ཆུང་ཚེ་རིང་། རིག་པ།(༢)

ལེའུ་ལྔ་པ།  བྷོ་སེ་ཊོན་གྱི་དམག་འཁྲུག

 

རྩོམ་པ་པོ། ཆུང་ཚེ་རིང་།

སྤེལ་ས། བོད་ཀྱི་དུས་བབས།

སྤེལ་དུས། ༢༠༡༦།༡།༢༠ ལྷག་དཀར་ཉིན།

༄༅།། ཨ་རིའི་དང་བླངས་སྐད་ཅིག་མི་སྣས་དབྱིན་ཇིའི་དམག་མི་བྷོ་སེ་ཊོན་བར་བསྐྲད་རྗེས་ད་ཆ་དབྱིན་དམག་ཚོས་བྷོ་སེ་ཊོན་གྲོང་ཁྱེར་བཟུང་སྟེ་གནས་ཤིང་། ཨ་རིའི་དམག་མི་ཚོས་བྷོ་སེ་ཊོན་གྱི་མཐའ་སྐོར་ཏེ་མཚོ་ལམ་བརྒྱུད་ནས་མ་གཏོགས་དེ་མིན་ཕྱོགས་གང་ནས་ཀྱང་དབྱིན་དམག་ཕར་ཚུར་འགྲོ་འོང་མི་ཐུབ་པ་བཟོས། དུས་དེར་དབྱིན་ཇི་དང་ཨ་རི་ཕྱོགས་གཉིས་ཀྱི་གནད་ཡོད་མི་སྣ་ཐུག་སྟེ། གྲོང་ཁྱེར་བྷོ་སེ་ཊོན་གྱི་ནང་དུ་ཡོད་ཀྱང་དབྱིན་ཇིའི་རྒྱལ་ཁབ་ལ་མ་དགའ་མཁན་གྱི་མི་རྣམས་བྷོ་སེ་ཊོན་ནས་ཁ་བྲལ་ཆོག་པ་དང་། བྷོ་སེ་ཊོན་གྱི་ཕྱི་ལོགས་སུ་ཡོད་ཀྱང་དབྱིན་ཇིའི་རྒྱལ་ཁབ་ལ་ཞེན་ཁོག་ཡོད་མཁན་ཚོ་བྷོ་སེ་ཊོན་དུ་སྤོ་ཆོག་པའི་མོས་མཐུན་བྱུང་། ཆོད་དོན་དེ་དངོས་སུ་ལག་བསྟར་བྱེད་སྐབས་བྷོ་སེ་ཊོན་ནས་ཁ་བྲལ་མཁན་དང་བྷོ་སེ་ཊོན་དུ་འགྲོ་མཁན་གཉིས་ཀས་སྐབས་གཅིག་རིང་ལམ་ཁ་ཁེངས། བྷོ་སེ་ཊོན་ལ་འགྲོ་མཁན་ཚོར་“རྒྱལ་ཞེན་པ་”ཟེར། གང་ཡིན་ཟེར་ན། ཁོང་ཚོས་དབྱིན་ཇིའི་རྒྱལ་པོ་དང་རྒྱལ་ཁབ་ལ་གུས་བརྩི་དང་ཞེན་ཁོག་བྱེད་པས་རེད། བྷོ་སེ་ཊོན་ནས་ཁ་བྲལ་མཁན་ཚོར་“ངོ་ལོག་པ་”ཟེར། གང་ཡིན་ཟེར་ན། ཁོང་ཚོས་དབྱིན་ཇིའི་དབང་བསྒྱུར་ལ་ངོ་རྒོལ་གྱིས་ཨ་རི་རང་བཙན་བྱེད་འདོད་པས་རེད།

 

སྐབས་དེ་དུས་ཨ་རི་བ་ཚོའི་ཁྲོད་དུ་དབྱིན་ཇིར་རྒྱལ་ཞེན་བྱེད་མཁན་མང་པོ་ཡོད་ལ། དབྱིན་ཇིར་རྩ་བ་ནས་མི་དགའ་མཁན་ཡང་མང་པོ་ཡོད། ཆབ་སྲིད་ཀྱི་ལངས་ཕྱོགས་འདིས་ཁྱིམ་ཚང་ནང་དུའང་དཀའ་ངལ་བཟོ་བཞིན་ཡོད་པ་དཔེར་ན། ཕ་རྒྱལ་ཞེན་པ་ཡིན་ཡང་བུ་ངོ་ལོག་པར་གྱུར་པ་དང་། གཅེན་པོ་རྒྱལ་ཞེན་པ་ཡིན་རུང་། གཅུང་པོ་ངོ་ལོག་པར་གྱུར་པ་ལྟ་བུ་རེད། དེའི་དཔེ་མཚོན་ཡག་ཤོས་ཤིག་ནི། ལེའུ་དང་པོའི་ནང་དུ་གླེང་ཟིན་པའི་མི་སྟེ། སྦྲུལ་གཟུགས་དུམ་བུར་གཏུབས་པའི་རི་མོའི་གཤམ་དུ། “བསྒྲིལ་ལམ་འཆི་”ཞེས་འབྲི་མཁན་བྷན་ཇི་མན་ ཧྥེ་རན་ཀི་ལིང་རེད། སྐུ་ཞབས་བྷན་ཇི་མན་ལགས་ངོ་ལོག་པ་ཞིག་ཡིན་རུང་། ཁོང་གི་བུ་ཝི་ལི་ཡམ་ནི་རྒྱལ་ཞེན་པ་ཞིག་རེད། ཁོང་གཉིས་སྔོན་མ་འཆམ་པོ་ཡོད་ཀྱང་། ཨ་རི་དང་དབྱིན་ཇིའི་དམག་འཁྲུག་གི་སྐབས་སུ་ཆབ་སྲིད་ཀྱི་ལངས་ཕྱོགས་དབང་གིས་ཁོང་གཉིས་དབར་ཁ་རྩོད་དྲག་པོ་བྱུང་ཞིང་། དེ་ནས་བཟུང་མི་ཚེ་གཅིག་རིང་ཕན་ཚུན་ཁ་གྲགས་རེས་མེད་པར་གྱུར།

 

ཕྱི་ལོ་ ༡༧༧༥ ལོའི་ཟླ་བ་དྲུག་པའི་ནང་། ལེའུ་སྔ་མའི་ནང་གླེང་ཟིན་པའི་ལེག་སེ་ཊོན་དང་ཀོང་ཀོར་ཌི་གྲོང་བརྡལ་གྱི་དམག་འཁྲུག་སྐོར་ཨ་རིའི་གཞིས་ཆགས་ཁག་བཅུ་གསུམ་ནང་ཁྱབ། ཁྱབ་སྟངས་དེ་ཡང་དབྱིན་དམག་གིས་ཐོག་མར་མེ་མདའ་འཕེན་ཚུལ་གྱི་གནས་ཚུལ་དང་སྦྲགས་ཏེ་ཁྱབ། དེར་བརྟེན་རང་དབང་གི་བུ་ཕྲུག་ཚོགས་པའི་ཚོགས་མི་ཚོ་ཁོང་ཁྲོས་མྱོས་ཏེ། “རྒྱལ་ཞེན་པ་”ཚོའི་ཁྱིམ་ཚང་ནང་འཛུལ་ཏེ་ཁོང་ཚོའི་ལུས་ལ་སྣུམ་ནག་བྱུགས་ནས་བྱ་སྤུ་བཙུགས་པ་སོགས་བརྙས་བཅོས་བྱས། གྲོང་བརྡལ་ཆེ་ཆུང་སོ་སོའི་ལྷ་ཁང་ཁག་གིས་དྲིལ་བརྡ་བསྒྲགས་ཏེ། མི་ཚོར་ད་ཆ་མེ་མདའ་འཁྱེར་ཏེ་དམག་ལ་འགྲོ་རན་པའི་བརྡ་བཏང་། ཨ་རིའི་ཞིང་པ་དང་། ལྷམ་བཟོ་བ། ཚོང་པ་སོགས་ཀྱིས་རང་རང་གི་ལས་ཀ་བཞག་སྟེ་དམག་ནང་ཞུགས་པས་དམག་དཔུང་གསར་པ་ཞིག་གྲུབ་ཅིང་། དེ་དག་ལས་མང་ཆེ་བ་བྷོ་སེ་ཊོན་གྱི་མཐའ་བསྐོར་བའི་དམག་དཔུང་གི་ཁོངས་སུ་ཞུགས་སོ།།

 

ཕྱི་ཟླ་དྲུག་པའི་ཞོགས་པ་ཞིག་ལ། སྟོད་གོས་དམར་པོ་ཅན་གྱི་དབྱིན་དམག་ཚོ་གཉིད་ལས་སད་སྐབས་རང་གི་མིག་གཉིས་ལའང་ཡིད་མི་ཆེས་པའི་གནས་ཚུལ་ཞིག་བྱུང་ཡོད་པ་མཐོང་། དེ་ཡང་མདང་ནུབ་དབྱིན་དམག་ཉལ་སྐབས་བྷོ་སེ་ཊོན་གྱི་ཉེ་འདབས་ཀྱི་རི་ཆུང་བྷུང་ཀར་(Bunker)སྒང་ལ་ཅི་ཡང་མེད་ཀྱང་། དེ་ཉིན་ཞོགས་པ་ཨ་རི་བ་ཚོས་མཁར་རྫོང་བཙན་པོ་ཞིག་བརྩིགས་ཚར་ཡོད་པ་མ་ཟད། མཁར་རྫོང་དེའི་ནང་ནས་མེ་སྒྱོགས་དང་མེ་མདའ་བསྒྲིགས་ཏེ་གཤམ་དུ་ཡོད་པའི་དབྱིན་དམག་ཐོག་འཕངས་ཆོག་ཆོག་ངང་ཡོད་པ་རེད། ཡིན་རྒྱུ་ཨ་རི་བས་གསང་བའི་ངང་མཚན་གང་ལས་ཀ་བྱས་ཏེ་མཁར་རྫོང་དེ་བརྩིགས་པ་རེད། དེ་མཐོང་བས་དབྱིན་ཇིའི་དམག་དཔོན་གྱིས་“ངོ་ལོག་པ་དེ་ཚོས་མཚན་གཅིག་ལ། ངའི་དམག་མིས་ཟླ་བ་གཅིག་རིང་བྱེད་ཐུབ་པ་ལས་མང་བ་བྱས་འདུག་”ཅེས་བརྗོད་པར་ཐལ་ཞིང་། མཁར་རྫོང་དེར་གང་མྱུར་ཕར་རྒོལ་མ་བྱས་ན་འགྲིག་གི་མ་རེད་དྲན།

 

དེར་བརྟེན་མཚན་མོ་ཞིག་ལ་དབྱིན་དམག་རི་ཆུང་དེའི་སྒང་གསང་སྟབས་ངང་འཛེགས། འོན་ཀྱང་ཨ་རི་བ་ཚོས་གནས་ཚུལ་དེ་ཤེས་ཟིན། ཨ་རི་བ་ཚོར་མདེའུ་མང་པོ་མེད་པས། མདེའུ་གཅིག་ཡིན་རུང་འཕྲོ་བརླག་མ་སོང་བར་འཕེན་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་དབྱིན་དམག་ཉེ་སར་མ་སླེབས་བར་མེ་མདའ་འཕེན་མི་ཆོག་པའི་བཀའ་བཏང་ཡོད། དབྱིན་དམག་རྣམས་གོམ་པ་རེ་རེ་བཞིན་ཉེ་སར་བཅར་ཏེ་ཁོང་ཚོའི་མིག་ནང་གི་དཀར་ཆ་མཐོང་ཐུབ་པའི་མཚམས་སུ་སླེབས་སྐབས། གློ་བུར་དུ་ཨ་རི་བ་ཚོས་དུས་གཅིག་ལ་མེ་མདའ་ཆར་པ་བབས་པ་ལྟར་འཕངས་པས། དེ་མ་ཉིད་དུ་དབྱིན་དམག་བརྒྱ་ཕྲག་དེ་གར་བསད་ཅིང་གཞན་རྣམས་རི་གཤམ་དུ་བྲོས།

བྷུང་ཀར་རི་བོའི་དམག་འཁྲུག

བྷུང་ཀར་རི་བོའི་དམག་འཁྲུག

 

དབྱིན་ཇིའི་དམག་དཔོན་གནས་ཚུལ་དེར་ཡིད་མ་ཆེས་པར་དཔུང་འཇུག་ཐེངས་གཉིས་པ་དེ་བྱས། དཔུང་འཇུག་ཐེངས་གཉིས་པའི་སྐབས་སུའང་སྔར་བཞིན་དབྱིན་དམག་ཉེ་སར་སླེབས་དུས་ཨ་རི་བས་མེ་མདའ་དུས་གཅིག་ཏུ་འཕངས་པས་དབྱིན་དམག་བརྒྱ་ཕྲག་བསད་ཅིང་གཞན་རྣམས་བྲོས། དབྱིན་ཇི་བ་ཚོ་ད་དུང་བློ་ཁ་མ་ཚིམ་པར་ཡང་བསྐྱར་བློ་སྟོབས་ཆེན་པོས་དཔུང་འཇུག་ཐེངས་གསུམ་པ་དེ་བྱས། འོན་ཀྱང་དེ་དུས་ཨ་རི་བའི་མེ་མདའི་མདེའུ་ཡོངས་སུ་རྫོགས་ཟིན་པས་མཁར་རྫོང་བློས་བཏང་སྟེ་བྲོས།  དབྱིན་ཇིས་མཁར་རྫོང་འཛིན་ཐུབ་པ་བྱུང་ཡང་དེ་ཉིན་གྱི་དམག་འཁྲུག་སྔ་རྗེས་གསུམ་གྱི་ནང་། དབྱིན་དམག་ཆིག་སྟོང་ལྷག་རྐྱེན་འདས་སོང་བ་རེད། དེ་ནི་ཨ་རིའི་ལྷན་ཚོགས་ཀྱིས་བསྐོ་བཞག་བྱས་པའི་དམག་སྤྱི་ཆེན་མོ་འཇོར་ཇི་ ཝ་ཤིང་ཊོན་གྱིས་ལས་ཁུར་མ་བཞེས་གོང་བྱུང་བ་ཞིག་རེད།

 

གནས་ཚུལ་དེ་དབྱིན་ཡུལ་དུ་ཁྱབ་དུས། དབྱིན་ཇི་བ་ཚོ་ཁོང་ཁྲོ་ལངས་པ་མ་ཟད། ཨ་རིའི་ནང་གི་གནས་ཚུལ་དེ་ཁོ་རང་ཚོས་བསམས་པ་ནང་བཞིན་གྱི་སྟབས་བདེ་པོ་དང་། དུས་ཐུང་ནང་ཐག་གཅོད་ཐུབ་པ་ཞིག་མིན་པ་ཤེས་རྟོགས་བྱུང་། དབྱིན་ཇིའི་དམག་སྤྱི་ཆེན་མོ་གྷ་ཇི་གནས་དབྱུང་བཏང་སྟེ་ཁོང་གི་ཚབ་ཏུ་སྐུ་ཞབས་ཝི་ལི་ཡམ་ ཧའོ་(Howe)ཟེར་བ་ཞིག་དམག་སྤྱིར་བསྐོས།

 

ཕྱི་ལོ་ ༡༧༧༥ ལོའི་ཟླ་བ་ ༧ ནང་འཇོར་ཇི་ ཝ་ཤིང་ཊོན་ལགས་ཝི་ཇི་ནི་ཡའི་གཞིས་ཀ་ནས་བྷོ་སེ་ཊོན་ལ་འབྱོར། ཁོང་ནི་བྷོ་སེ་ཊོན་གྱི་མཐའ་སྐོར་མཁན་ཨ་རིའི་དམག་གི་དམག་སྤྱི་བྱེད་པར་ཡོང་བ་རེད། ཁོང་རང་གི་གཞིས་ཀ་ནས་ཐོན་ཁར་བཟའ་ཟླ་མར་རྡ་(Martha)ལ་དཔྱིད་ཀ་ཤར་བ་དང་ང་ལོག་ཡོང་གི་ཡིན་ཞེས་གསུངས་ཡོད་པ་ལ་དཔག་ན། ཁོང་གི་ཐུགས་ལའང་ཨ་རི་དང་དབྱིན་ཇིའི་བར་གྱི་གནས་ཚུལ་དེ་ཐག་ཆོད་པར་དུས་ཡུན་རིང་པོ་འགོར་གྱི་མ་རེད་དགོངས་ཡོད་པ་ཤེས་ཐུབ། ཁོང་བྷོ་སེ་ཊོན་ལ་སླེབས་དུས་དེ་ལ་ཨ་རིའི་དམག་མི་ཆིག་ཁྲི་དྲུག་སྟོང་ཙམ་ཡོད་པ་རྣམས་གཟིགས་དུས་ཧང་སངས། གང་ཡིན་ཟེར་ན། དེ་ཚོར་དམག་མི་ཟེར་བ་ཙམ་ལས། དམག་སྦྱོང་མེད་ལ་དམག་ཆས་ཀྱང་མེད། ཁ་ཤས་ཀྱིས་དབྱིན་ཇིའི་དམག་མིའི་ས་ནས་ཐོབ་པའི་དམག་ཆས་གྱོན་པ་དང་། ཁ་ཤས་ཀྱིས་ཞིང་པའི་ཆས་གྱོན། ཆས་གོས་དེ་ཚོ་གཙང་མ་མེད་ལ་དམག་མི་ཚོར་སྒྲིག་ལམ་གང་ཡང་མེད། འཛིང་དུས་མཚོན་ཆ་དང་ན་དུས་སྨན་ཡོད་པ་ཉུང་། དེ་ཚོ་གཟིགས་པས། འཇོར་ཇི་ ཝ་ཤིང་ཊོན་གྱིས་རང་གི་གྲོགས་པོ་ཞིག་ལ་སྐབས་དེར་བྲིས་པའི་ཕྱག་བྲིས་ཤིག་གི་ནང་“ཁོང་ཚོ་འཛོར་ལ་སྤྱོད་པ་རྩིང་པོ་”རེད་འདུག་ཅེས་གསལ་ཡོད་པ་རེད། གནས་སྟངས་སྐྱོ་པོ་དེ་འདྲ་ཞིག་གི་ནང་དུ། འཇོར་ཇི་ ཝ་ཤིང་ཊོན་གྱིས་སྒམ་ཚུགས་ལྡན་ལ་ཐབས་མཁས་ངང་། དམག་མི་དེ་ཚོར་སྒྲིག་ལམ་བཟོས་ཤིང་དམག་སྦྱོང་སྤྲོད་འགོ་ཚུགས། འོན་ཀྱང་གཤམ་དུ་རིམ་པས་གསལ་ངེས་ལྟར། ཡུལ་དམག་འདི་དག་དམག་དཔུང་ཚད་ལྡན་དུ་གྱུར་བར་དུས་ཡུན་རིང་པོ་འགོར།  ཨ་རིའི་སྤྱི་མཐུན་སྒྲིག་འཛུགས་ཀྱིས་འཇོར་ཇི་ ཝ་ཤིང་ཊོན་གྱི་དམག་དཔུང་ལ་དགོས་མཁོའི་དངུལ་ཉུང་ཉུང་ཞིག་ལས་མ་སྤྲད་སྟབས། དམག་མི་ཚོར་བཟའ་འབྲུ་དང་མཚོན་ཆ། མདེའུ་སོགས་ཀྱིས་མ་ལྡང་བའི་དཀའ་ངལ་ཆེན་པོ་ཡོད་ཀྱང་། དཀའ་ངལ་དེ་དབྱིན་ཇིའི་ཕྱོགས་ནས་ཤེས་ཀྱི་མེད།

 

གནམ་གཤིས་རིམ་པས་གྲང་དུ་སོང་སྟེ་དགུན་ཁ་སླེབས་སྐབས། དབྱིན་ཇིའི་ལས་བྱེད་རྣམས་དང་དབྱིན་གཞུང་གི་ཕྱོགས་གཏོགས་ཚོ་བྷོ་སེ་ཊོན་གྱི་ནང་དུ། དྲོ་ཞིང་སྐྱིད་པའི་ངང་གནས་ཡོད་ཀྱང་། དབྱིན་ཇིའི་དམག་མི་དཀྱུས་མ་རྣམས་བཀྲེས་ལྟོགས་དང་ནད་ཀྱིས་མནར་བ་མ་ཟད། ཉོབ་སྣང་ཆེན་པོའི་ངང་གནས། བྷོ་སེ་ཊོན་གྱི་མཐའ་བསྐོར་ནས་ཡོད་པའི་འཇོར་ཇི་ ཝ་ཤིང་ཊོན་གྱི་དམག་མི་རྣམས་ཀྱང་དཀའ་ངལ་ནང་ལྷུང་། ཁོང་ཚོར་སྡོད་ཁང་མེད་ལ། གུར་གྱི་སྤུས་ཚད་ཀྱང་ཡག་པོ་མེད་སྟབས། གྲང་ངར་ཆེ་བའི་དགུན་ཁ་འཁྱོལ་ཆེད་མེ་ཤིང་མང་པོ་དགོས་ཀྱི་ཡོད། དེར་བརྟེན་ཁོང་ཚོས་མེ་ཤིང་གི་ཆེད་དུ་བྷོ་སེ་ཊོན་གྱི་ཉེ་ཁོར་གྱི་ཤིང་སྡོང་ཡོད་ཚད་བཅད་ནས་བེད་སྤྱོད་བྱས་ཀྱང་ད་དུང་དགུན་དུས་རྫོགས་མེད་པར་ཕྱི་ཟླ་ ༡༢ པའི་ཟླ་མཇུག་དུ་སླེབས་པ་ཙམ་རེད། དེར་བརྟེན་འཇོར་འཇི་ ཝ་ཤིང་ཊོན་གྱིས་དམག་མི་མང་ཆེ་བ་གུར་ནང་བཞག་ཐོག  །དཔའ་དང་སྟོབས་ལྡན་པ་རྣམས་བྷོ་སེ་ཊོན་ནས་ཅུང་ཟད་ཐག་རིང་བའི་གྲོང་དང་གྲོང་བརྡལ་ཁག་ཏུ་མེ་ཤིང་གཅོད་པར་བཏང་།

 

ཨ་རིའི་དམག་སྤྱི་འཇོར་ཇི་ ཝ་ཤིང་ཊོན་ལ་མཚོན་ན། རང་ཁོངས་དམག་མི་ཚོའི་སེམས་ཤུགས་མུ་མཐུད་གནས་ཐུབ་པ་དང་། དབྱིན་ཇིའི་དམག་དཔུང་དང་དམག་འཐབ་ཀྱིས་གང་མགྱོགས་བྷོ་སེ་ཊོན་འཛིན་ཐུབ་མིན་གྱི་གནད་འགག་གཙོ་བོ་གཅིག་ནི་གོ་མཚོན་ལ་ཐུག་བསྡད་ཡོད།  འཇོར་ཇི་ ཝ་ཤིང་ཊོན་གྱིས་བྷོ་སེ་ཊོན་ནས་སྤྱི་ལེ་ ༥༠༠ ས་རུ། མེ་སྒྱོགས་ ༥༩ ཡོད་པ་ཤེས་ཀྱང་། རྒྱང་ཐག་རིང་པོ་དེ་ནས་རི་ཆུ་མང་པོ་བརྒལ་ཏེ་ལྗིད་ཚད་ཆེ་བའི་མེ་སྒྱོགས་དེ་དག་བྷོ་སེ་ཊོན་དུ་འོར་འདྲེན་བྱ་རྒྱུ་ཤིན་ཏུ་ཁག་པོ་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་ཁོང་གི་ལས་བྱེད་ཧན་རེའི་ ནོག་སེ་(Henry Knox)ཞེས་པས། མེ་སྒྱོགས་དེ་དག་འོར་འདྲེན་བྱ་རྒྱུར་ཁས་བླངས།

སྙིང་སྟོབས་ཅན་གྱི་ཧན་རེའི་ ནོག་སེ་(Henry Knox)

སྙིང་སྟོབས་ཅན་གྱི་ཧན་རེའི་ ནོག་སེ་(Henry Knox)

 

ཧན་རེའི་ ནོག་སེ་ནི་སྔོན་མ་དཔེ་དེབ་འཚོང་མཁན་ཡིན་ཞིང་། མེ་སྒྱོགས་ཀྱི་རིགས་ལ་དོ་སྣང་ཆེ་བས་དེའི་སྐོར་གྱི་དཔེ་དེབ་མང་པོ་ཀློག་མྱོང་། ཁོང་གིས་མེ་སྒྱོགས་དེ་དག་ཐག་རིང་ནས་བྷོ་སེ་ཊོན་དུ་འོར་འདྲེན་བྱ་རྒྱུའི་འཆར་གཞི་བཏིངས། ཁོང་གི་འཆར་གཞི་དེ་ནི་སྐབས་དེར་མི་ཚང་མས་ཉེན་ཁ་དང་དཀའ་ཚེགས་ཆེ་བ། ཐ་ན་འགྲུབ་མི་སྲིད་པ་ཞིག་ཏུ་བརྩིས། ཧན་རེའི་ ནོག་སེས་ལྗིད་ཁོག་ཆེ་བའི་མེ་སྒྱོགས་ལྔ་བཅུ་ང་དགུ་དེ་དག  །གངས་དང་འཁྱགས་དར་སྒང་དུ་ཤུད་བགྲོད་ཆེད་སྤྱོད་པའི་ཐེར་གེའི་ཐོག་བཞག་ཐོག  །རྟ་དང་གླང་གི་ཤུགས་ལ་བརྟེན་ནས་དྲུད་དེ་འོར་འདྲེན་བྱས། སྐབས་དེར་ཨ་རིའི་ནང་ཐེར་གེ་འགྲོ་ཐུབ་སའི་ལམ་ཉུང་ཤས་ལས་མེད་ཅིང་། ཁོང་གི་བཀོད་འདོམ་འོག་མེ་སྒྱོགས་བླུགས་པའི་ཤུད་བགྲོད་ཐེར་གེ་དེ་ཚོ་ཁ་བས་གཡོགས་པའི་རི་མཐོན་པོ་ལ་འཛེགས་པའམ། དམའ་བའི་གཤོངས་ལ་བབས་པ། བར་གྱི་ནགས་ཚལ་འགྲིམས་པ་བཅས་གང་དུའང་དཀའ་ཚེགས་ཧ་ཅང་ཆེན་པོ་འཕྲད་ཀྱང་མདུན་སྐྱོད་བྱས། དེ་ལྟར་མདུན་སྐྱོད་བྱེད་སྐབས་མི་དང་ཕྱུགས་གཉིས་ཀ་ཤིན་ཏུ་ངལ་ཞིང་དུབ་སྟེ་འགྲོ་མཚམས་ཐེངས་མང་བཞག་པ་དང་། ཐ་ན་སྐབས་རེ་རྦད་དེ་འུ་ཐུག་པའི་གནས་སྟངས་བྱུང་རུང་། སྐུ་ཞབས་ཧེན་རེའི་ ནོག་སེས་ཨུ་ཚུགས་དང་སྒམ་ནན་ཆེན་པོས་བསྐུལ་དེད་བྱས་པར་བརྟེན་མུ་མཐུད་མདུན་སྐྱོད་ཐུབ་པ་བྱུང་། ཁོང་ཚོ་ཧུ་ཌི་སོན་(Hudson)ཞེས་པའི་གཙང་པོའི་འགྲམ་དུ་སླེབས་སྐབས། གནམ་གཤིས་དྲོ་རུ་སོང་ཟིན་པས། གཙང་པོའི་ཁ་ལ་ཆགས་པའི་འཁྱགས་དར་སྲབ་ཅིང་སྲ་མོ་མིན། འོན་ཀྱང་མེ་སྒྱོགས་རྣམས་བྷོ་སེ་ཊོན་དུ་སླེབས་པར། གཙང་པོ་དེ་མ་སྒྲོལ་བར་སླེབས་ཐབས་གཞན་མེད། དེར་བརྟེན་ལས་མི་རྣམས་སེམས་ཁྲལ་དང་འཇིགས་སྣང་བྱེད་པར་མ་ལྟོས་པར་སྐུ་ཞབས་ཧེན་རེའི་ ནོག་སེས་ཉེན་མཆོངས་བྱ་རྒྱུའི་ཐག་བཅད། མེ་སྒྱོགས་བླུགས་པའི་བཤུད་བགྲོད་ཐེར་གེ་རེ་རེ་བཞིན་འཁྱགས་དར་ཐོག་ནས་འགྲོ་སྐབས། འཁྱགས་དར་གས་རྡིབས་འགྲོ་ཉེན་ཡོད་པའི་རྟགས་སུ་སྒྲ་ཆེན་པོ་ལན་དུ་མར་གྲགས་རུང་། ཡ་མཚན་སྐྱེ་དགོས་པ་ཞིག་ལ་འཁྱགས་དར་གས་རྡིབས་ཀྱིས་མེ་སྒྱོགས་གཅིག་རང་གཅིག་གཙང་པོའི་ནང་དིམ་པ་ལས། གཞན་རྣམས་སྐྱོན་མེད་པར་གཙང་པོའི་ཕ་རོལ་དུ་འོར་འདྲེན་ཐུབ་པ་བྱུང་། ཕྱི་ལོ་ ༡༧༧༦ ལོའི་ཟླ་བ་དང་པོའི་ནང་། སྐུ་ཞབས་ཧེན་རེའི་ ནོག་སེས་མེ་སྒྱོགས་རྣམས་བྷོ་སེ་ཊོན་དུ། དམག་སྤྱི་ཆེན་མོ་འཇོར་ཇི་ ཝ་ཤིང་ཊོན་ལ་རྩིས་འབུལ་ཞུ་ཐུབ་པ་བྱུང་ཞིང་། ནམ་རྒྱུན་འཛུམ་མདངས་རྩ་བ་ནས་མེད་པར་སྒམ་ནན་དུ་བཞུགས་མཁན་དམག་སྤྱི་འཇོར་ཇི་ ཝ་ཤིང་ཊོན་གྱི་ཞལ་རས་ལ་དེ་དུས་གཞི་ནས་དགའ་སྤྲོའི་འཛུམ་མདངས་མངོན། དེ་ནི་རྒྱལ་ཁའི་རྩ་བ་ཞིག་རེད།

མེ་སྒྱོགས་འོར་འདྲེན་བྱེད་བཞིན་པའི་རྣམ་པ།

 

ཕྱི་ཟླ་གསུམ་པའི་ཟླ་སྟོད་ཀྱི་མཚན་མོ་ཞིག  །སྨུག་ཞག་གིས་བྷོ་སེ་ཊོན་གྱི་གྲོང་ཁྱེར་ཡོངས་སུ་བཏུམས་ཀྱང་། རི་རྩེར་ཟླ་བའི་བཀྲག་མདངས་ཀྱིས་ཁྱབ་ཡོད།  ཝ་ཤིང་ཊོན་དང་ཁོང་གི་དམག་མི་ཚོས་གོ་སྐབས་དེ་དང་བསྟུན་ཏེ་མངོན་ཆུང་ངང་མེ་སྒྱོགས་རྣམས་བྷོ་སེ་ཊོན་གྱི་རི་སྟེང་དུ་དབོར། སང་ཉིན་ནམ་གསལ་དུས། དབྱིན་ཇིའི་དམག་དཔུང་རྣམས་གཉིད་ལས་སད་སྐབས། ཨ་རི་བས་རི་རྩེ་བཟུང་སྟེ་རི་སྟེང་ནས་མེ་སྒྱོགས་ཁོང་ཚོའི་ཕྱོགས་ལ་ཁ་གཏད་ཡོད་པས་ཚང་མ་ཧང་སངས།  དབྱིན་དམག་རྣམས་བྷོ་སེ་ཊོན་གྲོང་ཁྱེར་གྱི་ཕྱི་ལ་ཐོན་ཏེ་ཨ་རི་བ་དང་འཐབ་ན། ཨ་རིར་རྒྱལ་ཁ་ཐོབ་རྒྱུའི་གདེང་ཚོད་ཆ་ཚང་ཡོད་པ་མ་ཟད། ཝ་ཤིང་ཊོན་གྱི་སེམས་ནང་། རྒྱལ་ཁ་དེ་ལ་བརྟེན་ནས་ཨ་རི་དང་དབྱིན་ཇིའི་དབར་གྱི་འཐབ་རྩོད་མཇུག་བསྡོམས་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་ཀྱང་། དབྱིན་དམག་གིས་དམག་འཐབ་མ་བྱས་པར་བྷོ་སེ་ཊོན་གྱི་གྲུ་ཁ་ནས་ཕྱིར་འཐེན་གྱིས་ཁེ་ཎ་ཌའི་ཕྱོགས་སུ་ཉེན་གཡོལ་ལ་བསྐྱོད། དེ་ལྟར་སྐབས་ཤིག་རིང་། ཝ་ཤིང་ཊོན་གྱིས་འཛམ་གླིང་ནང་དཔུང་སྟོབས་ཆེ་ཤོས་ཀྱི་དམག་དཔུང་ཞིག་མཐའ་སྐྲོད་གཏོང་ཐུབ་པ་བྱུང་ཡང་། དབྱིན་དམག་དེ་ཚོ་ག་དུས་ཡིན་ནའང་ཕྱིར་ཡོང་སྲིད་པ་ཞིག་ཡིན་པས། དམག་འཁྲུག་ད་དུང་ཡང་མཇུག་བསྒྲིལ་མེད།། སྙིང་སྟོབས་དང་དཀའ་སྤྱད་ལ་བརྟེན་ནས་སྟོབས་ཆེའི་དབྱིན་དམག་དང་འཐབ་སྟེ་མཐར་བྷོ་སེ་ཊོན་ནས་མཐར་སྐྲོད་བཏང་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།

དབྱིན་ཇིར་སྒོ་བསྟུན་གྱིས་ཞི་འགྲིག་ཡོང་ཐབས་ཇི་ཙམ་བྱས་ཀྱང་ནུས་པ་མ་ཐོན་པས། མཐར་ཨ་རིས་ཁ་བྲལ་བྱ་རྒྱུའི་གསལ་བསྒྲགས་སྤེལ་བའི་སྐོར་མཁྱེན་པར་འདོད་ན། ལེའུ་དྲུག་པ་རང་བཙན་གསལ་བསྒྲགས་ཞེས་པར་གཟིགས་པར་ཞུའོ།། །།

 

(རྩོམ་ཡིག་འདི་བྲིས་ཚར་རིམ་བཞིན་ལྷག་དཀར་ནམ་ཡིན་ལ་རིམ་ཅན་དུ་སྤེལ་བ་ཞིག་ཡིན། དུས་ཚོད་དཀོན་པའི་དབང་གིས་ཚིག་དོན་གཉིས་ཀར་སྐྱོན་ཆ་ཡོད་ངེས་པས། ཀློག་པ་པོ་ཚོས་ཡིག་ནོར་གཅིག་མཐོང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་དེ་བཟོ་བཅོས་ཀྱི་རོགས་རམ་གནང་རོགས། གཞན་ཡང་རྩོམ་འདི་བཀླགས་པ་ལས་བྱུང་བའི་མྱོང་ཚོར་དང་བསམ་ཚུལ་ག་རེ་བྱུང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་ན་དགའ་བསུ་ཡོད། ཐུགས་རྗེ་ཆེ།)

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

2 thoughts on “ཨ་རིའི་གསར་བརྗེ། ༼ ༥ ༽

  1. གཡང་སྐྱིད་ལྷ་མོ།

    ལེའུ་ལྔ་བ་ཀློགས་ཚར་ཡིན།ཀློགས་ཡོངས་དུས་ངོ་ནས་བརྙན་འཕྲིན་ལྟ་བཞིན་པའི་ཚོར་སྣང་ཞིག་སྟེར་གི།རྒན་ལགས་ལ་འདྲི་རྒྱུ་ཞིག་ལ་ད་བར་གི་ཨ་རི་རྒྱལ་ས་ ཝ་ཤིང་ཊོན་གྱི་མིང་འདི་ཡང་སྐབས་དེའི་དམག་དཔུང་འཇོར་ཇི་ཝ་ཤིང་ཊོན་རྗེས་དྲན་གྱི་ཆེད་དུ་བཏགས་པ་ཞིག་ཡིན་ནམ།

    1. ཆུང་ཚེ་རིང་།

      ཐུགས་སྣང་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། རེད། ཨ་རིའི་རྒྱལ་སའི་མིང་དེ། ཨ་རིའི་རྒྱལ་ཁབ་ཀྱི་ཡབ་ཆེན་དུ་འབོད་པའི་འཇོར་ཇི་ ཝ་ཤིང་ཊོན་གྱི་མཛད་རྗེས་ལ་ཆེ་བསྟོད་དང་རྗེས་དྲན་གྱི་ཆེད་དུ། ཝ་ཤིང་ཊོན་ཞེས་བཏགས་པ་རེད།

བརྙན།

No videos

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

ཀོ་རི་ཡ་ལྷོ་མ་དང་བྱང་མ།
ཆུང་ཚེ་རིང་། རིག་པ། (༤)
གངས་སྐྱིད་ཀྱི་བོད་ཡིག
ཆུང་ཚེ་རིང་། རིག་པ། (༦)
ཨ་རིའི་གསར་བརྗེ། ༼ ༡༠ ༽
ཆུང་ཚེ་རིང་། རིག་པ། (༡)
ཨ་རིའི་གསར་བརྗེ། ༼ ༩ ༽
ཆུང་ཚེ་རིང་། རིག་པ། (༠)
ཨ་རིའི་གསར་བརྗེ། ༼ ༨ ༽
ཆུང་ཚེ་རིང་། རིག་པ། (༤)
དེ་ལས་མང་།

རིག་པ་གསར་ཤོས།

བསྟན་པ་དར་རྒྱས།
གཞོན་ནུ་ཟླ་མེད།
ངང་སྒུག
ཤེས་རབ་འོད་ཟེར།
ཤེས་རབ་འོད་ཟེར།
ཀུན་དགའ་ལེགས་པ་

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༡༣)
  • སྤྱིའི་མཆན་གྲངས། (༥༩)
  • སྤྱིའི་ཀློག་གྲངས། (༥༢༠༩)