ཆུང་ཚེ་རིང་། རིག་པ།(༠)

ལེའུ་བདུན་པ། རང་བཙན་གྱི་དོན་དུ་དམག་འཐབ།

རྩོམ་པ་པོ། ཆུང་ཚེ་རིང་།

སྤེལ་ས། བོད་ཀྱི་དུས་བབས།

སྤེལ་དུས། ༢༠༡༦།༢།༣ ལྷག་དཀར་ཉིན།

ཀློག་པ་པོས་དྲན་ངེས་པར་ལྟར། ཕྱི་ལོ་ ༡༧༧༦ ཟླ་བ་ ༣ ཚེས་ ༤ ཉིན་དབྱིན་དམག་རྣམས་བྷོ་སེ་ཊོན་གྱི་གྲུ་ཁ་ནས་འཐེན་ཏེ་ཁེ་ཎ་ཌའི་ཕྱོགས་སུ་ཉེན་གཡོལ་དུ་སོང་བ་རེད། འོན་ཀྱང་ཟླ་བ་བཞིའི་རྗེས་སུ་ཨ་རི་བ་ཚོས་རང་བཙན་གསལ་བསྒྲགས་ཀྱི་རྟེན་འབྲེལ་བྱེད་བཞིན་པའི་སྐབས་སུ། དབྱིན་དམག་གི་དམག་གྲུ་བརྒྱ་ཕྲག་མང་པོ་ཨ་རིར་ཚུར་ཡོང་སྟེ། ནིའུ་ཡོག་གི་གྲུ་ཁར་སླེབས་པ་མ་ཟད། དེ་ནས་བཟུང་སྟེ་ཉིན་རེ་བཞིན་དབྱིན་ཇིའི་མཚོ་གྲུ་ཟམ་མ་ཆད་པར་མུ་མཐུད་སླེབས། མཚོ་གྲུའི་ནང་དམག་མི་དང་། མེ་སྒྱོགས། མེ་མདའ། དམག་མཁོའི་བཟའ་བཅའ་སོགས་ཡོད། སྐབས་དེའི་དམག་མིའི་གྲངས་འབོར་ལ་མཚོན་ན། དབྱིན་ཇི་རང་གི་དམག་མི་ ༢༣༠༠༠ དང་། དབྱིན་ཇིར་དམག་རོགས་སུ་གླས་པའི་འཇར་མན་གྱི་དམག་མི་ ༨༠༠༠ བཅས་ཡོད། སྐབས་དེ་དུས་དབྱིན་ཇིའི་དམག་དཔུང་ནི་འཛམ་གླིང་གི་དམག་དཔུང་རྩེ་ཕུད་ཡིན་པ་མ་ཟད། འདི་ནི་དབྱིན་ཇིས་བཏང་བའི་མཚོ་དམག་སྟོབས་ཤུགས་ཆེ་ཤོས་དེ་ཡང་ཡིན་པ་རེད། དབྱིན་དམག་གི་དམག་སྤྱི་ནི་སྔར་བཞིན་སྐུ་ཞབས་ཧའོ་(Howe)རེད།

          འཇོར་འཇི་ ཝ་ཤིང་ཊོན་གྱིས་དབྱིན་དམག་ནིའུ་ཡོག་ལ་ཡོང་ངེས་ཡིན་པ་ཚོད་དཔག་ཐུབ་ཡོད་སྟབས།  རང་གི་དམག་དཔུང་གི་རྟེན་གཞི་ནིའུ་ཡོག་ཏུ་སྤོས་ཏེ། ནིའུ་ཡོག་གི་མི་མང་དང་མཉམ་དུ་དབྱར་ཁའི་ཚ་བའི་ནང་ཉིན་མཚན་མེད་པར་ལས་ཀ་བྱས་ནས། ཟླ་བ་གསུམ་ནང་དགྲ་འགོག་མཁར་རྫོང་ཁྱོན་ཉི་ཤུ་ལྷག་གསར་བསྐྲུན་བྱས་སྟབས་དམག་མི་ཚོ་ངལ་ཞིང་དུབ་པར་གྱུར་ཡོད། སྤྱིར་བཏང་ཨ་རིའི་དམག་དཔུང་ནང་། ལོ་རྒན་དྲུག་ཅུ་བརྒལ་བ་དང་། ལོ་གཞོན་བཅུ་བཞིར་མ་སོན་པ་དེ་འདྲ་ཡང་ཡོད་པ་མ་ཟད། ཁོང་ཚོར་གོ་མཚོན་དང་དམག་སྦྱོང་ཡག་པོ་བྱུང་མེད་ལ། མང་པོ་ཞིག་ལ་དམག་ཆས་ཀྱང་མེད། ལྷག་པར་དུ། ཨ་རིའི་དམག་མི་ཚོར་དམག་འཁྲུག་དངོས་ཀྱི་ནང་དུ་དམག་འཐབ་བྱས་པའི་ཉམས་མྱོང་གང་ཡང་མེད།

          སྐབས་དེའི་ཉིའུ་ཡོག་གྲོང་ཁྱེར་ནི་གནད་འགག་ཆེན་པོ་ཆགས་ཡོད། གྲོང་ཁྱེར་དེའི་ནང་མི་ ༢༥༠༠༠ ཙམ་དང་། ཨ་རིའི་ཚོང་ལས་ཀྱི་གཞི་རྟེན་གལ་ཆེར་གྱུར་པའི་གྲུ་ཁ་ཡག་པོ་ཞིག་ཀྱང་ཡོད། གལ་སྲིད་ནིའུ་ཡོག་ཤོར་ན། དབྱིན་དམག་གིས་ལས་སླ་པོར་ནིའུ་ཡོག་གི་གཙང་པོ་བརྒྱུད་མངའ་སྡེ་གཞན་དང་། ལྷག་པར་ཨ་རིའི་ཆབ་སྲིད་ཀྱི་གཙོ་གནས་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡར་དཔུང་འཇུག་བྱེད་བདེ་པོ་ཆགས་ངེས་ཡིན། ལོ་དུས་འདིའི་ཡས་མས་ནས་ཨ་རི་དང་དབྱིན་ཇིའི་བར་དམག་འཁྲུག་ཆེ་ཆུང་མང་པོ་ཞིག་བྱུང་བ་ཚང་མ་རྩོམ་ཡིག་འདིའི་ནང་ཞིབ་བཀོད་བྱས་ན། ཀློག་པ་པོ་རྣམས་ཉོབ་པའི་རྐྱེན་དང་། ཐ་ན་མགོ་བོ་རྨོངས་གཞིར་ཡང་འགྱུར་ཉེན་ཆེ་བས། འདིའི་འོག་ནས་ཨ་རིའི་གསར་བརྗེའི་འཕེལ་ཕྱོགས་མཚོན་ནུས་པའི་དམག་འཁྲུག་ཆེ་ཁག་འགའ་ཞིག་གླེང་བ་ལས། དམག་འཁྲུག་ཆུང་ཁག་རྣམས་གླེང་མེད་པ་དགོངས་འཇགས་ཞུ།

 ཕྱི་ལོ་ ༡༧༧༦ ཟླ་བ་བརྒྱད་པའི་ནང་། དབྱིན་ཇིའི་དམག་དཔུང་གིས་ནིའུ་ཡོག་གྲོང་ཁྱེར་གྱི་ཆ་ཤས་ལོང་མཚོ་གླིང་ (Long Island)ལ་དཔུང་འཇུག་བྱས། དབྱིན་ཇིས་དཔུང་འཇུག་བྱས་འཕྲལ་ས་དེའི་ཞིང་པ་ཚོས་རང་གི་ཅ་དངོས་ཐེར་ཀའི་ནང་བླུགས་ཏེ་ཕྱོགས་གཞན་དུ་བྲོས། དབྱིན་དམག་གིས་ཉིན་དང་པོ་ཁོ་ནར་ཨ་རི་བ་ཆིག་སྟོང་ལྷག་བསད་རྨས་བྱས་ཤིང་ ཁང་པ་དང་ཞིང་ཁ་རྣམས་མེར་བསྲེགས། སྐབས་དེ་དུས་ཝ་ཤིང་ཊོན་གྱི་རྐང་དམག་ནང་ཡོད་པའི་དམག་མི་ལོ་ ༡༦ ལ་སོན་པ་འཇོ་སེབ་ མར་ཏིན་(Joseph Martin)ཞེས་པས། ཨ་རིའི་གསར་བརྗེའི་དམག་འཁྲུག་རིང་རང་གི་དངོས་སུ་མཐོང་བ་དང་མྱངས་པ་རྣམས་ཉིན་ཐོར་བཀོད་ཡོད་ཅིང་། སྐབས་དེའི་ཉིན་ཐོའི་ནང་། ལ་ལའི་ལག་པ་བཅག་ཅིང་། ། འགའ་ཞིག་གི་རྐང་པ་བཅག །ཁ་ཤས་ཀྱི་མགོ་རུས་བཅག”ཅེས་བྲིས་འདུག །དབྱིན་དམག་གིས་ཕྱོགས་གསུམ་ནས་ཚུར་རྒོལ་བྱས་ཏེ་ད་ཆ་ཝ་ཤིང་ཊོན་གྱི་དམག་མིའི་མཐའ་བསྐོར་ཡོང་བས། ཝ་ཤིང་ཊོན་གྱིས་དེ་ནི་ཉེན་ཁ་ཆེན་པོ་ཡིན་པ་ཤེས། ཨ་རིར་མཚོན་ན། དམག་དཔུང་སྟོབས་ཆེན་མེད་པས། དམག་འཁྲུག་ནང་རྒྱལ་ཁ་ཐོབ་རུང་མ་ཐོབ་རུང་། དམག་དཔུང་རྩ་འཐོར་མ་འགྲོ་བ་བྱ་རྒྱུ་དེ་གལ་ཧ་ཅང་ཆེན་པོ་ཆགས་ཡོད།

སྐབས་དེའི་དམག་འཁྲུག་གི་རྣམ་པ།

ལོང་མཚོ་གླིང་དང་མན་ཧ་ཊན་མཚོ་གླིང་(Manhattan Island)གཉིས་ཀྱི་བར་དུ། གཙང་པོ་ཨི་སེ་ཊི་(East River)ཞེས་པ་ཞིག་ཡོད་ཅིང་། ཝ་ཤིང་ཊོན་གྱི་དམག་དཔུང་རྣམས་ལོང་མཚོ་གླིང་ནས་ཕྱིར་འཐེན་གྱིས་མན་ཧ་ཊན་མཚོ་གླིང་ལ་འགྲོ་དགོས་ན། གཙང་པོ་ཨི་སེ་ཊི་ངེས་པར་བརྒལ་དགོས། སྟབས་ལེགས་པ་ཞིག་ལ་གློ་བུར་དུ་གནམ་གཤིས་སྡུག་ཏུ་སོང་སྟེ། སྨུག་པ་མཐུག་པོ་ཞིག་གིས་ལོང་མཚོ་གླིང་ཡོངས་སུ་ཁྱབ། ཝ་ཤིང་ཊོན་གྱིས་གྲོང་ཁྱེར་ནང་ཡོད་པའི་གྲུ་ཆེ་ཆུང་ཚང་མ་སྤྱད་དེ། རང་གི་དམག་མི་དགུ་སྟོང་རྣམས་མཚན་མོ་ལྐོག་ཏུ་ལོང་མཚོ་གླིང་ནས་གཙང་པོ་ཨི་སེ་ཊི་བརྒྱུད་དེ། མན་ཧ་ཊན་མཚོ་གླིང་ལ་ཕྱིར་འཐེན་བྱས། ཕྱི་ཉིན་དབྱིན་དམག་རྣམས་གཉིད་ལས་སད་དུ། ལོང་མཚོ་གླིང་དུ་ཨ་རིའི་དམག་མི་གཅིག་ཀྱང་ལྷག་མེད་པ་མཐོང་བས་ཧོན་འཐོར། ལོ་རྒྱུས་སྨྲ་བ་འགའ་ཞིག་གིས། དབྱིན་ཇིའི་དམག་སྤྱི་སྐུ་ཞབས་ཧའོ་སྐབས་དེར་ཨ་རི་བ་དང་ཞི་འགྲིག་གནང་འདོད་ཡོད་སྟབས། ཁོང་གིས་དམག་གྲུ་ཆེན་པོ་དེ་ཚོ་སྤྱད་དེ་ཨ་རིའི་གྲུ་ཆུང་རྣམས་རྩ་མེད་བཏང་མེད་པ་རེད་ཅེས་བཤད་ཀྱི་ཡོད། གང་ལྟར་དེའི་རྗེས་ཀྱི་གཟའ་འཁོར་ནང་། སྐུ་ཞབས་ཧོ་ཝེས་རང་གི་དམག་དཔུང་འཁྲིད་དེ་ག་ལེར་མདུན་སྐྱོད་བྱས་པ་ལས། ལམ་སང་ཨ་རིའི་དམག་གི་རྗེས་སུ་དེད་པ་སོགས་མ་བྱས། ལྷག་པར་དུ་ཁོང་གིས་ཨ་རིའི་རང་བཙན་གསལ་བསྒྲགས་ལ་མཚན་རྟགས་འགོད་མཁན་སྐུ་ཞབས་བྷན་ཇི་མན་ ཧྥེ་རན་ཀི་ལིང་(Benjamin Franklin) དང་། འཇོན་ ཨ་རྡམ་གཉིས་མགྲོན་འབོད་ཀྱིས་ཕྱི་ཟླ་དགུ་པའི་ཟླ་དཀྱིལ་དུ་ཞི་མོལ་ཡོང་ཐབས་བྱས་ཀྱང་། གནད་དོན་གང་གི་ཐོག་ལའང་འགྲིག་འཇགས་མ་བྱུང་།

 

དེར་བརྟེན་དམག་འཁྲུག་མུ་མཐུད། དབྱིན་དམག་གིས་དུས་ཐུང་ནང་ཝ་ཤིང་ཊོན་གྱི་དམག་མི་རྣམས་མན་ཧ་ཊན་མཚོ་གླིང་ནས་མཐའ་སྐྲོད་བཏང་། དམག་འཐབ་འགའ་ཞིག་གི་སྐབས་སུ། དབྱིན་དམག་གིས་མེ་མདའ་བརྒྱབ་འཕྲལ། ཨ་རིའི་མདུན་ཕྱོགས་དམག་མི་ཚོས་གོ་མཚོན་བསྐྱུར་ཏེ་བྲོས་འགྲོ་བ་དང་། དེ་མཐོང་དུས་རྒྱབ་ཕྱོགས་དམག་མི་ཚོ་ཡང་བྲོས་པའི་གནས་ཚུལ་བྱུང་བས། ཝ་ཤིང་ཊོན་འུ་ཐུག་སྟེ་དཀོན་མཆོག་མཁྱེན། ང་ལ་ད་དམག་མི་འདི་འདྲའི་ཐབས་རྡུག་དེ་འདྲ་འདུག་ཅེས་སྡུག་སྐད་ཤོར།

 

ཚ་བ་ཆེ་བའི་དབྱར་དུས་ནས་བསིལ་ཤས་ཆེ་བའི་སྟོན་དུས་ཤར་བས། ཨ་རིའི་དམག་མི་ཚོར་དཀའ་ངལ་ཆེན་པོ་འཕྲད། དམག་མི་ཚོ་མཚན་མོ་གནམ་གཤིས་གྲང་མོའི་ནང་། དབྱར་གོས་ཙམ་ལས་ཉལ་གོས་མེད་པར། ས་གྲང་རྡོ་གྲང་གི་སྒང་དུ་གཉིད་ཉལ་དགོས་པ་དང་། ལྷག་པར་དུ་བཟའ་བཅའ་ལྡང་ངེས་མེད་པས་དམག་མི་མང་པོ་ནད་ཀྱིས་མནར། དུས་སྐབས་དེར་ཨ་རིའི་བུད་མེད་མང་པོ་ཞིག་གིས་དམག་དཔུང་དང་མཉམ་དུ་སོང་སྟེ་དམག་དཔུང་གི་ཟ་མ་བཟོ་བ་དང་། དམག་མི་ནད་པར་ལྟ་སྐྱོང་བྱེད་པ་སོགས་བྱས་ཤིང་། བུད་མེད་ཁ་ཤས་ཀྱིས་བུ་ལ་བརྫུས་ཏེ་དམག་འཐབ་ནང་ཞུགས། དཔེར་ན་བུ་མོ་ལོ་གཞོན་རྡེ་བྷོ་ར་ སམ་སོང་(Deborah Sampson)ཞེས་པས་བུ་ལ་བརྫུས་ཏེ་དམག་འཁྲུག་ནང་ཞུགས་ཤིང་། མཐར་ཁོང་ནད་མནར་གྱིས་སྨན་པས་སྨན་བཅོས་བྱེད་སྐབས་གཞི་ནས་བུད་མེད་ཡིན་པ་ཤེས་པ་ལྟ་བུ་ཡིན།

 

བསིལ་ཤས་ཆེ་བའི་སྟོན་དུས་ནས་གྲང་ངར་ཤིན་ཏུ་ཆེ་བའི་དགུན་དུས་ཤར་དུས་ཨ་རིའི་དམག་མིའི་དཀའ་ངལ་དེ་བས་ཀྱང་ཆེ་རུ་སོང་། ད་ཆ་ནིའུ་ཡོག་དབྱིན་དམག་ལ་ཡོངས་སུ་ཤོར་ཏེ་ཁོང་ཚོའི་རྒྱལ་སར་གྱུར། དབྱིན་དམག་གིས་ཨ་རིའི་དམག་མི་ནིའུ་འཇར་སི་(New Jersey)བརྒྱུད་ལྷོ་ཕྱོགས་རྡེ་ལ་ཝ་རེ་གཙང་པོའི་(Delawara River)ཕ་རོལ་གྱི་ཡུལ་པེན་ས་ཝེ་ནི་ཡ་(Pennsylvania)བར་དུ་མཐའ་སྐྲོད་བཏང་།  ཡུལ་པེན་ས་ཝེ་ནི་ཡར་སླེབས་དུས་ཝ་ཤིང་ཊོན་ལ་དམག་མི་ ༣༠༠༠ མ་གཏོགས་ལྷག་མེད་ཅིང་། དེ་དག་ཀྱང་ངལ་དུབ་དང་བཀྲེས་ལྟོགས་ཀྱིས་མནར་ཡོད། དེ་མིན་གྱི་དམག་མི་རྣམས་དམག་སར་བསད་པའམ། ནད་ཀྱིས་གྲོངས་པ། ཡང་ན་རང་ཁྱིམ་དུ་ལོག་སོང་བ་རེད། དེར་བརྟེན་ཝ་ཤིང་ཊོན་ལ་རེ་བ་ཧ་ལམ་མེད་པར་གྱུར། ཁོང་གིས་ཨ་རིའི་ལྷན་ཚོགས་ལ་དཔུང་སྣོན་མང་ཙམ་གཏོང་རོགས་ཞུས་ཀྱང་། དེ་སྔོན་ལག་སན་ཊོང་(Lexinton)དང་བྷོ་སེ་ཊོན་ནས་ཨ་རིར་ལས་སླ་པོར་རྒྱལ་ཁ་ཐོབ་སྟབས། ཨ་རིའི་ལྷན་ཚོགས་ཀྱི་སེམས་ནང་། དབྱིན་ཇིའི་དམག་དཔུང་ནི་སྟོབས་ཤུགས་དེ་ཙམ་ཆེན་པོ་མིན་པ་དང་། ཝ་ཤིང་ཊོན་ལ་དམག་རོགས་དགོས་གལ་མེད་པའི་ངོས་འཛིན་ནོར་བ་བྱུང་ཡོད་པས། ཁོང་ཚོས་དམག་རོགས་དང་དམག་སྣོན་བཏང་མེད། མདོར་ན། ཨ་རིའི་ལྷན་ཚོགས་ཀྱིས་བློ་ཐག་ཆོད་པོས་ཨ་རི་རང་བཙན་རྒྱལ་ཁབ་ཅིག་བྱ་རྒྱུའི་ཐག་གཅོད་བྱས་པ་མ་ཟད། རང་བཙན་གྱི་གསལ་བསྒྲགས་ཀྱང་འཛམ་གླིང་ཡོངས་ཁྱབ་ཏུ་སྤེལ་རྗེས། དུས་ཐུང་ནང་ཨ་རིའི་དམག་དཔུང་གིས་ཁོང་ཚོས་སྙིང་ནས་འདོད་པའི་རང་བཙན་དེ་སྲུང་སྐྱོབས་མི་ཐུབ་པའི་མཚམས་སུ་སླེབས།

 

དབྱིན་ཇིའི་ཕྱོགས་ནས་གྲང་ངར་ཆེ་བའི་དགུན་ཁའི་དུས་ཡུན་རིང་དམག་འཁྲུག་མི་བྱེད་པའི་ཐག་གཅོད་བྱས་ཏེ། ཝ་ཤིང་ཊོན་གྱི་སྒར་ས་ནས་སྤྱི་ལེ་ཉི་ཤུ་ཙམ་གྱི་སར་ཡོད་པའི་ནིའུ་འཇར་སིའི་ཁོངས་ཋེ་རན་ཊོན་(Trenton)ཞེས་པའི་ས་ཁུལ་དུ་འཇར་མན་གྱི་དམག་མི་གཅིག་སྟོང་ཙམ་བཞག་པ་ལས། དེ་མིན་གྱི་དམག་མི་ཡོངས་རྫོགས་ནིའུ་ཡོག་ཏུ་བཞག་ཡོད། ཨ་རིའི་མི་རྣམས་རེ་བ་ཡོངས་སུ་བརླག་ཉེན་ཡོད་པའི་མཚམས་དེར། ཝ་ཤིང་ཊོན་གྱི་སེམས་ནང་ཐབས་བྱུས་གསར་པ་ཞིག་འཁོར།

 

ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་གསང་མྱུལ་བརྒྱུད་དེ་ཁོང་གིས་འཇར་མན་གྱི་དམག་མི་རྣམས་ཡི་ཤུའི་འཁྲུངས་སྐར་དང་སྟབས་བསྟུན་གྱིས་ཆང་འཐུང་གླུ་གར་ལ་རོལ་བཞིན་ཡོད་པ་ཤེས་རྟོགས་བྱུང་། དེར་བརྟེན་ཝ་ཤིང་ཊོན་གྱི་སེམས་ནང་། འཇར་མན་གྱི་དམག་མི་ཚོས། ཨ་རིའི་དམག་མི་རྣམས་ད་ཆ་ཕམ་ཉེས་སུ་སོང་སྟེ་ཚུར་རྒོལ་བྱེད་པའི་ནུས་པ་རྩ་བ་ནས་མེད་པ་རེད་དྲན་བཞིན་ཡོད་ངེས་ཡིན་པས། ད་རེས་ཁོང་ཚོར་འཇབ་རྒོལ་ཞིག་བྱས་ན་ཏག་ཏག་རེད་དྲན།

ཝ་ཤིང་ཊོན་དཔུང་དམག་དང་བཅས་པས་འཁྱག་ཆུ་བརྒལ་ཏེ་དཔུང་འཇུག་བྱེད་བཞིན་པ།

ས་རུབ་པ་དང་ཝ་ཤིང་ཊོན་དང་ཁོང་གི་དམག་མི་རྣམས་གྲུ་ལ་ཞུགས་ཏེ་རྡེ་ལ་ཝ་རེ་གཙང་པོ་བརྒྱུད་དེ་སོང་།  ཧན་རེའི་ ནོག་སེ་(Henry Knox)ཞེས་པ་གོང་དུ་ཡ་ཡུད་ཆེན་པོས་མེ་སྒྱོགས་འདྲེན་མཁན་དེ་ཡང་ད་ཐེངས་ཝ་ཤིང་ཊོན་དང་མཉམ་དུ་ཡོད་ཅིང་།  ཁོང་ཚོས་གྲུ་གཟིངས་ཐོག་མེ་སྒྱོགས་དང་། ལྗིད་ཁོག་ཆེ་བའི་མེ་མདའ། རྟ་བཅས་ཀྱང་བླུགས་ཏེ་སོང་། ཨ་རིའི་དམག་མི་ཚོ་གཙང་པོ་བརྒྱུད་ནིའུ་འཇར་སི་ལ་འགྲོ་དུས། རླུང་དྲག་པོ་ལྡང་སྟེ་དམག་མི་ཚོའི་ངོ་གདོང་ལ་གངས་དང་འཁྱག་ཕྱེ་འཐོར་ཡོང་གི་ཡོད།  གཙང་ཆུའི་ནང་གངས་དང་འཁྱག་ཕྱེ་མང་པོ་ཡོད་སྟབས་གྲུ་གཟིངས་མགྱོགས་པོ་འགྲོ་ཐུབ་ཀྱི་མེད་པས་དཀའ་ཚེགས་ཤིན་ཏུ་ཆེན་པོ་བྱུང་། དམག་མི་རྣམས་ནིའུ་འཇར་སི་ཕྱོགས་ཀྱི་རྡེ་ཝ་རེ་གཙང་པོའི་འགྲམ་དུ་སླེབས་སྐབས་གནམ་གཤིས་དེ་བས་ཀྱང་སྡུག་ཏུ་སོང་།  འོན་ཀྱང་ཝ་ཤིང་ཊོན་གྱིས་བློ་ཐག་ཧ་ཅང་ཆོད་པོས་མདུན་སྐྱོད་བྱས།

 

ནམ་མ་གསལ་གོང་འཇར་མན་གྱི་དམག་མིའི་སྒར་སར་སླེབས་པར་ད་དུང་ཡང་སྤྱི་ལེ་བཅུ་བཞི་འགྲོ་དགོས། གངས་ཇེ་མཐུག་ཏུ་འགྲོ་བ་མ་ཟད། རླུང་འཚུབ་ཆེ་བས་གོམ་བགྲོད་བྱེད་པར་དཀའ་ཚེགས་ཧ་ཅང་ཆེ། ལྷག་པར་དུ་ཝ་ཤིང་ཊོན་གྱི་དམག་མི་འགའ་ཞིག་ལ་ལྷམ་གྱོན་རྒྱུ་མེད་པས། དེ་ཚོ་འགའ་ཞིག་གིས་རྐང་པར་རས་དཀྲིས་ཏེ་སོང་བ་དང་། འགའ་ཞིག་རྐང་རྗེན་མར་མདུན་སྐྱོད་བྱས། ཝ་ཤིང་ཊོན་གྱིས་བློ་རྩ་བརྟན་པོ་དང་རེ་བ་ཆེན་པོས་འགྲོ་ཞོར། དམག་མིར་ཚོར་མདུན་སྐྱོད་བྱེད་དགོས་པའི་བཀོད་འདོམ་གནང་བས་དམག་མི་གཅིག་གིས་ཀྱང་དེ་ལ་མ་འདོད་པ་མ་བྱས་པར་མདུན་སྐྱོད་བྱས། དེ་ལྟར་གང་ཙམ་སོང་བ་དང་དམག་མི་འགའ་ཞིག་གི་རྐང་པར་རྨ་ཆགས་ཏེ་གངས་ཀྱི་ཐོག་ཏུ་ཁྲག་རྗེས་དོད།

 

ཨ་རིའི་དམག་མི་ཚོས་འཇར་མན་གྱི་དམག་སྒར་ཐོག་ཏུ་འཇབ་རྒོལ་བྱ་རྩིས་ཡོད་པའི་གནས་ཚུལ་དེ། དབྱིན་ཇིར་དགའ་བའི་གསང་མྱུལ་བ་ཞིག་གིས་ཤེས་ཚོར་བྱུང་སྟེ། འཇར་མན་གྱི་དམག་དཔོན་ལ་གནས་ཚུལ་དེ་སྙན་གསན་ཞུ་བར་མྱུར་སྟབས་ཀྱིས་སོང་། འོན་ཀྱང་འཇར་མན་གྱི་དམག་དཔོན་དེ་སྐབས་དེར་ཆང་རག་འཐུང་བཞིན་ཏག་སེ་རྩེ་བཞིན་ཡོད་པས། གསང་མྱུལ་དེར་ཐུག་འཕྲད་མ་གནང་། གསང་མྱུལ་བ་དེར་ཐབས་ཤེས་གཞན་མ་བྱུང་སྟབས་ཨ་རི་བ་འཇབ་རྒོལ་བྱེད་པར་ཡོང་གི་ཡོད་པའི་ཉེན་བརྡའི་གནས་ཚུལ་ཤོག་བུ་ཞིག་གི་ཐོག་བྲིས་ཏེ། འཇར་མན་གྱི་དམག་དཔོན་དེར་འབུལ་རྒྱུར་བསྐུར། འོན་ཀྱང་དམག་དཔོན་གྱིས་དེར་མིག་ཙམ་ཡང་མ་བལྟས་པར་སྟོད་གོས་ཀྱི་ཁུག་མའི་ནང་བཅུག །

 

མ་གཞི་གངས་ཆེན་པོ་བབས་པ་དེས་ཝ་ཤིང་ཊོན་གྱི་དམག་མི་ཚོ་འགྲུལ་བཞུད་བྱེད་པར་དཀའ་ངལ་ཆེན་པོ་བཟོས་ཀྱང་། དེས་ཁོར་ཡུག་ཡོངས་རྫོགས་ཁུ་སིམ་སིམ་བཟོ་བའི་ཕན་ནུས་ཐོན། དེའི་དབང་གིས་ཨ་རིའི་དམག་མི་དང་རྟ། མེ་སྒྱོགས་བཅས་སྤྱི་ལེ་མང་པོའི་ས་ནས་ཡོང་ཡང་འཇར་མན་གྱི་དམག་མིས་ཤེས་ཚོར་རྩ་བ་ནས་མ་བྱུང་།

 

ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་གྱི་ཞོགས་པ་ཆུ་ཚོད་བརྒྱད་པར། ཨ་རིའི་དམག་མིས་གློ་བུར་དུ་འཇར་མན་གྱི་དམག་སྒར་ཐོག་གཤར་ཏེ་མེ་མདའ་འཕངས། འཇར་མན་གྱི་དམག་མི་ཚོ་མཚན་གང་ཡི་ཤུའི་འཁྲུངས་སྐར་གྱི་སྤྲོ་སྐྱིད་ལ་རོལ་ཏེ་གཉིད་ཁུག་བཞིན་ཡོད་པས། གློ་བུར་མེ་མདའི་སྒྲ་ཐོས་སྐབས་ག་བྱེད་འདི་བྱེད་མི་ཤེས་པར་གྱུར། འཇར་མན་གྱི་དམག་དཔོན་གྱིས་རྟ་ལ་བཞོན་ཏེ་རང་དམག་ལ་བཀོད་འདོམ་བྱ་རྩིས་བྱས་ཀྱང་ཨ་རིའི་དམག་གིས་ཁོ་པའི་མགོ་ལ་མེ་མདའ་བརྒྱབ་སྟེ་དེ་ག་རང་ལ་བསད། དེ་འདྲའི་གནས་སྟངས་འོག་འཇར་མན་གྱི་དམག་མི་རྣམས་མགོ་མ་བསྒུར་རང་བསྒུར་ཡིན་པས། ཉིན་དེར་འཇར་མན་དམག་ཆིག་སྟོང་ཙམ་འཛིན་བཟུང་བྱས།

དབྱིན་ཇིའི་ཕྱོགས་གཏོགས་འཇར་མན་དམག་ཕམ་ཉེས་སུ་བཏང་བ།

ཨ་རིའི་དམག་དཔུང་ལ་རྒྱལ་ཁ་ཐོབ་པའི་གནས་ཚུལ་དེ་མངའ་སྡེ་ཁག་ཏུ་འཕྲལ་དུ་ཁྱབ། སྤྱི་ཡོངས་ནས་བཤད་ན་རྒྱལ་ཁ་དེ་ཆེན་པོ་ཞིག་མིན་རུང་། སྐབས་དེར་ཨ་རིའི་འཐབ་རྩོད་ནང་རྒྱལ་ཁ་ཆུང་ངུ་ཞིག་ཡིན་རུང་མི་མང་གི་སེམས་ཤུགས་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་ཡོད། ལྷག་པར་ད་རེས་ཀྱི་རྒྱལ་ཁ་དེ་ནི་རེ་བ་ཧ་ལམ་མེད་པའི་དུས་སྐབས་ཤིག་ལ་ཐོབ་པ་ཡིན་པས། དེ་ནི་གྲང་ངད་ཆེ་བའི་དགུན་དུས་སུ་མཁོ་སྤྱོད་ཆེ་བའི་མེ་དྲོད་ལྟར། ཕམ་ཉེས་ཆེན་པོའི་གྲང་ངར་གྱིས་བཅོམ་པའི་ཨ་རི་བ་ཚོའི་སེམས་ལ་བདེ་དྲོད་འཕེལ་བྱེད་ཉག་ཅིག་ཏུ་གྱུར།། །།

 

ཨ་རིས་རང་བཙན་གསལ་བསྒྲགས་བྱས་པར། དབྱིན་ཇི་ཁྲོས་ཏེ་འཇར་མན་གྱི་དཔུང་དང་བསྡེབས་ནས་ཨ་རིར་དཔུང་རྒོལ་ཤུགས་ཆེ་བྱས་པའི་དམག་ཤུགས་མ་བཟོད་པར། ཨ་རིའི་དམག་ཕམ་ཅིང་། མང་ཚོགས་སེམས་ཤུགས་ཆག་ཉེའི་མཚམས་སུ། འཇོར་ཇི་ཝ་ཤིང་ཊོན་གྱི་ཐབས་བྱུས་དང་ཆོད་སེམས་ལ་བརྟེན་ནས་རྒྱལ་ཁ་བླངས་པའི་ལེའུ་སྟེ་བདུན་པ་རྫོགས་སོ།། ཨ་རིའི་གསར་བརྗེར་ཕྱིའི་རྒྱལ་ཁབ་ནས་རོགས་རམ་ཇི་ཙམ་ཐོབ་མིན་དང་། ཨ་རིའི་དམག་དཔུང་གིས་མུ་མཐུད་དཀའ་ངལ་མ་འཛེམས་པར་འཐབ་རྩོད་བྱས་ཚུལ་མཁྱེན་པར་འདོད་ན། ལེའུ་བརྒྱད་པ། ཚེགས་ཆེའི་དགུན་དུས་རིང་པོ། ཞེས་པར་གཟིགས།

གཡུལ་ལས་རྣམ་རྒྱལ་དམག་སྤྱི་ཆེན་མོ་འཇོར་ཇི་ ཝ་ཤིང་ཊོན།

 

 

 

 

(རྩོམ་ཡིག་འདི་བྲིས་ཚར་རིམ་བཞིན་ལྷག་དཀར་ནམ་ཡིན་ལ་རིམ་ཅན་དུ་སྤེལ་བ་ཞིག་ཡིན། དུས་ཚོད་དཀོན་པའི་དབང་གིས་ཚིག་དོན་གཉིས་ཀར་སྐྱོན་ཆ་ཡོད་ངེས་པས། ཀློག་པ་པོ་ཚོས་ཡིག་ནོར་གཅིག་མཐོང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་དེ་བཟོ་བཅོས་ཀྱི་རོགས་རམ་གནང་རོགས། གཞན་ཡང་རྩོམ་འདི་བཀླགས་པ་ལས་བྱུང་བའི་མྱོང་ཚོར་དང་བསམ་ཚུལ་ག་རེ་བྱུང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་ན་དགའ་བསུ་ཡོད། ཐུགས་རྗེ་ཆེ།)

བསྐྱར་བཅོས།: ༢༠༡༧/༠༤/༢༤

Leave a Reply

བརྙན།

No videos

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

ཀོ་རི་ཡ་ལྷོ་མ་དང་བྱང་མ།
ཆུང་ཚེ་རིང་། རིག་པ། (༤)
གངས་སྐྱིད་ཀྱི་བོད་ཡིག
ཆུང་ཚེ་རིང་། རིག་པ། (༥)
ཨ་རིའི་གསར་བརྗེ། ༼ ༡༠ ༽
ཆུང་ཚེ་རིང་། རིག་པ། (༡)
ཨ་རིའི་གསར་བརྗེ། ༼ ༩ ༽
ཆུང་ཚེ་རིང་། རིག་པ། (༠)
ཨ་རིའི་གསར་བརྗེ། ༼ ༨ ༽
ཆུང་ཚེ་རིང་། རིག་པ། (༤)
དེ་ལས་མང་།

རིག་པ་གསར་ཤོས།

བསྟན་པ་དར་རྒྱས།
གཞོན་ནུ་ཟླ་མེད།
ངང་སྒུག
ཤེས་རབ་འོད་ཟེར།
ཤེས་རབ་འོད་ཟེར།
ཀུན་དགའ་ལེགས་པ་
མེ་ལྕགས།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༡༣)
  • སྤྱིའི་མཆན་གྲངས། (༥༨)
  • སྤྱིའི་ཀློག་གྲངས། (༥༧༧༧)