ཆུང་ཚེ་རིང་། རིག་པ།(༢)

རང་བཙན་གསལ་བསྒྲགས།

རྩོམ་པ་པོ། ཆུང་ཚེ་རིང་།

སྤེལ་ས། བོད་ཀྱི་དུས་བབ།

སྤེལ་དུས། ༢༠༡༦།༡།༢༧ ལྷག་དཀར།

༄༅།། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ། དབྱིན་ཇིའི་རྒྱལ་པོ་འཇོར་འཇིར། གོང་དུ་ཨ་རིས་ཕུལ་བའི་“ཨོ་ལིབ་འདབ་མའི་སྙན་ཞུ་”ཕྱག་སོན་བྱུང་། ཨོ་ལིབ་འདབ་མའི་སྙན་ཞུ་འབུལ་ས་དབྱིན་ཇིའི་རྒྱལ་པོ་ཡིན་པ་དེར་གོ་དོན་ཆེན་པོ་ཡོད། དེ་ཡང་ཨ་རི་དང་དབྱིན་ཇིའི་བར་གྱི་རྩོད་རྙོག་དེ་དབྱིན་ཇིའི་གྲོས་ཚོགས་ཀྱིས་ཁྲལ་དང་འབྲེལ་བའི་ཁྲིམས་ལུགས་གཏན་འབེབས་བྱས་པ་དེ་ལས་བྱུང་ཞིང་ཨ་རིས་དེ་ལ་ངོ་རྒོལ་བྱེད་ཀྱང་། དབྱིན་ཇིའི་རྒྱལ་པོར་གུས་བརྩི་ཞུ་བ་མཚོན་གྱི་ཡོད། ཨོ་ལིབ་འདབ་མའི་སྙན་ཞུའི་ནང་དུ། དོན་དག་གཙོ་བོ་གཉིས་ཞུས་ཡོད་པ་སྟེ། དང་པོ་ནི་ཨ་རི་བ་ཚོ་བྲན་གཡོག་དང་འདྲ་བར་གསོན་པ་ལས། རང་དབང་གི་སྐྱེ་བོ་བྱས་ཏེ་འཆི་རྒྱུར་བློ་གཅིག་སེམས་གཅིག་ཡིན་ཚུལ་བྲིས་པ་དང་མཉམ་དུ། དོན་གནད་གཉིས་པར་དབྱིན་ཇི་དང་ཨ་རིའི་བར་ཆགས་པའི་ཡུན་རིང་ཞིང་བདེ་སྐྱིད་ལྡན་པའི་ཆིག་སྒྲིལ་གྱི་གོང་བུ་གཏོར་འདོད་མེད་ཚུལ་བཤད་པ་དང་སྦྲགས་དབྱིན་ཇི་དང་ཨ་རིའི་བར་ཞི་བའི་གྲོས་མཐུན་མ་བྱུང་བར། དྲག་པོའི་དམག་འཐབ་མཚམས་འཇོག་ཡོང་བ་ཞེས་ཞུས་ཡོད་པ་རེད། ཡིན་ནའང་དབྱིན་ཇིའི་རྒྱལ་པོས་སྙན་ཞུ་དེ་ལ་བཀའ་ལན་གནང་རྒྱུ་ལྟ་ཅི་བལྟ་བ་ཙམ་ཡང་མ་གནང་བ་མ་ཟད། ཨ་རིའི་གཞིས་ཆགས་ཁག་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མཁན་ཡིན་པའི་ཁྱབ་བསྒྲགས་གནང་།

 

དེར་བརྟེན་ཕྱི་ལོ་ ༡༧༧༥ ལོར་ ཧྥེ་ལ་རྡ་ཕི་ཡར་ཨ་རིའི་ལྷན་ཚོགས་འཚོགས་སྐབས། ཨ་རི་དབྱིན་ཡུལ་དང་ཁ་བྲལ་ཏེ་རང་བཙན་བྱ་དགོས་པའི་སྐོར་གླེང་སློང་ཧ་ཅང་ཤུགས་ཆེན་པོ་བྱུང་། དེ་ཡང་ཨ་རི་བ་མང་པོས། དབྱིན་ཇི་དང་ཨ་རིའི་བར་ཡོད་པའི་མངའ་བདག་དང་མངའ་ཁོངས་ཀྱི་འབྲེལ་བ་དེ་གང་མགྱོགས་གཅོད་དགོས་པའི་བསམ་ཚུལ་བཏོན་ཀྱང་། གཞན་དག་མང་པོས་དབྱིན་ཇི་དང་འབྲེལ་བ་གཅོད་དགོས་པའི་བསམ་འཆར་དེ་ནི་བློ་ལ་མི་ཤོང་བ་ཞིག་དང་། ཉེན་ཁ་ཆེན་པོ་ཡིན་པའི་ངོས་འཛིན་བྱས ། ཡང་ལ་ལས་གནད་དོན་དེའི་ཐད་བགྲོ་གླེང་བྱ་རྒྱུ་ནི་སྔ་དྲགས་པ་ཞིག་ཡིན་པ་དང་། ཨ་རིའི་གནས་བབས་ལ་འགྱུར་བ་གཏོང་དགོས་ཀྱང་འགྱུར་བ་དེ་ཞི་བའི་སྒོ་ནས་འབྱུང་ཐབས་བྱ་དགོས་པའི་བསམ་འཆར་བཏོན།

 

དེ་ལྟར་ཨ་རིའི་ལྷན་ཚོགས་ཀྱི་ཚོགས་མི་ཚོས་ཟླ་བ་མང་པོའི་རིང་། ཤིང་གི་རྐུབ་སྟེགས་མཁྲེགས་པོའི་ཐོག་བསྡད་དེ་ཨ་རིའི་མ་འོངས་པའི་སྐོར་ལ་བགྲོ་གླེང་གཏིང་ཟབ་བྱས་ཤིང་། བགྲོ་གླེང་དང་སྦྱང་བཤད་མང་པོ་བྱས་པ་དང་བསྟུན་ཏེ། ཨ་རི་ངེས་པར་དུ་རྒྱལ་ཁབ་རང་བཙན་པ་ཞིག་བྱ་དགོས་པའི་ལྟ་བ་འཛིན་མཁན་ཇེ་མང་དུ་སོང་ནས་མཐར་ཕྱི་ལོ་ ༡༧༧༦ ལོའི་དཔྱིད་ཀ་ཤར་དུས། ཨ་རིའི་ལྷན་ཚོགས་ཀྱིས་ཨ་རིའི་མི་སེར་སྤེལ་ཡུལ་གཞིས་ཆགས་ཁག་ལ་“མངའ་སྡེ་”ཞེས་འབོད་འགོ་ཚུགས་པ་མ་ཟད། དབྱིན་ཇིའི་རྒྱལ་པོའི་བྱེད་སྟངས་ལ་མ་འདོད་པའི་རྣམ་འགྱུར་སྟོན་ཆེད། ཨ་རིའི་ལྷན་ཚོགས་ཀྱིས་ཨ་རིའི་དམག་མིར་བཀའ་འཁྲོལ་གནང་སྟེ། དབྱིན་ཇིའི་འོག་ལ་ཡོད་པའི་ཁེ་ཎ་ཌར་དཔུང་འཇུག་བྱས་ནས། སྐབས་ཤིག་རིང་ཁེ་ཎ་ཌའི་གྲོང་ཁྱེར་མོང་ཋེ་རལ་(Montreal)འཛིན་བཟུང་བྱས་པ་མ་ཟད། གྲོང་ཁྱེར་ཁུ་བྷེག་(Quebec)ལ་དཔུང་རྒོལ་བྱས་ཀྱང་ཕམ་ཉེས་བྱུང་། དབྱིན་ཇིའི་དཔུང་སྟོབས་ཆེ་སྟབས་རིམ་པས་ཨ་རིའི་དམག་དཔུང་ཁེ་ཎ་ཌ་ནས་ཕྱིར་འཐེན་བྱ་དགོས་བྱུང་།

 

དུས་སྐབས་དེར་(ཕྱི་ལོ་ ༡༧༧༦)ཨ་རིའི་རྩོམ་པ་པོ་ཐོ་མ་སེ་ པན་(Thomas Paine)གྱིས་བརྩམས་པའི་དཔེ་དེབ་རྒྱུན་ཤེས་(Common Sense)ཞེས་པ་དེ་

རྩོམ་པ་པོ་ཐོ་མ་སེ་ པེན།

གསར་དུ་ཐོན་ཅིང་། དཔེ་དེབ་དེའི་ནང་ཨ་རི་ངེས་པར་དུ་རང་བཙན་བྱ་དགོས་པའི་རྒྱུ་མཚན་རྩལ་འདོན་བྱས་ཡོད། དུས་ཐུང་ནང་སྐབས་དེར་མི་འབོར་ས་ཡ་གཉིས་ཙམ་ལས་མེད་པའི་ཨ་རིའི་ནང་དུ་དཔེ་དེབ་དེ་གྲངས་ ༡༥༠༠༠༠ (ཆིག་འབུམ་ལྔ་ཁྲི་)འགྲེམས་འཚོང་ཐུབ་སྟེ། ཧ་ལམ་ཨ་རིའི་མ་འོངས་པར་དོ་སྣང་དང་སེམས་ཁུར་ཡོད་པའི་སྐྱེ་བོ་ཀུན་གྱིས་བཀླགས་ཤིང་། དེའི་ཐད་བགྲོ་གླེང་བྱས་པས། དཔེ་དེབ་དེས་ཨ་རི་རང་བཙན་གྱི་ལམ་དུ་འགྲོ་བར་གང་གིས་ཀྱང་འགྲན་དུ་མེད་པའི་ནུས་པ་རླབས་ཆེན་ཐོན། དཔེ་དེབ་དེ་ཉིད་རང་རེའི་བོད་སྐད་དུ་ཤེལ་གླིང་ཚེ་དབང་རྣམ་རྒྱལ་གྱིས་བསྒྱུར་ཏེ་ཐོག་མར་དམངས་གཙོ་ཚགས་པར་དུ་རིམ་འགོད་བྱས་ཤིང་། ཕྱིས་སུ་པདྨ་འབུམ་དང་ལྷ་བཟང་ཚེ་རིང་གིས་བོད་སྐད་དུ་དག་པར་བསྒྱུར་ཏེ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་གིས་དེབ་གཟུགས་སུ་པར་སྐྲུན་གནང་ཡོད་པ་རེད།

 

དེ་འདྲའི་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་འཛོམས་པའི་དབང་གིས་ཨ་རིའི་མང་ཚོགས་དང་ལྷན་ཚོགས་གཉིས་ཀའི་ནང་། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་སོང་ཞིང་། ཕྱི་ལོ་ ༡༧༧༦ ལོའི་ཕྱི་ཟླ་ ༦ པའི་ནང་། ཨ་རིའི་ལྷན་ཚོགས་ནང་། ཨ་རི་རང་བཙན་བྱ་རྒྱུའི་གྲོས་འཆར་སླེབས། རང་བཙན་འདོད་མཁན་ཚོས་གྲོས་འཆར་དེར་ལྷན་ཚོགས་ཀྱི་སྤྱི་མོས་ཐོབ་ན་སྙམ་པའི་རེ་བ་བྱེད་བཞིན་ཡོད་ཀྱང་། བགྲོ་གླེང་གི་སྐབས་སུ་རང་བཙན་ལ་དགག་བྱ་བྱེད་མཁན་ཉུང་ཤས་ཡོད་པས། གནས་སྐབས་གྲོས་འཆར་དེའི་ཐོག་འོས་བསྡུ་མ་བྱས་པར། ལྷན་ཚོགས་ཀྱིས་ཚོགས་ཆུང་ཞིག་ཟུར་དུ་བཙུགས་ཏེ། ཨ་རི་རང་བཙན་བྱ་དགོས་པའི་རྒྱུ་མཚན་གསལ་པོ་འཁོད་པའི་རང་བཙན་གསལ་བསྒྲགས་ཤིག་འབྲི་རྒྱུའི་ཐག་གཅོད་བྱས། རང་བཙན་གསལ་བསྒྲགས་ཀྱི་ཟིན་བྲིས་འདེབས་མཁན་དུ། རང་བཙན་བྱེད་རྒྱུའི་འདོད་ཚུལ་ཤུགས་ཆེ་འཛིན་མཁན་འཇོན་ ཨ་རྡམ་(John Adams)དང་། སྔོན་མ་ཡང་ཡང་གླེང་ཟིན་པའི་བྷན་ཇི་མན། དེ་བཞིན་སྐབས་དེར་ཨ་རིའི་ལྷན་ཚོགས་ཀྱི་ཚོགས་མི་གཞོན་ཤོས་ཐོ་མ་སེ་ འཇེ་ཧྥར་སོན་(Thomas Jefferson)བཅས་བསྐོས། ཐོ་མ་སེ་ འཇེ་ཧྥར་སོན་ནི་སྐབས་དེར་དགུང་ལོ་ ༣༣ ལ་མ་གཏོགས་སོན་མེད་པའི་ཁྲིམས་རྩོད་པ་ཞིག་ཡིན། ཁོང་སྨྲ་བ་ཉུང་ཡང་དྲན་པ་སྐྱེན་ཞིང་འབྲི་རྩལ་ཕུལ་དུ་བྱུང་བ་ཞིག་ཡིན་པས། རང་བཙན་གསལ་བསྒྲགས་འབྲི་བའི་ལས་འགན་གཙོ་བོ་ཁོང་གི་ཐོག་ཏུ་བབས།

རང་བཙན་གསལ་བསྒྲགས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་འཇོན་ ཨ་རྡམ་(དབུས་སུ་བཞུགས་པ་དེའོ་)དང་། བྷན་ཇི་མན། (སྤྱན་ཤེལ་གྱོན་པ་དེའོ།་) ཐོ་མ་སེ་ འཇེ་ཧྥར་སོན་(བཞེངས་བཞུགས་པ་དེའོ)བཅས།

ཐོ་མ་སེ་ འཇེ་ཧྥར་སོན་གྱིས་དགོང་མོ་དེར་འབྲི་ཅོག་གི་མདུན་དུ་བཞུགས་ཏེ་དགོངས་པ་རྒྱུན་རིང་བཞེས་མཐར། སྨྱུ་གུ་བླངས་ཏེ་ཤོག་བུའི་ཐོག་རང་བཙན་གསལ་བསྒྲགས་ཀྱི་ཟིན་བྲིས་འབྲི་རྩིས་གནང་། ཁོང་གིས་ཤོག་བུའི་ཐོག་ཏུ་གཟིགས་ཏེ་ཡུན་རིང་བཞུགས་ཤིང་། དེ་ནས་ཚིག་འབྲུ་ཁ་ཤས་བྲིས་ཏེ་དགོངས་པ་བཞེས། ཁོང་གིས་འཛམ་གླིང་གི་མི་མང་ལ། ཨ་རི་རང་བཙན་རྒྱལ་ཁབ་ཅིག་བྱ་དགོས་པའི་རྒྱུ་མཚན་འབྲི་དགོས་ཀྱི་ཡོད། དེ་ལྟར་དགོངས་པ་བཞེས་བཞིན་ཚིག་ཁ་ཤས་བྲིས་ཏེ་མཚན་ཕྱི་པོ་བར་བཞུགས།

རང་བཙན་གསལ་བསྒྲགས་འབྲི་མཁན་ཐོ་མ་སེ་ འཇེ་ཧྥར་སོན།

དེའི་ཕྱི་ཉིན་ནས་ཁོང་གིས་ཞོགས་པ་ཉི་མ་མ་ཤར་གོང་ནས་བཞེངས་ཏེ་ཞོགས་ཇ་བཞེས་རྗེས་རང་བཙན་གསལ་བསྒྲགས་ཀྱི་ཟིན་བྲིས་བྲིས། ཁོང་གིས་སྔར་བཞིན་གཟབ་ནན་ངང་ཚིག་འབྲུ་ཁ་ཤས་བྲིས་རྗེས་ཡང་བསྐྱར་དེ་ལ་དགོངས་པ་བཞེས་ཏེ་བཟོ་བཅོས་བསྐྱོན། དེ་ནས་ཡང་ཚིག་ཁ་ཤས་བྲིས་ཏེ་ཤོག་ངོས་གཅིག་ཁེངས་སྐབས། འགོ་ནས་བཀླགས་ཏེ་ཐུགས་ཡིད་མ་ཚིམ་པར་ཤོག་བུ་དེ་གཡུག་གི་ཡོད། ཁོང་གིས་དེ་ལྟར་ཚིག་འབྲུ་རེ་རེ་ནས་སྐྱོན་མེད་ཡང་དག་ཅིག་ཡོང་ཆེད་ཟླ་བ་ཕྱེད་ཙམ་སྐུ་ལས་བསྐྱོན་ནས་ཐ་མ་རང་བཙན་གསལ་བསྒྲགས་ཀྱི་ཟིན་བྲིས་དེ་གྲུབ་པར་མཛད་ཅིང་། གསལ་བསྒྲགས་དེའི་བརྗོད་ཚིག་ཅིག་ཏུ། “སྐྱེ་བོ་ཚང་མ་འདྲ་མཉམ་དུ་བསྐྲུན་པའི་”བདེན་དོན་ལ་ཡིད་ཆེས་བྱེད་བཞིན་ཡོད་ལུགས་བྲིས་ཡོད། བརྗོད་ཚིག་དེ་ཕྱིས་སུ་འཛམ་གླིང་ཡོངས་སུ་གྲགས་ཆེ་ཤོས་ཀྱི་བརྗོད་ཚིག་ཅིག་ཏུ་གྱུར།  ཨ་རིའི་རང་བཙན་གྱི་གསལ་བསྒྲགས་དེ་རིང་པོ་མིན་རུང་། ནང་དོན་གྱི་ཆ་ནས་བཤད་ན། སྡེ་ཚན་གཙོ་བོ་གསུམ་ལས་གྲུབ། དེ་ཡང་སྡེ་ཚན་དང་པོའི་ནང་། རང་བྱུང་གི་ཆོས་ཉིད་དམ་གཏན་ཁྲིམས་ལྟར། འགྲོ་བ་མིའི་རིགས་ཀྱིས་རྒྱུ་མཚན་ཚད་ལྡན་ཡོད་ན། གཞན་དང་ཁ་བྲལ་གྱིས་རང་བཙན་བྱས་ཆོག་པ་དང་། དེ་ལྟར་བྱེད་དོན་གསལ་པོར་བསྒྲགས་དགོས་པའི་སྐོར་ཡིན་ཞིང་། རང་ཅག་གིས་བལྟས་ན་དེ་ནི་གླེང་གཞི་ལྟ་བུར་སྣང་། སྡེ་ཚན་གཉིས་པའི་ནང་དུ། འཇིག་རྟེན་གྱི་བྱེད་པོས། འགྲོ་བ་མི་རྣམས་གསོན་པོར་འཚོ་བ་དང་། རང་དབང་དུ་གནས་པ། བདེ་སྐྱིད་བསྒྲུབ་པ་བཅས་ཐོབ་ཐང་གསུམ་དང་ཁ་བྲལ་ཐབས་མེད་པར་འདྲ་མཉམ་དུ་བསྐྲུན་ཡོད་པས། ཐོབ་ཐང་འདི་དག་སྲུང་སྐྱོབས་ཀྱི་དགོས་དོན་དུ་སྲིད་གཞུང་བྱུང་། ཐོབ་ཐང་འདི་དག་རྡོག་རོལ་དུ་གཏོང་མཁན་གྱི་སྲིད་གཞུང་གི་རྣམ་པ་ཅི་འདྲ་ཞིག་ཡིན་ཡང་། དེ་ལ་བཅོས་སྒྲིག་གམ་རྩ་མེད་དུ་བཏང་སྟེ་སྲིད་གཞུང་གསར་པ་འཛུགས་རྒྱུ་དེ་མི་མང་གི་ལས་འགན་ཡིན་ཚུལ་བསྟན། སྡེ་ཚན་གསུམ་པའི་ནང་དུ། དབྱིན་ཇིའི་རྒྱལ་པོའི་བྱས་ཉེས་ཁག་བགྲངས་ཏེ། རྒྱལ་པོས་རང་གི་ཆབ་འབངས་ཀྱི་ཁེ་དབང་སྲུང་སྐྱོབས་མ་ཐུབ་པས། ཨ་རི་རང་བཙན་གྱི་ལམ་དུ་མ་འགྲོ་ཀ་མེད་བྱུང་ཚུལ་དངོས་ཤུགས་གཉིས་ཐད་ནས་བསྒྲུབ་ཡོད་པ་རེད།

རང་བཙན་གསལ་བསྒྲགས་ཀྱི་ངོ་བཤུས།

ཕྱི་ལོ་ ༡༧༧༦ ཟླ་བ་ ༧ ཚེས་ ༡ ལ་སླེབས་སྐབས་སུའང་ཨ་རིའི་ལྷན་ཚོགས་ཀྱིས་ད་དུང་ཨ་རིའི་མ་འོངས་པའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད། དེ་དུས་དབྱར་ཁ་ཡིན་པས་གནམ་གཤིས་ཀྱང་ཁོང་ཚོའི་བགྲོ་གླེང་ཇི་བཞིན་ཚ་བ་ཆེ་སྒང་ཡིན། ལྷན་ཚོགས་ཀྱིས་རང་བཙན་གསལ་བསྒྲགས་ཀྱི་ཟིན་བྲིས་ལ་བགྲོ་གླེང་མ་བྱས་གོང་། ཨ་རི་རང་བཙན་བྱེད་དང་མི་བྱེད་ཀྱི་གྲོས་གཞིའི་ཐད་བགྲོ་གླེང་དང་ཐག་གཅོད་བྱ་རྒྱུའི་གཏན་འབེབས་གནང་། ཉིན་དེར་ཡུལ་པེན་ས་ཝེ་ནི་ཡ་(Pennsylvania)ནས་ཡིན་པའི་མི་ཞིག་གིས། རང་བཙན་གྱི་ཁ་གཏད་དུ་ལངས་ཏེ་གཏམ་བཤད་བྱས། ཁོང་གིས། མི་སེར་སྤེལ་ཡུལ་གྱི་གཞིས་ཆགས་རྣམས་ད་ལྟ་མེས་རྒྱལ་དང་ཁ་བྲལ་གཏོང་བ་ནི་ནོར་འཁྲུལ་རེད། དེ་ནི་དགུན་ཁ་སྡོད་ཁང་བརྟན་པོ་ཞིག་མ་བྱུང་གོང་ནས་སོ་སོའི་གནས་སྐབས་ཀྱི་སྡོད་ཁང་རྩ་གཏོར་བཏང་བ་དང་གཅིག་པ་རེད་ཅེས་བཤད།

 

དེ་ནས་རང་བཙན་གྱི་འདོད་ཚུལ་ཤུགས་ཆེ་འཛིན་མཁན་དང་རང་བཙན་གསལ་བསྒྲགས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་འཇོན་ ཨ་རྡམ་(John Adams)ཟེར་བའི་སྙན་གྲགས་ཅན་གྱི་མི་དེས་ཡར་ལངས་ཏེ་དེ་ལ་རྩོད་ལན་གནང་། ཨ་རྡམ་གྱིས་སྐད་ཆ་བཤད་འགོ་བཙུགས་པ་དང་མཉམ་དུ་གློ་བུར་དུ་གནམ་འཐིབས། རླུང་འཚུབ་ལྡང་ཞིང་དྲག་ཆར་བབས་ཏེ་ཚོགས་ཁང་གི་སྒེའུ་ཁུང་རྣམས་ཐྲག་ཐྲག་ཅེས་བརྡབས། ཨ་རྡམ་གྱི་གཏམ་བཤད་ཀྱང་དྲག་ཆར་རླུང་འཚུབ་དང་འདྲ་བར་ཤུགས་དྲག་ཆེ་ཞིང་། མེ་ལྕེ་དང་འདྲ་བར་ངར་ཤུགས་ལྡན། ཁོང་གིས་དབྱིན་ཇིའི་རྒྱལ་ཁབ་དང་འབྲེལ་ཐག་གཅོད་དགོས་པའི་རྒྱུ་མཚན་ཡོད་རྒུ་རྒྱས་གླེང་གནང་།

 

འཇོན་ཨ་རྡམ་གྱི་གཏམ་བཤད་ཚར་དུས། ཕྱི་དྲོའི་ཕྱི་ཆ་ལ་སླེབས་ཟིན། ལྷན་ཚོགས་ཀྱི་ཚོགས་མི་ཚོས་གང་ཡང་མ་གླེང་ནའང་ཁོང་ཚོའི་སྙིང་ཁ་འཕག་ལྡིང་དྲག་ཏུ་བྱེད། ད་ཆ་གནད་འགག་ཡོངས་རྫོགས་གསལ་པོར་གྱུར་ཟིན། འཇེ་ཧྥར་སོན་གྱིས་ཕྱིས་སུ་“ཨ་རྡམ་གྱིས་ང་ཚོ་རྐུབ་སྟེགས་སྒང་ནས་བསྒུལ་བྱུང་”ཞེས་གསུངས་ཡོད། དེའི་ཐོག་ནས་འཇོན་ ཨ་རྡམ་གྱི་གཏམ་བཤད་ཀྱི་ཤུགས་རྐྱེན་མཐོང་ཐུབ། དེ་ནས་འོས་ཤོག་འཕེན་སྐབས་ནིའུ་ཡོག་གི་སྐུ་ཚབ་མ་གཏོགས་མངའ་སྡེ་གཞན་བཅུ་གཉིས་ཀྱི་སྐུ་ཚབ་ཚང་མས་ཉེན་ཁ་ཆེ་ཞིང་ཁྲག་གི་འགྲོ་སོང་གཏོང་དགོས་པའི་རང་བཙན་ལ་རང་གི་རྩ་ཆེའི་འོས་ཤོག་འཕངས། ནིའུ་ཡོག་གི་སྐུ་ཚབ་ཀྱིས་འོས་ཤོག་མ་འཕངས་པར་བསྡད་ཀྱང་། གཟའ་འཁོར་གཉིས་ཀྱི་རྗེས་སུ་དེས་ཀྱང་རང་བཙན་ལ་འོས་ཤོག་འཕངས།

 

དེ་ནས་ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༡༧༧༦ ཟླ་བ་ ༧ ཚེས་ ༤ ཉིན་ནི་ཨ་རིའི་ལོ་རྒྱུས་ནང་གལ་འགངས་ཆེ་ཤོས་ཀྱི་ཉིན་མོ་དེ་ཆགས། ཉིན་དེར་ཚ་བ་ཆེ། ཚོགས་འདུ་འཚོགས་སར་སྦྲང་མ་མང་པོ་ལྡིང་བཞིན་ཡོད། ལྷན་ཚོགས་ཀྱི་ཚོགས་མི་ཚོས་འཇེ་ཧྥར་སོན་གྱིས་བྲིས་པའི་རང་བཙན་གསལ་བསྒྲགས་ཀྱི་ཟིན་བྲིས་ཐད་བགྲོ་གླེང་བྱས་ཏེ། ཚིག་བརྗོད་འགའ་ཞིག་ལ་འགྱུར་བ་བཏང་རྗེས་མོས་མཐུན་དང་གཏན་འབེབས་བྱས།

 

ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་འཇོན་ ཧན་ཀོག་(John Hancock)གྱིས་རང་བཙན་གསལ་བསྒྲགས་ལ་ཐོག་མར་མིང་རྟགས་བཀོད་ཅིང་། དེ་ཡང་ཁོང་གིས་སྨྱུ་གུ་བཟུང་སྟེ་བློ་ཁོག་ཆེན་པོས་རང་མིང་ཡིག་འབྲུ་ཆེན་པོས་བྲིས་ནས། “འདི་ལྟར་ཆེན་པོ་བྲིས་ན། དབྱིན་ཇིའི་རྒྱལ་པོས་མིག་ཤེལ་གྱོན་མ་དགོས་པར་ཀློག་ཐུབ་ཀྱི་རེད་”ཅེས་གསུངས། མི་ཚང་མས་རང་བཙན་གསལ་བསྒྲགས་ལ་མིང་རྟགས་བཀོད་ན། ཕྱིས་སུ་རང་ཉིད་དབྱིན་ཇིས་འཛིན་བཟུང་བཙོན་འཇུག་དང་། ཐ་ན་སྲོག་ཀྱང་ཤོར་སྲིད་པའི་ཉེན་ཁ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད། མིང་རྟགས་འགོད་མཁན་ཨ་རིའི་ལྷན་ཚོགས་ཀྱི་མི་ཞིག་གིས་ཕྱིས་སུ་བྲིས་པའི་ཡིག་ཆའི་ནང་། ཕྱི་ལོ་ ༡༧༧༦ ཟླ་བ་ ༧ ཚེས་ ༤ ཉིན་ནས་བཟུང་ཁོང་གི་སེམས་ནང་འཇིགས་སྣང་དབང་གིས་གཉིད་ཀྱང་མི་ཁུག་པའི་ཚུལ་དེ་བརྗེད་ཐབས་མི་འདུག་ཅེས་བྲིས་ཡོད་པ་རེད།

ཨ་རིའི་ལྷན་ཚོགས་ཀྱི་ཚོགས་མིས་རང་བཙན་གསལ་བསྒྲགས་ལ་མིང་རྟགས་འགོད་པ།

འཇེ་ཧྥར་སོན་གྱིས་ཕྱིས་སུ་གསུངས་རྒྱུར། ངས་རང་བཙན་གསལ་བསྒྲགས་ནང་ཨ་རི་བ་ཚོའི་བསམ་བློའི་འཁྱེར་བཟོ་བྲིས་པ་ལས་དེ་མིན་གྱི་གསར་པ་གང་ཡང་བྲིས་མེད་ཅེས་གསུངས་ཡོད། རང་བཙན་གསལ་བསྒྲགས་དེ་ནི་ལོ་རྒྱུས་ཐོག་གལ་གནད་ཆེ་ཤོས་ཀྱི་ཡིག་ཆ་ཞིག་ཆགས་ཤིང་། དེའི་ནང་གསལ་བའི་གལ་ཆེའི་བསམ་ཚུལ་ཁ་ཤས་གཤམ་གསལ།

  • སྐྱེ་བོ་ཚང་མ་ཐོབ་ཐང་འདྲ་མཚུངས་སུ་བསྐྲུན་པ་(སྐྱེས་པ་)ཡིན།
  • སྐྱེ་བོ་ཚང་མ་ལ། རང་ཉིད་གསོན་པོར་འཚོ་བ་དང་། རང་དབང་དུ་གནས་པ། བདེ་བར་བརྩོན་པ་བཅས་ཀྱི་ཐོབ་ཐང་ཡོད།
  • གལ་ཏེ་སྲིད་གཞུང་གིས་ཆབ་འབངས་ལ་ཐོབ་ཐང་འདི་དག་གནང་མ་ཐུབ་ཚེ། མི་མང་གིས་སྲིད་གཞུང་གསར་པ་ཞིག་བཙུགས་ཆོག

 

རང་བཙན་གསལ་བསྒྲགས་ནང་གསལ་བའི་འདྲ་མཉམ་དང་། རང་དབང་། བདེ་སྐྱིད་དང་ལྡན་པར་འཚོ་ཆོག་པའི་ཐོབ་ཐང་བཅས་ཀྱི་བསམ་ཚུལ་རྣམས་ད་ལྟ་ཡང་ཨ་རི་བ་ཚོས་གལ་ཆེན་པོར་བརྩི་བཞིན་ཡོད་ལ། བསམ་ཚུལ་འདིས་མི་རིགས་མི་འདྲ་བ་མང་པོ་ཞིག་རྒྱལ་ཁབ་ཅིག་གི་ནང་ཞི་བདེ་དང་ལྡན་པའི་ངང་གནས་ཐུབ་པའི་རྩ་བའི་རྨང་གཞི་བྱེད་ཀྱི་ཡོད།

 

རང་བཙན་གྱི་གསལ་བསྒྲགས་འདིས་ཨ་རིའི་གསར་བརྗེ་ལ་གསོན་ཤུགས་གསར་པ་ཞིག་སྤྲད་པ་རེད། གསལ་བསྒྲགས་འཁྱེར་བའི་བང་ཆེན་ཚོས་ཨ་རིའི་མངའ་སྡེ་བཅུ་གསུམ་ནང་གི་གྲོང་ཁྱེར་དང་། གྲོང་བརྡལ། གྲོང་གསེབ་ཀུན་ལ་སོང་སྟེ་མི་མང་གི་དབུས་སུ་སྐད་ཆེན་པོས་བཀླགས། དེ་ལ་ཨ་རིའི་མི་མང་ཚོས་དགའ་ཚོར་ཆེན་པོས་རྟེན་འབྲེལ་གྱི་མེ་མདའ་འཕངས་ཤིང་ཅོང་ཆེན་པོ་དག་བརྡུང་བ་མ་ཟད། དབྱིན་ཇིའི་རྒྱལ་པོའི་འདྲ་རིས་མེ་ལ་བསྲེགས་པ་སོགས་བྱས། སྐབས་དེར་འཇོར་འཇི་ཝ་ཤིང་ཊོན་དང་ཁོང་གི་དམག་མི་རྣམས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པས། ཟླ་བ་ ༧ ཚེས་ ༩ ཉིན་ཁོང་གི་དམག་མིའི་དབུས་སུ་རང་བཙན་གསལ་བསྒྲགས་དེ་ཐོག་མར་བསྒྲགས། དེའི་དགོང་མོ་“རང་དབང་གི་བུ་ཕྲུག་”ཅེས་པའི་ཚོགས་པའི་ཚོགས་མི་ཚོས། ནིའུ་ཡོག་གྲོང་ཁྱེར་གྱི་དབུས་སུ་ཡོད་པའི་དབྱིན་རྒྱལ་གྱི་འདྲ་སྐུ་ཆེན་པོ་དེ་བསློགས་ཏེ། དེའི་ལྕགས་རྣམས་ཕྱིས་སུ་མདེའུ་སྟོང་ཕྲག་བཟོ་བའི་རྒྱུ་ཆར་བཀོལ། རང་བཙན་གསལ་བསྒྲགས་འདི་ལ་བརྟེན་ནས་ཨ་རིའི་རང་དབང་འཐབ་རྩོད་དང་གསར་བརྗེར་དོན་སྙིང་དང་ཁ་ཕྱོགས་གསལ་པོ་ཡོད་པར་གྱུར།

 

ཨ་རི་བ་ཚོ་ད་ཆ་མི་སེར་སྤེལ་ཡུལ་མིན། རང་བཙན་གསལ་བསྒྲགས་ནང་། ཁོང་ཚོ་ཨ་རི་མངའ་སྡེ་ཆིག་སྒྲིལ་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་བཀོད་ཡོད། འོན་ཀྱང་ད་ཆ་ཁོང་ཚོས་རང་བཙན་གྱི་ཆེད་དུ་འཐབ་འཛིང་བྱེད་དགོས་ཀྱི་ཡོད། གོང་དུ་ཨ་རིའི་རང་བཙན་གྱི་དོན་དུ་གཏམ་བཤད་ཤུགས་ཆེ་གནང་མཁན་ འཇོན་ ཨ་རྡམ་གྱིས་གནས་ཚུལ་འདི་མཁྱེན་ཡོད། ཁོང་གིས་རང་གི་བཟའ་ཟླར་བཏང་བའི་འཕྲིན་ཡིག་ཅིག་གི་ནང་“གསལ་བསྒྲགས་འདི་དོན་ལ་གནས་པའི་ཆེད་དུ་ང་ཚོས་ཁྲག་གི་འགྲོ་སོང་གཏོང་དགོས་པ་ངས་ཤེས་ཀྱི་ཡོད་”ཅེས་བྲིས་ཡོད་པ་རེད།། །།

 

ཨ་རིས་ཞི་འགྲིག་ཡོང་རེས་དབྱིན་ཡུལ་ལ་ཨོ་ལིབ་འདབ་མའི་སྙན་ཞུ་ཕུལ་ཡང་། དབྱིན་ཇིས་དཔུང་ཤེད་ལས་ཉན་འཇོག་མ་བྱས་པར་བརྟེན། ཨ་རིས་རང་བཙན་གྱི་གསལ་བསྒྲགས་སྤེལ་བའི་ལེའུ་སྟེ་དྲུག་པ་རྫོགས་སོ།། རང་བཙན་གསལ་བསྒྲགས་སྤེལ་རྗེས་དབྱིན་ཇིས་དྲག་དཔུང་བཏང་བ་དང་། དེ་ལ་ཨ་རིས་རྒོལ་འཛིང་ཇི་ལྟར་བྱས་མིན་མཁྱེན་པར་འདོད་ན། ལེའུ་བདུན་པ་རང་བཙན་དམག་འཐབ་ཅེས་པར་གཟིགས་པར་ཞུའོ།། །།

(རྩོམ་ཡིག་འདི་བྲིས་ཚར་རིམ་བཞིན་ལྷག་དཀར་ནམ་ཡིན་ལ་རིམ་ཅན་དུ་སྤེལ་བ་ཞིག་ཡིན། དུས་ཚོད་དཀོན་པའི་དབང་གིས་ཚིག་དོན་གཉིས་ཀར་སྐྱོན་ཆ་ཡོད་ངེས་པས། ཀློག་པ་པོ་ཚོས་ཡིག་ནོར་གཅིག་མཐོང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་དེ་བཟོ་བཅོས་ཀྱི་རོགས་རམ་གནང་རོགས། གཞན་ཡང་རྩོམ་འདི་བཀླགས་པ་ལས་བྱུང་བའི་མྱོང་ཚོར་དང་བསམ་ཚུལ་ག་རེ་བྱུང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་ན་དགའ་བསུ་ཡོད། ཐུགས་རྗེ་ཆེ།)

 

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

2 thoughts on “ཨ་རིའི་གསར་བརྗེ། ༼ ༦ ༽

  1. བྱ་གཞུང་དཔལ་རྡོར།

    སྐུ་ཞབས་ཆུང་ཚེ་རིང་ལགས་ཀྱི་ཨ་རིའི་གསར་བརྗེ་ཆ་ཚང་བཀླགས་པ་ཡིན། བློ་བ་དགའ་ཡོད། དཔེ་མི་སྲིད་པའི་སྙན་པོ་འདུག་ལ། བློ་བསྐྱེད་ཀྱང་མི་ཉུང་བ་ཞིག་སྦྱིན་བྱུང་། བསྒྱུར་བ་མ་ཡིན་པར་གལ་ཆེ་དོན་ཆེ་རྣམས་ཕྱོགས་བསྒྲིགས་ཀྱིས་རྩོམ་སྟངས་གསར་བ་སྤྱད་པར་ཤིན་ཏུ་ལེགས། ད་དུང་འདིའི་ནང་ཀློག་མི་བདེ་འགའ་ཞིག་ཡོད་པར་བསྐྱར་བཅོས་བྱས་ཏེ་བོད་ནང་དུ་པར་བསྐྲུན་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་གདོན་མི་ཟ། ཐུགས་ཞིབ་གནང་རོགས་བཅས་འཚམས་འདྲི་དང་བཅས།

བརྙན།

No videos

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

ཀོ་རི་ཡ་ལྷོ་མ་དང་བྱང་མ།
ཆུང་ཚེ་རིང་། རིག་པ། (༤)
གངས་སྐྱིད་ཀྱི་བོད་ཡིག
ཆུང་ཚེ་རིང་། རིག་པ། (༦)
ཨ་རིའི་གསར་བརྗེ། ༼ ༡༠ ༽
ཆུང་ཚེ་རིང་། རིག་པ། (༡)
ཨ་རིའི་གསར་བརྗེ། ༼ ༩ ༽
ཆུང་ཚེ་རིང་། རིག་པ། (༠)
ཨ་རིའི་གསར་བརྗེ། ༼ ༨ ༽
ཆུང་ཚེ་རིང་། རིག་པ། (༤)
དེ་ལས་མང་།

རིག་པ་གསར་ཤོས།

བསྟན་པ་དར་རྒྱས།
གཞོན་ནུ་ཟླ་མེད།
ངང་སྒུག
ཤེས་རབ་འོད་ཟེར།
ཤེས་རབ་འོད་ཟེར།
ཀུན་དགའ་ལེགས་པ་

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༡༣)
  • སྤྱིའི་མཆན་གྲངས། (༥༩)
  • སྤྱིའི་ཀློག་གྲངས། (༥༥༡༤)