང་ཇ་ལོས་ཁེངས་པས། མི་ཚོས་རྩེད་མོ་དང་སྦྲགས་དེ་ལ་“ བྷོ་སེ་ཊོན་གྱི་ཇ་སྟོན་”ཞེས་བཏགས། ཨ་རིའི་ཡུལ་སྡེ་གཞན་ཚོས་གནས་ཚུལ་དེ་གོ་བས་ཧ་ཅང་དགའ་པོ་བྱུང་ཞིང་། བྷོ་སེ་ཊོན་གྱི་ཆང་ཁང་ཁག་གི་ནང་དུ་ཡང་གནས་ཚུལ་དེ་མཚོན་པའི་ཆང་གཞས་གསར་པ་ཁྱབ།

 

གནས་ཚུལ་དེ་ཐ་མ་དབྱིན་རྒྱལ་འཇོར་འཇིའི་སྙན་དུ་འཁྱོལ་སྐབས་ཁོང་སྐུ་རླུང་བཞེངས་ཏེ། ཁོ་ཚོས་ཇ་རིན་མ་འཇལ་བར་དུ། བྷོ་སེ་ཊོན་གྱི་གྲུ་ཁ་སྒོ་རྒྱོབས་ཞེས་བཤད་ཅིང་། དབྱིན་ཇིའི་གྲོས་ཚོགས་ཀྱིས་ཀྱང་། བྷོ་སེ་ཊོན་གྱི་གྲུ་ཁ་སྒོ་རྒྱག་དགོས་པ་དང་།  ཨ་རིའི་ནང་གི་རང་སྲིད་རང་སྐྱོང་གི་དབང་ཆ་ཉུང་དུ་བཏང་བ་སོགས་བྱས། དབྱིན་ཇིའི་སེམས་ནང་། ཨ་རིའི་གཞིས་ཆགས་ཁག་ནི་སྦྲུལ་དང་འདྲ་ཞིང་། བྷོ་སེ་ཊོན་ནི་སྦྲུལ་གྱི་མགོ་རེད། མགོ་དེ་བཅད་བཞག་ན་གཞན་རྣམས་ལ་བྱ་རྒྱུ་གང་ཡང་མེད་བསམས་པ་རེད།

 

བྷོ་སེ་ཊོན་གྱི་གྲུ་ཁ་སྒོ་བརྒྱབ་པ་མ་ཟད། གྲོང་ཁྱེར་ནང་དུ་དམག་མི་ཡང་བསྐྱར་བཏང་བས། སྟོད་གོས་དམར་པོ་ཅན་གྱི་དམག་མིས་གྲོང་ཁྱེར་གྱི་སྲང་ལམ་ཁེངས་ཏེ། ཨ་རི་བ་རྣམས་ལ་རང་ཉིད་གྲལ་རིམ་གཉིས་པ་ཡིན་པ་ལྟ་བུའི་ཚོར་སྣང་དང་འཇིགས་སྣང་མཉམ་གཅིག་ཏུ་སྐྱེ་དགོས་པ་བཟོས། བྷོ་སེ་ཊོན་གྱི་གྲུ་ཁ་སྒོ་བརྒྱབ་པས་ཡུལ་གཞན་ནས་གྲུ་གཟིངས་ཚུར་ཡོང་བ་དང་། བྷོ་སེ་ཊོན་ནས་གྲུ་གཟིངས་ཕར་འགྲོ་བ་གཉིས་ཀ་མི་ཐུབ་པས་ཚོང་ལམ་ཆད་པ་མ་ཟད། ཉ་འཛིན་པར་ཡང་འགྲོ་མི་ཐུབ། དེར་བརྟེན་བྷོ་སེ་ཊོན་གྱི་མི་ཚོར་བཟའ་བཏུང་ལྡང་ངེས་ཤིག་ཡོང་དང་མི་ཡོང་ཐད་ལའང་སེམས་ཁྲལ་བྱུང་།

 

བྷོ་སེ་ཊོན་གྱི་མི་རྣམས་གྲོས་བྱས་མཐར། ཨ་རིའི་ནང་གི་དབྱིན་ཇིའི་མི་སེར་སྤེལ་ཡུལ་གཞིས་ཆགས་གཞན་བཅུ་གཉིས་ཀྱིས་ཁོང་ཚོའི་གནས་སྟངས་ཤེས་རྟོགས་ཐུབ་པ་དང་། རྒྱབ་སྐྱོར་ཐོབ་ཐབས་བྱ་དགོས་པའི་ངོས་འཛིན་བྱུང་། དེར་བརྟེན་མྱུར་མགྱོགས་ཀྱི་རྟ་ལ་བཞོན་པའི་བང་ཆེན་མངགས་ཏེ་གཞིས་ཆགས་གཞན་བཅུ་གཉིས་ལ་རང་གི་གནས་ཚུལ་ཡིག་ཐོག་ནས་གསལ་པོ་བཤད་པ་དང་འབྲེལ་རྒྱབ་སྐྱོར་ཡོང་བ་ཞུས། གཞིས་ཆགས་ཁག་བཅུ་གཉིས་ཀྱིས་གནས་ཚུལ་དེ་ཐོས་སྐབས། དབྱིན་ཇིའི་རྒྱལ་པོའི་གནང་སྟངས་ལ་མ་མོས་པ་ཆེན་པོ་བྱུང་བ་མ་ཟད། ད་རེས་བྷོ་སེ་ཊོན་ལ་རྒྱབ་སྐྱོར་མ་བྱས་ན། མ་འོངས་པར་རང་གི་གཞིས་ཆགས་ལའང་རྒྱལ་པོས་དེ་ལྟ་བུ་བྱེད་སྲིད། བྷོ་སེ་ཊོན་གྱི་ཐོབ་དབང་ཤོར་ན། ང་ཚོའི་ཐོབ་དབང་ཡང་ཏན་ཏན་ཤོར་ངེས་རེད་སྙམ་སྟེ། ཚང་མས་བྷོ་སེ་ཊོན་ལ་རྒྱབ་སྐྱོར་བྱས་པ་དཔེར་ན། ནིའུ་ཡོག་(New York)གིས་ལུག་དང་། ལྷོ་ཁ་རོ་ལི་ན་(South Carolina)ཡིས་འབྲས། མ་རའེ་ལནྜིས་(Maryland)བག་ལེབ། ཀོན་ནེག་ཊི་ཀ་ཊི་(Connecticut)དང་། རྡེ་ལ་ཝ་རེས་(Delaware)དངུལ་གྱི་རོགས་རམ་བྱས་ཏེ། ཨ་རིའི་མི་སེར་སྤེལ་ཡུལ་གྱི་གཞིས་ཆགས་ཁག་རྡོག་རྩ་གཅིག་སྒྲིལ་དང་སྐྱིད་སྡུག་མཉམ་མྱོང་ཆགས།

 

ཨ་རིའི་གཞིས་ཆགས་ཁག་རྡོག་རྩ་གཅིག་ཏུ་བསྒྲིལ་བ་དེས་དབྱིན་ཇི་ཧོན་འཐོར། དེ་སྔོན་ཨ་རིའི་གཞིས་ཆགས་ཕན་ཚུན་བར་མཐུན་སྒྲིལ་ཧ་ལམ་མེད་པར་རྒྱུན་དུ་དོན་ཆུང་ལའང་འཐབ་ཅིང་རྩོད། ནིའུ་ཡོག་གི་ཉེ་འགྲམ་ལ་ཡོད་པའི་ནིའུ་འཇར་སི་(New Jersey)གཞིས་ཆགས་ཀྱིས་ནིའུ་ཡོག་ལ་རྩ་བ་ནས་མི་དགའ། བྱང་ཕྱོགས་ཀྱི་གཞིས་ཆགས་རྣམས་ལྷོ་ཕྱོགས་ཀྱི་གཞིས་ཆགས་ལ་མི་དགའ། འོན་ཀྱང་ད་ཆ་གཞིས་ཆགས་དེ་དག་ཚང་མ་ཁྱིམ་ཚང་གཅིག་ལྟར་བྷོ་སེ་ཊོན་གྱི་མཐའ་འཁོར་དུ་ལངས་ཏེ་ཆིག་སྒྲིལ་བྱས་པ་དེ་ནི་ཨ་རིའི་ལོ་རྒྱུས་ཐོག་གི་བྱུང་བ་ཁྱད་དུ་འཕགས་པ་ཞིག་རེད་ལ། དེ་ལས། དབྱིན་ཇིའི་རྒྱལ་པོས་བྷོ་སེ་ཊོན་གྱི་གྲུ་ཁ་སྒོ་བརྒྱབ་པ་དེ་ནོར་འཁྲུལ་གྱི་སྲིད་བྱུས་ཤིག་ཡིན་པའང་ར་སྤྲོད་བྱུང་བ་རེད།

 

གཞིས་ཆགས་མཉམ་སྦྲེལ་གྱིས་དབྱིན་ཡུལ་གྱིས་ཨ་རིར་འཛིན་པའི་སྲིད་བྱུས་ཐད་མ་འདོད་པ་ཇི་བྱུང་སྟོན་ཆེད་དུ། འཇོར་ཇི་ཡ་(Georgia འཇོར་ཇི་ཡ་ནི་སྐབས་དེར་གདོད་མའི་ཡུལ་མི་དང་འཐབ་འཁྲུག་བྱེད་བཞིན་ཡོད་པར་དབྱིན་ཇིའི་རྒྱབ་སྐྱོར་མཁོ་བས་ལྷན་ཚོགས་འདིར་མཉམ་ཞུགས་བྱས་མེད།)གཞིས་ཆགས་ཕུད་པའི་གཞིས་ཆགས་ཚང་མའི་སྐུ་ཚབ་བསྡོམས་ ༥༦ རྣམས་ཕྱི་ལོ་  ༡༧༧༤ ལོར་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡར་འཛོམས་ཏེ་འབྱུང་འགྱུར་གྱི་མདུན་ལམ་སྐོར་གྲོས་བསྡུར་བྱས། སྐུ་ཚབ་དེ་ཚོའི་ཁོངས་ཞིང་པ་དང་། དགེ་རྒན། སྨན་པ། ཁྲིམས་རྩོད་པ། ཚོང་པ་སོགས་ལས་རིགས་འདྲ་མིན་མང་པོ་ནས་

ཨ་རིའི་ལྷན་ཚོགས་ཐེངས་དང་པོ་འཚོགས་སའི་ཚོགས་ཁང་།

ཨ་རིའི་ལྷན་ཚོགས་ཐེངས་དང་པོ་འཚོགས་སའི་ཚོགས་ཁང་།

ཡོད་ཅིང་ཕལ་མོ་ཆེ་དེ་སྔོན་ཕན་ཚུན་ཐུག་མྱོང་མེད། ཚོགས་འདུ་ཆེན་པོ་འདིར། གླིང་ཆེན་གྱི་ཀོང་རེ་སེ་དང་པོ་(First Continental Congress)ཟེར། ཀོང་རེ་སེ་ཞེས་པ་དེ་སྐབས་དོན་ལ་གཞིགས་ཏེ་དོན་མི་འདྲ་བ་ལ་འཇུག །འདིར་ཨ་རིའི་ནང་གི་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཡིན་པའི་གཞིས་ཆགས་ཁག་གི་སྐུ་ཚབ་ལྷན་དུ་ཚོགས་ཏེ་གནད་དོན་འདྲ་མིན་ལ་གྲོས་བསྡུར་དང་ཐག་གཅོད་བྱེད་མཁན་གྱི་ཚོགས་པ་ཡིན་པས། དྲ་རྩོམ་འདིའི་ནང་། ཕྲན་གྱིས་ཀོང་རེ་སེ་ལ་ལྷན་ཚོགས་ཞེས་བསྒྱུར་ཡོད། འདིའི་གཤམ་ནས་ཨ་རིའི་ལྷན་ཚོགས་དང་པོ་དང་། ཨ་རིའི་ལྷན་ཚོགས་གཉིས་པ་ལྟ་བུ་མང་དུ་འབྱུང་བས། འདི་ཀོང་རེ་སིའི་སྐད་དོད་ཡིན་པ་མཁྱེན་དགོས། ལྷན་ཚོགས་དེའི་སྐབས་སྐུ་ཚབ་ཚང་མས་དབྱིན་ཇིའི་རྒྱལ་པོས་བཀའ་གང་གནང་ལ་ཉན་རྐྱང་མ་ཡིན་པར་གཅིག་བྱེད་དགོས་འདུག་དྲན་ཡང་། མང་ཆེ་བས་དབྱིན་ཇི་དང་མུ་མཐུད་ཞི་མཐུན་འགྲིག་ཆགས་ཡོང་རེ་མ་གཏོགས་ཁྲག་བཞུར་སྲོག་ཤོར་གྱི་དམག་འཁྲུག་བྱེད་འདོད་མེད། ལྷན་ཚོགས་དང་པོ་དེ་ཁྱོན་གཟའ་འཁོར་བདུན་གྱི་རིང་འཚོགས་ཏེ། གཞིས་ཆགས་ཁག་གི་དཀའ་ངལ་སྐོར་ལ་གྲོས་བསྡུར་བྱས་པ་མ་ཟད། དེ་ཚོའི་ཐོབ་ཐང་ཇི་དགོས་ཐོ་འགོད་བྱས། ཐོ་དེ་གཞི་བཟུང་ཁོང་ཚོས་དབྱིན་ཇིའི་རྒྱལ་པོར་གུས་ཞབས་ལྡན་པའི་སྙན་ཞུ་ཞིག་བྲིས་ཏེ་དགོས་འདུན་མཚོན་པར་བྱས་ཤིང་། དགོས་འདུན་གྱི་སྙིང་པོ་ནི། ཨ་རིར་རང་དབང་དགོས་པའི་སྐོར་རེད།

 

གཞན་ཡང་ལྷན་ཚོགས་དེས། དབྱིན་ཇིའི་གཞུང་དང་འགྲིག་ཆགས་མ་བྱུང་བར། དབྱིན་ཡུལ་ནས་ཐོན་པའི་གྱོན་གོས་དང་། ཇ། ཡང་ལཱ་སོགས་དངོས་རྫས་གང་ཡང་མི་ཉོ་བ་དང་བེད་སྤྱོད་མི་བྱེད་པའི་ཐག་གཅོད་བྱས་པ་མ་ཟད། དགོས་གལ་བྱུང་ན་ཡང་བསྐྱར་མཉམ་འཛོམས་ཀྱིས་གྲོས་བསྡུར་བྱ་རྒྱུའི་ཐག་གཅོད་བྱས། མདོར་ན་ལྷན་ཚོགས་དེས་ཕྱོགས་གཅིག་ནས་རང་གི་དགོས་འདུན་གསལ་འདོན་གྱིས་དབྱིན་ཇི་དང་ཞི་མཐུན་ཡོང་ཐབས་བྱས་པ་དང་མཉམ་དུ། དགོས་འདུན་དེ་ཚོ་མངོན་འགྱུར་ཡོང་བའི་ཆེད་དུ། དགོས་ངེས་ཀྱི་ལས་དོན་ཡང་བརྩམས་པ་རེད། གོང་ལོའི་ཕྱི་ཟླ་བཅུ་པའི་ནང་ལྷན་ཚོགས་དེ་གྲོལ་སྐབས། སྐུ་ཚབ་ཚང་མའི་སེམས་ནང་རེ་བས་ཁེངས་ཡོད་ཅིང་། དོན་དམ་དུ་ཁོང་ཚོ་དབྱིན་ཇིའི་དབང་སྒྱུར་དང་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་བཅས། བྷོ་སེ་ཊོན་གྱི་ཇ་སྟོན་ཞེས་པའི་ལེའུ་གསུམ་པ་རྫོགས་སོ།། །།

 

ཨ་རི་དང་དབྱིན་ཇིའི་བར་གྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་སོང་སྟེ། མཐར་དམག་འཁྲུག་ལངས་པའི་སྐོར་མཁྱེན་པར་འདོད་ན། ལེའུ་བཞི་པ། འཛམ་གླིང་ཡོངས་ཀྱིས་ཐོས་པའི་མེ་མདའི་སྐད་སྒྲ་ཞེས་པར་གཟིགས་པར་འཚལ།

 

(རྩོམ་ཡིག་འདི་བྲིས་ཚར་རིམ་བཞིན་ལྷག་དཀར་ནམ་ཡིན་ལ་རིམ་ཅན་དུ་སྤེལ་བ་ཞིག་ཡིན། དུས་ཚོད་དཀོན་པའི་དབང་གིས་ཚིག་དོན་གཉིས་ཀར་སྐྱོན་ཆ་ཡོད་ངེས་པས། ཀློག་པ་པོ་ཚོས་ཡིག་ནོར་གཅིག་མཐོང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་དེ་བཟོ་བཅོས་ཀྱི་རོགས་རམ་གནང་རོགས། གཞན་ཡང་རྩོམ་འདི་བཀླགས་པ་ལས་བྱུང་བའི་མྱོང་ཚོར་དང་བསམ་ཚུལ་ག་རེ་བྱུང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་ན་དགའ་བསུ་ཡོད། ཐུགས་རྗེ་ཆེ།)

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

བརྙན།

No videos

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

ཀོ་རི་ཡ་ལྷོ་མ་དང་བྱང་མ།
ཆུང་ཚེ་རིང་། རིག་པ། (༤)
གངས་སྐྱིད་ཀྱི་བོད་ཡིག
ཆུང་ཚེ་རིང་། རིག་པ། (༦)
ཨ་རིའི་གསར་བརྗེ། ༼ ༡༠ ༽
ཆུང་ཚེ་རིང་། རིག་པ། (༡)
ཨ་རིའི་གསར་བརྗེ། ༼ ༩ ༽
ཆུང་ཚེ་རིང་། རིག་པ། (༠)
ཨ་རིའི་གསར་བརྗེ། ༼ ༨ ༽
ཆུང་ཚེ་རིང་། རིག་པ། (༤)
དེ་ལས་མང་།

རིག་པ་གསར་ཤོས།

བསྟན་པ་དར་རྒྱས།
གཞོན་ནུ་ཟླ་མེད།
ངང་སྒུག
ཤེས་རབ་འོད་ཟེར།
ཤེས་རབ་འོད་ཟེར།
ཀུན་དགའ་ལེགས་པ་

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༡༣)
  • སྤྱིའི་མཆན་གྲངས། (༥༩)
  • སྤྱིའི་ཀློག་གྲངས། (༥༢༠༩)