ཆུང་ཚེ་རིང་། རིག་པ།(༠)

ལེའུ་དགུ་པ།

དམག་ཐག་ཆོད་པ།

རྩོམ་པ་པོ། ཆུང་ཚེ་རིང་།

སྤེལ་ས། བོད་ཀྱི་དུས་བབ།

སྤེལ་དུས། ༢༠༡༦།༢།༡༧ ལྷག་དཀར།

༄༅།། ཧྥ་རན་སིས་ཨ་རིར་མངོན་གསལ་དུ་དམག་རོགས་བྱ་རྒྱུའི་གསལ་བསྒྲགས་བྱས་པ་ཐོས་སྐབས། ཝ་ཤིང་ཊོན་དཔུང་དམག་དང་བཅས་པ་ཤིན་ཏུ་དགའ་ནས་ནམ་མཁར་རྟེན་འབྲེལ་གྱི་མེ་སྒྱོགས་འཕངས་ཤིང་། ངག་ནས་ཧྥ་རན་སིའི་རྒྱལ་པོ་སྐུ་ཚེ་བརྟན་པ་ཤོག་ཅེས་འབོད་སྒྲ་བསྒྲགས། དེ་དང་མཉམ་དུ་དམག་མི་འགའ་ཞིག་གིས། དམག་སྤྱི་ཆེན་མོ་ཝ་ཤིང་ཊོན་སྐུ་ཚེ་བརྟན་པར་ཤོག་ཅེས་ཀྱང་བསྒྲགས། ཨ་རི་བ་ཀུན་དང་འདྲ་བར་ཝ་ཤིང་ཊོན་དང་ཁོང་གི་དམག་མི་ཚོའི་སེམས་ལ་རྒྱལ་ཁའི་རེ་བས་ཁེངས།

 

དབྱིན་ཇིའི་དམག་དཔུང་གིས་གནས་ཚུལ་དེ་ཐོས་སྐབས་སེམས་ཁྲལ་ལངས། ཁོང་ཚོས་ཧྥ་རན་སིའི་དམག་གྲུ་ཨ་རིའི་ནང་ཡོང་གི་ཡོད་པ་ཐོས་སྐབས། མུ་མཐུད་ནས་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡ་བཟུང་སྟེ་བསྡད་ན། ཨ་རི་དང་ཧྥ་རན་སིའི་དམག་གིས་ཁོང་ཅག་མཐའ་བསྐོར་ཏེ་ཚུར་རྒོལ་བྱ་ཉེན་ཡོད་པར་འཇིགས་ནས་གྲོང་ཁྱེར་ནིའུ་ཡོག་གི་ཕྱོགས་སུ་དམག་རྣམས་ཕྱིར་འཐེན་བྱས། སྐབས་དེར་ཝ་ཤིང་ཊོན་གྱི་དཔུང་དམག་རྣམས་ཀྱང་རི་གྲོང་ནས་བབས་ཏེ། དབྱིན་དམག་གར་འགྲོ་གར་འདུག་ལ་ལྟ་ཞིབ་ཆེད་བྱང་ཕྱོགས་སུ་དཔུང་སྐྱོད་བྱས།

 

དུས་སྐབས་འདིར་དབྱིན་ཇིའི་གྲོས་ཚོགས་ནང་གི་འཐུས་མི་མང་པོ་ཞིག་ནི། བར་ལམ་གྱི་འགྲོ་སོང་ཆེ་བའི་དམག་འཁྲུག་མང་པོས་ཡིད་སུན་ཏེ། ཨ་རི་དང་དབྱིན་ཇིའི་བར་གྱི་དམག་འཁྲུག་དེ་མཇུག་བསྒྲིལ་བར་འདོད་ཀྱང་། དབྱིན་ཇིའི་རྒྱལ་པོ་དང་ཁོང་གི་ཕྱོགས་གཏོགས་ཁག་ནི་ཨ་རིའི་ནང་གི་མི་སེར་སྤེལ་ཡུལ་གཞིས་ཆགས་ཁག་རང་ལག་ནས་ཤོར་དུ་འཇུག་འདོད་མེད་པས། དམག་བྱུས་གསར་པ་ཞིག་ལ་བསམ་བློ་བཏང་། དེ་ཡང་ད་ཕན་གྱི་དབྱིན་ཇི་དང་ཨ་རིའི་བར་གྱི་དམག་འཁྲུག་རྣམས་གཙོ་བོ་གྲུ་ཁ་ཆེ་ཁག་ཏུ་བྱུང་ཞིང་། གྲུ་ཁ་ཆེ་ཁག་དེ་ཚོ་དབྱིན་ཇིའི་དཔུང་སྟོབས་ཀྱིས་བཟུང་སྟེ་རྒྱལ་ཁ་བླངས་མ་ཐག་ཏུ། ཝ་ཤིང་ཊོན་གྱི་དམག་དཔུང་རྣམས་ས་ཆ་གཞན་ལ་བྱོལ་ནས། གོ་སྐབས་བརྙེད་ཚེ་སླར་འཐབ་ཏུ་ཡོང་བས། དམག་འཁྲུག་གི་མཇུག་བསྒྲིལ་བའི་སྐབས་མེད། དམག་འཁྲུག་དེ་དག་ཀྱང་གཙོ་བོ་ཨ་རིའི་བྱང་ཕྱོགས་ས་ཁུལ་ཁག་ཏུ་བྱུང་བས། ད་ཆ་དབྱིན་ཇིའི་ངོས་ནས་ཨ་རིའི་ལྷོ་ཁུལ་གཞིས་ཆགས་གནས་ཡུལ་དུ་དམག་དཔུང་ཕོན་ཆེ་བཏང་སྟེ་དབང་སྒྱུར་བྱས་ན། ལྷོ་ཁུལ་དུ་དབྱིན་ཇིར་དགའ་བའི་“རྒྱལ་ཞེན་པ་”མང་པོ་ཡོད་པ་དེ་དག་གིས་དབྱིན་དམག་དང་བསྡེབས་ཏེ། ངེས་པར་འཐབ་པར་ངེས་ཤིང་། དེ་ལྟར་བྱས་ན། ལྷོ་ཁུལ་ནས་རིམ་པས་བྱང་ཁུལ་ཡོངས་རྫོགས་དབང་དུ་བསྡུ་ཐུབ་པའི་ཚོད་རྩིས་བྱས། ལྷོ་ཁུལ་དབྱིན་དམག་གི་སྤྱི་ཁྱབ་དམག་དཔོན་དུ་ཁཱོན་ ཝ་ལི་སི་(Cornwallis)ཞེས་པ་ཞིག་ཆེད་དུ་བསྐོས།

 

དབྱིན་ཇིའི་རྒྱལ་པོས་ཚོད་དཔག་བྱས་པ་ལྟར། ཐོག་མའི་དུས་སུ་ཨ་རིའི་ལྷོ་ཁུལ་ནས་དབྱིན་དམག་ལ་རྒྱལ་ཁ་མང་པོ་གཅིག་རྗེས་གཉིས་མཐུད་དུ་ཐོབ་པ་དཔེར་ན། ༡༧༧༩ ལོར་དབྱིན་དམག་གིས་མངའ་སྡེ་འཇོར་ཇི་ཡ་(Georgia)ཚེགས་མེད་དུ་བླངས་ཤིང་། ༡༧༨༠ ལོའི་ཟླ་བ་ལྔ་པར་ལྷོ་ཁ་རོ་ལི་ནའི་(South Carolina)ཆར་གཏོགས་པའི་གྲོང་ཁྱེར་ཆར་ལེ་ས་ཊོན་(Charleston)བླངས་ཏེ་ཨ་རིའི་དམག་མི་སྟོང་ཕྲག་ལྔ་གསོན་བཟུང་བྱས། ཨ་རི་བ་ཚོར་མཚོན་ན་དེ་ནི་ཕམ་ཉེས་ཆེ་ཤོས་ཀྱི་དམག་འཁྲུག་ཅིག་རེད། དེ་ལྟར་མི་རིང་བར་ལྷོ་ཁ་རོ་ལི་ན་ཡོངས་རྫོགས་དབྱིན་ཇིའི་དབང་འོག་ཏུ་ཤོར།

 

ལྷོ་ཁུལ་གྱི་གཏམ་མི་སྙན་པ་རྣམས་ཐོས་པས་བྱང་ཕྱོགས་སུ་ཝ་ཤིང་ཊོན་དཔུང་དམག་རྣམས་སེམས་ངལ་ཆེན་པོའི་ངང་གནས། ལོ་སྔ་མའི་དགུན་དུས་སུ་ཝ་ཤིང་ཊོན་དཔུང་དང་བཅས་པར་རི་གྲོང་ཧྥོར་ཇི་ནས་དཀའ་ཚེགས་ཤིན་ཏུ་ཆེན་པོ་འཕྲད་ཚུལ་དེ། ལོ་རྒྱུས་ཐོག་གྲགས་ཆེ་ཡང་། དེ་གའི་རྗེས་ཏེ་ཕྱི་ལོ་ ༡༧༧༩-༡༧༨༠ ལོའི་དགུན་དུས་སུའང་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད། ལོ་དེར་དམག་འཐབ་མང་པོ་བྱ་དགོས་མ་བྱུང་ཡང་། ལོ་སྔ་མ་ལས་ཆེ་བའི་གངས་འཚུབ་མང་པོ་དང་། བཟོད་པར་དཀའ་བའི་གྲང་ངར། རུས་པའི་གསེང་ལའང་འཛུལ་སྙམ་བྱེད་པའི་རླུང་ཡན་བསྟུད་མར་བྱུང་བས། ལོ་སྔ་མ་ལྟར་འཕྲལ་སེལ་གྱི་སྡོད་ཁང་བསྐྲུན་པའི་གོ་སྐབས་ཙམ་ཡང་མ་བྱུང་། དམག་མི་ཡོངས་རས་གུར་འོག་ཏུ་ཉལ་ཅིང་། རས་གུར་དེ་ཡང་རླུང་གིས་ཡང་ཡང་འཁྱེར་བ་དང་། གངས་ཀྱིས་བཏིབ་པ་སོགས་གང་ལྟར་གྲང་ངད་ལས་སྐྱོབས་བྱེད་ཅིག་ཏུ་གྱུར་བ་དཀོན། གོང་དུ་ཐེངས་འགའ་གླེང་ཟིན་པའི་དམག་མི་གཞོན་ནུ་འཇོ་སེབ་ མར་ཏིན་ཞེས་པ་སྐབས་དེ་དུས་ཀྱང་ཝ་ཤིང་ཊོན་གྱི་དམག་མིའི་ཁོངས་སུ་ཡོད་པས། དེས་བྲིས་པའི་ཉིན་ཐོའི་ནང་། གྲང་ངར་གྱི་ཤུགས་ཀྱིས་ལུས་པོ་དུམ་བུར་འགྲོ་ལ་ཁད་བྱེད་ཅིང་། བཟའ་རྒྱུ་དཀོན་པས། ཁོང་དང་ཁོང་གི་རོགས་ཟླ་ཚོས་ཐེངས་གཅིག་ཀོ་ལྷམ་བཙོས་ཏེ་བཟའ་དགོས་བྱུང་བའང་བྲིས་འདུག །ཝ་ཤིང་ཊོན་གྱིས་སྔར་བཞིན་ཨ་རིའི་ལྷན་ཚོགས་ལ་བདེ་སྡུག་སྙན་སེང་ཞུས་ཏེ། དམག་མཁོའི་མཐུན་རྐྱེན་གང་མྱུར་གཏོང་ཐབས་ཡོང་བའི་རེ་བ་བཏོན་ཀྱང་གྲུབ་འབྲས་མ་སོན། ཨ་རིའི་མི་མང་གིས་ཀྱང་རོགས་རམ་དེ་ཙམ་མ་བྱས། ཐ་མ་ཝ་ཤིང་ཊོན་འུ་ཐུག་སྟེ། ཉེ་འགྲམ་གྱི་གྲོང་གསེབ་ཁག་ནང་སོང་སྟེ་ཟས་རིགས་བླངས་ཤིང་། གང་བླངས་པའི་སྐྱིན་ཚབ་འཇལ་ཐུབ་མིན་མི་ཤེས་ཀྱང་། དམག་འཁྲུག་མཇུག་སྒྲིལ་རྗེས་སྐྱིན་པ་སྤྲོད་ངེས་ཡིན་ཞེས་ཁས་ལེན་དང་སྦྲགས་ཞིང་པའི་ས་ནས་གང་བླངས་པ་རྣམས་རེ་རེ་བཞིན་ཐོ་རུ་བཀོད།

 

དབྱིན་ཇིའི་དམག་དཔུང་གིས་ཨ་རིའི་ལྷོ་ཁུལ་དུ་དམག་འཐབ་བྱས་ཏེ་རྒྱལ་ཁ་མུ་མཐུད་གཅིག་མཇུག་གཉིས་མཐུད་དུ་བླངས་ཤིང་། ཁོང་ཚོས་ལྷོ་ཁུལ་གྱི་ས་ཆ་མང་པོར་དབང་བསྒྱུར་བ་དང་མཉམ་དུ། ས་ཁུལ་དེ་ཚོར་གནས་པའི་ཨ་རི་བའི་སྤྱི་ཚོགས་ཁྲོད་དུ་རྙོག་གྲ་ཆེན་པོ་ཆགས། དེ་ཡང་ཨ་རི་བའི་ནང་གི་མི་མང་པོ་ཞིག་གིས་དབྱིན་ཇིའི་རྒྱལ་ཁབ་དེ་རང་གི་མེས་རྒྱལ་དུ་བརྩི་བཞིན་ཡོད་པས། དེ་ཚོ་དབྱིན་ཇིའི་དམག་དཔུང་ནང་ཞུགས་པ་དང་། དབྱིན་ཇིའི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་པས། ཁོང་ཚོ་དང་ཨ་རི་རང་བཙན་རྩོད་མཁན་ཚོའི་དབར་མི་མཐུན་པར་གྱུར། མི་མཐུན་པ་དེ་ཡང་སྤྱིར་བཏང་གི་ལྟ་བ་མི་མཐུན་པ་ཙམ་མ་ཡིན་པར། དགྲ་དང་རང་ཕྱོགས་བར་གྱི་འགལ་ཟླ་ཡིན་པས། གྲོགས་པོ་དང་གྲོགས་པོའི་བར་དང་། གཅེན་པོ་དང་གཅུང་པོའི་བར། ཕ་མ་དང་བུ་ཕྲུག་གི་བར་དུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་དྲག་པོ་བྱུང་།

 

དབྱིན་ཇིའི་དམག་དཔོན་ཁཱོན་ ཝ་ལི་སིའི་དཔུང་དམག་རྣམས། ལྷོ་ཁ་རོ་ལི་ན་ནས་རིམ་གྱིས་བྱང་ཁ་རོ་ལི་ནའི་ཕྱོགས་སུ་ཡོང་། དེ་ཡང་བྱང་ཁ་རོ་ལི་ནར་ཚད་པ་དང་རློན་ཤས་ཆེ་ཞིང་། ན་འདམ་མང་བས་དེ་ཚོ་བརྒྱུད་དེ་ཡོང་སྐབས་དཀའ་ཚེགས་ཇེ་ཆེར་གྱུར། མ་གཞི་ས་ཁུལ་དེ་ཉིད་“རྒྱལ་ཞེན་པ་”མང་བའི་ས་ཁུལ་ཡིན་རུང་། རང་བཙན་དོན་གཉེར་བའི་ཚོགས་པ་ཆུང་ཆུང་ཁག་གིས་དབྱིན་ཇིར་ངེས་མེད་འཇབ་རྒོལ་བྱེད་འགོ་བཙུགས།  དེ་འདྲའི་ཚོགས་

                                                ན་འདམ་ཝ་མོ།

པའི་འགོ་བྱེད་དམག་མི་ཟུར་པ་གཅིག་གི་མིང་ངོ་མར་ཧྥ་རན་སི་སེ་ མཱ་རོན་(Francis Marion)ཟེར་ཡང་། ཁོང་གཟུགས་སྟོབས་ཆུང་ཞིང་། རོགས་ཚོ་དང་མཉམ་དུ་ན་འདམ་དང་། ཤིང་ནགས། བྲག་རྡོ་སོགས་ཀྱི་གསེང་ནས་གློ་བུར་དུ་ཐོན་ཏེ་འཇབ་རྒོལ་བྱེད་པས། སྤྱི་ཚོགས་ཐོག་ཁོང་ལ་ན་འདམ་ཝ་མོ་(Swamp Fox)ཞེས་འབོད། ན་འདམ་ཝ་མོ་དང་ཁོང་གི་འཐབ་གྲོགས་ཚོའི་འཇབ་རྒོལ་བྱེད་སྟངས་དེ། ཨ་རིའི་གདོད་མའི་མི་རིགས་ཚོའི་ས་ནས་སྦྱངས་པར་གྲགས། དབྱིན་ཇིའི་དམག་དཔུང་རྣམས་ནི་སྦྱོང་བརྡར་དང་གོ་མཚོན། མི་གྲངས་བཅས་གང་ལ་གཞིགས་ཀྱང་འཛམ་གླིང་ནང་རྩེ་ཕུད་ཡིན་པ་མ་ཟད། དམག་སར་ཕན་ཚུན་ཁ་གཏད་ཀྱིས་འཛིང་དགོས་ན་འགྲན་པའི་ཟླ་དང་བྲལ་ན་ཡང་།  ན་འདམ་ཝ་མོའི་ཚོགས་པས། གློ་བུར་ཐོག་རྒྱག་ཏུ་གང་ཞིག་ནས་ཐོན་ཡོང་སྟེ་དབྱིན་དམག་གང་ཐུབ་བསད་རྨས་བཏང་རྗེས། སླར་ན་འདམ་དང་ནགས་གསེབ་ཏུ་བྲོས་ཡིབ་བྱེད་པས། དབྱིན་དམག་རྣམས་དེ་འདྲའི་འཇབ་རྒོལ་ལ་འཇིགས་ཤིང་ཅི་བྱེད་མི་ཤེས་པར་གྱུར།

 

ཕྱི་ལོ་ ༡༧༨༡ ཟླ་བ་ ༣ ཚེས་ ༡༥ ཉིན་བྱང་ཁ་རོ་ལི་ནའི་ཁོངས་གཏོགས་ས་གནས་གྷུལ་ཧྥོར་ཌི་  ཀོར་ཌི་ཧའོ་སེ་(Guilford Courthouse)ཞེས་པར་དབྱིན་ཇི་དང་ཨ་རིའི་དབར་དམག་འཁྲུག་ཆེན་པོ་ཞིག་བྱས། དམག་འཁྲུག་དེའི་ནང་དབྱིན་ཇིའི་དམག་མི་ ༢༡༠༠ ཡིས། ཨ་རིའི་དམག་མི་ ༤༥༠༠ ལ་འཐབ་སྟེ་དབྱིན་ཇིར་རྒྱལ་ཁ་ཐོབ་ཀྱང་། དམག་མི་བརྒྱ་ཆ་ ༢༧ བརྒལ་བ་རྩ་མེད་དུ་སོང་བས་དམག་ཤུགས་ཉམས། དེར་བརྟེན་དབྱིན་ཇིའི་དམག་སྤྱི་ཁཱོན་ ཝ་ལི་སིའི་དཔུང་དམག་རྣམས་ལོ་དེའི་དཔྱིད་ཀ་ཡུལ་འཇོར་ཇི་ཡར་ཕྱིར་འཐེན་བྱས་ཏེ་དཔུང་ཤུགས་ཆེ་རུ་བཏང་། ཕྱི་ཟླ་བརྒྱད་པར་ཁོང་དཔུང་དམག་དང་བཅས་པ་དམག་འཁྲུག་གིས་ངལ་ཞིང་དུབ་པར་གྱུར་པས། ཡུལ་ཝིར་ཇི་ནི་ཡའི་(Virginia )སའི་ཆ་ཡོག་ཊོང་(Yorktown)ཞེས་པར་དམག་མི་བརྒྱད་སྟོང་དང་བཅས་ངལ་གསོ་བར་སོང་སྟེ། ས་དེར་རྫོང་ཞིག་ཀྱང་བསྐྲུན་འགོ་ཚུགས་བཞིན་གནས།

སྐབས་དེའི་དམག་འཁྲུག་གི་རྣམ་པ།

 

ཕྱིས་ཀྱི་དཔྱད་ཞིབ་པ་ཚོས། དབྱིན་དམག་རྣམས་ཡོག་ཊོང་ལ་གནས་བཅས་པ་དེ་ནི་དམག་བྱུས་ཀྱི་ཆ་ནས་ནོར་འཁྲུལ་ཆེས་ཆེ་བ་ཞིག་ཏུ་བརྩི། རྒྱུ་མཚན་ནི་ཡོག་ཊོང་གི་རྒྱབ་ངོས་རྒྱ་མཚོར་ཐུག་པས། ཨ་རིས་སྐམ་ས་ནས་དཔུང་ཆེན་པོ་དྲངས་ཚེ་བྲོས་ཐར་བ་དཀའ། དབྱིན་ཇིའི་དམག་སྤྱི་ཁཱོན་ ཝ་ལི་སིས་ཉེན་ཁ་དེ་ཡོད་པ་ཤེས་ཀྱང་། གྲོང་ཁྱེར་ནིའུ་ཡོག་ནས་དབྱིན་དམག་གི་གྲུ་གཟིངས་མྱུར་དུ་འབྱོར་ངེས་པ་དང་། གྲུ་གཟིངས་ཡོད་ན། དཀའ་ངལ་འཕྲད་དུས་དམག་མི་མཚོ་ཐོག་ནས་ཕྱིར་འཐེན་བྱས་ཆོག་པའི་ཁོག་རྩིས་བརྒྱབ། འོན་ཀྱང་ནིའུ་ཡོག་ནས་མཚོ་གྲུ་མ་སླེབས།

 

དུས་སྐབས་དེར་ཨ་རིའི་དམག་སྤྱི་ཆེན་མོ་ཝ་ཤིང་ཊོན་དང་ཧྥ་རན་སིས་ཨ་རིར་མངགས་པའི་དམག་སྤྱི་ཆེན་མོ་ཨོ་ཤམ་བྷིའུ་(Rochambeau)གཉིས་ཀ་ཨ་རིའི་བྱང་ཁུལ་དུ། འུ་ཐུག་ཐབས་ཟད་ལྟ་བུའི་ཚུལ་དུ་གནས། ཧྥ་རན་སིས་དེ་ཕན་ཨ་རིར་དངུལ་དངོས་དང་དམག་དཔུང་གི་རོགས་རམ་ཧ་ཅང་ཆེན་པོ་གནང་རུང་དམིགས་ཡུལ་ལྟར་གྱི་གྲུབ་འབྲས་ཆེར་མ་སོན། འུ་ཐུག་དང་དངངས་འཚབ་འོག་གནས་པའི་དམག་སྤྱི་ཆེན་མོ་གཉིས་ཀྱིས་དབྱིན་ཇིའི་དམག་སྤྱི་ཆེན་མོ་ཁཱོན་ ཝ་ལི་སི་དཔུང་དམག་དང་བཅས་པ་ཡོག་ཊོང་དུ་གནས་ཡོད་པ་ཤེས་པས། ཁོང་གཉིས་ཀྱིས་བྱང་ནས་ལྷོ་རུ་མྱུར་སྐྱོད་ཀྱིས། ཨ་རིའི་དམག་དཔུང་གིས་མདུན་ཕྱོགས་སྐམ་ས་ནས་དཔུང་འཇུག་དང་། ཧྥ་རན་སིའི་མཚོ་དམག་གིས་རྒྱབ་ཕྱོགས་ནས་བཀག་སྟེ། དབྱིན་ཇིའི་དམག་དཔུང་རྩ་མེད་གཏོང་རྒྱུའི་དམག་བྱུས་བཤམས།

 

དམག་བྱུས་དེ་ལེགས་ཀྱང་ཉེན་ཁ་ཡང་ཆེ་བ་ཞིག་སྟེ། ཧྥ་རན་སི་དང་ཨ་རིའི་དམག་དཔུང་རྣམས་བྱང་ཁུལ་ནས་ལྷོ་ཁུལ་དུ་ཧ་ཅང་གསང་སྟབས་ངང་མྱུར་བགྲོད་བྱ་དགོས་ཤིང་། གལ་ཏེ་ནིའུ་ཡོག་དང་། ཡོག་ཊོང་ལ་ཡོད་པའི་དབྱིན་དམག་གིས་དེའི་སྐོར་ཕྲ་མོ་ཙམ་ཡང་ཤེས་ཚོར་བྱུང་ཚེ། བྱུས་ཆེན་དེ་མ་ཉིད་དུ་ཕམ་ཉེས་སུ་འགྲོ་བར་ངེས་པ་རེད། གཞན་ཡང་སྐབས་དེར་སྟོན་དུས་ཀྱི་ཆར་རླུང་དྲག་པོ་ལྡང་བའི་སྐབས་ཡིན་པས། ཧྥ་རན་སིའི་གྲུ་གཟིངས་རྣམས་ལམ་བར་ནས་མཚོ་རླབས་དྲག་པོས་བསྣུབས་ཉེན་ཡང་ཡོད་སྟབས། ནམ་རྒྱུན་བློ་ཁོག་ཆེ་བའི་དམག་སྤྱི་ཝ་ཤིང་ཊོན་ཡང་། ཚ་གི་ཚིག་གེར་གྱུར།

དམག་སྤྱི་ཝ་ཤིང་ཊོན་(ཨ་རི)དང་ཨོ་ཤམ་བྷིའུ་(ཧྥ་རན་སི)གཉིས་ཀྱིས་བཀའ་བཀོད་གནང་བཞིན་པ།

ཡིན་ན་ཡང་བྱ་བ་ལམ་དུ་སོང་བ་ཞིག་ལ། སྐམ་ས་ནས་སོང་བའི་ཨ་རིའི་དམག་དཔུང་དང་། མཚོ་ཐོག་ནས་སོང་བའི་ཧྥ་རན་སིའི་དམག་དཔུང་གཉིས་ཀར་དཀའ་ཚེགས་དང་ཉེན་ཁ་ཅི་ཡང་མ་འཕྲད་པར་ཡོག་ཊོང་དུ་དུས་མཉམ་ལྟ་བུར་སླེབས་ཏེ། དབྱིན་ཇིའི་དམག་སྤྱི་ཁཱོན་ ཝ་ལི་སི་དཔུང་དང་བཅས་པའི་མཐའ་ཀུན་ནས་བསྐོར་ཏེ་ཕྱི་ལོ་ ༡༧༨༡ ཟླ་བ་ ༡༠ ཚེས་ ༩ ཉིན་ནས་ཕན་ཚུན་མེ་མདའ་དང་སྒྱོགས་འཕེན་འགོ་ཚུགས། དེ་ཡང་ཨ་རི་དང་ཧྥ་རན་སི་གཉིས་ཀས་དཔུང་ནུས་གཅིག་ཏུ་བསྒྲིལ་ཏེ་དབྱིན་ཇིའི་དམག་དཔུང་ལས་རྣམ་པར་རྒྱལ་བར་འདོད་པས། ཉིན་དེ་ཁོ་ནར་སྒྱོགས་མདེལ་ ༣༦༠༠ དབྱིན་ཇིའི་དམག་དཔུང་གི་ཕྱོགས་ལ་འཕངས་ཤིང་། དབྱིན་ཇིས་ཀྱང་དེ་བཞིན་དུ་ཚུར་འཕངས་ཏེ་མི་བསད་རྨས་མང་པོ་བྱས། དམག་མི་ལོ་གཞོན་འཇོ་སེབ་ མར་ཏིན་གྱི་ཉིན་ཐོའི་ནང་དུ། ངའི་འཁྲིས་ཀྱི་མི་ཞིག་གི་མགོ་ལ་མེ་མདེལ་ཕོག་སྟེ་རྐང་པའི་འགྲམ་དུ་འགྱེལ་ནས་ཆོ་ངེ་དྲག་པོ་བཏོན་སོགས་བྲིས་སྣང་། དེ་ལྟར་ཉིན་མཚན་སྦྲེལ་ཏེ་གཟའ་འཁོར་གཅིག་ལྷག་གི་རིང་། རྒྱུན་མཐུད་དུ་དམག་འཐབ་པའི་མཐར། དབྱིན་ཇིའི་དམག་མི་མང་པོ་རྨས་ཤིང་། བཟའ་བཅའ་རྫོགས་པའི་དབང་གིས་འུ་ཐུག་ཐབས་ཟད་ནས་ཟླ་བ་ ༡༠ ཚེས་ ༡༧ ཉིན་གྱི་ཞོགས་པ་དབྱིན་ཇིའི་དམག་སྒར་ནང་ནས་རྔ་སྒྲ་གྲགས་ཡོང་བས། མེ་མདའ་འཕེན་མཚམས་ཆད།  རྔ་སྒྲ་ཇེ་ཆེར་སོང་བ་དང་མཉམ་དུ་དབྱིན་དམག་གིས་རུ་སྒྲིག་བཞིན་དར་ཆ་དཀར་པོ་ཞིག་འཕྱར། དེ་ནི་དབྱིན་ཇིའི་དམག་མིས་མགོ་བསྒུར་བའི་རྟགས་རེད།

ཧྥ་རན་སིའི་མཚོ་དམག་དང་ཨ་རིའི་སྐམ་དམག་གི་བར་དུ་བཙིར་ཏེ་དབྱིན་དམག་ལ་འཐབ་རྒོལ་བྱས་པ།

ཨ་རི་དང་ཧྥ་རན་སིའི་རུ་སྟར་གྱི་བར་དུ། དབྱིན་དམག་མགོ་བསྒུར་ཏེ་འགྲོ་བཞིན་པའི་རྣམ་པ།

ཉིན་གཉིས་ཀྱི་རྗེས་སུ། ཧྥ་རན་སིའི་དམག་མི་རྣམས་ཀྱིས་གཙང་ལ་བརྗིད་ཉམས་ལྡན་པའི་དམག་ཆས་གྱོན་ཏེ་ལམ་གྱི་གཡོན་ཕྱོགས་སུ་རུ་བསྒྲིགས་པའི་ཐ་མ་རུ་དམག་སྤྱི་ཆེན་མོ་ ཨོ་ཤམ་བྷིའུ་ལངས། ལམ་གྱི་གཡས་ཕྱོགས་སུ་དམག་ཆས་འཛོར་པོ་གྱོན་པའི་ཨ་རིའི་དམག་མི་རྣམས་རུ་སྟར་བསྒྲིགས་པའི་ཐོག་མ་རུ་དམག་སྤྱི་ཆེན་མོ་ཝ་ཤིང་ཊོན་རྟ་ལ་བཞོན་ཏེ་གནས། དམག་གི་རུ་སྟར་དེ་གཉིས་ཀྱི་རིང་ཐུང་ལ་སྤྱི་ལེ་གཅིག་དང་ཕྱེད་ཙམ་ཡོད། དེ་ནས་དབྱིན་ཇིའི་དམག་མི་ཚོ་མཁར་རྫོང་གི་ཕྱི་ལ་ཐོན་ནས་རང་གི་མེ་མདའ་ས་ལ་བཞག་སྟེ། ཨ་རི་དང་ཧྥ་རན་སིའི་དམག་མིའི་རུ་སྟར་གྱི་དཀྱིལ་ནས་ག་ལེར་གོམ་བགྲོད་ཀྱིས་སོང་། དེ་ལྟར་འགྲོ་སྐབས་དབྱིན་དམག་ལ་ལ་སེམས་སྐྱོ་ནས་མིག་ཆུ་ཤོར་ཞིང་། ལྷག་པར་ཨ་རིའི་དམག་མི་ཁ་སྟབས་ཞན་པོ་དེ་ཚོར་དམག་ཤོར་བར་ངོ་ཚ་ཁ་སྐྱེངས་བྱུང་བ་ལྟ་བུས། ངོ་གདོང་ཨ་རིའི་རུ་སྟར་ཕྱོགས་སུ་ལྟ་བར་མ་ནུས་པར། ཚང་མས་ཧྥ་རན་སིའི་རུ་སྟར་ལ་ངོ་བསྟན་ཏེ་སོང་། ཡོག་ཊོང་གི་དམག་འཁྲུག་ནང་། ཨ་རིར་རྒྱལ་ཁ་ཐོབ་པ་དེས། ཨ་རི་དང་དབྱིན་ཇིའི་བར་ལོ་མང་རྒྱུན་མཐུད་པའི་དམག་འཁྲུག་གི་མཇུག་ཡོངས་སུ་བསྒྲིལ་ཞིང་། འཇོར་ཇི་ ཝ་ཤིང་ཊོན་སོགས་ཀྱི་བསམ་འདུན་མངོན་གྱུར་བྱུང་བའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།

 

ཨ་རིའི་གསར་བརྗེར་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོབ་སྟེ་མངའ་དབང་ཡོངས་རྫོགས་ལྡན་པའི་རང་བཙན་རྒྱལ་ཁབ་ཅིག་ཏུ་གྱུར་ཚུལ་གཟིགས་པར་འདོད་ན། ལེའུ་བཅུ་པ། རང་བཙན་གྱི་རྒྱལ་ཁབ་ཅེས་པར་གཟིགས་རོགས་ཞུ།།

 

(རྩོམ་ཡིག་འདི་བྲིས་ཚར་རིམ་བཞིན་ལྷག་དཀར་ནམ་ཡིན་ལ་རིམ་ཅན་དུ་སྤེལ་བ་ཞིག་ཡིན། དུས་ཚོད་དཀོན་པའི་དབང་གིས་ཚིག་དོན་གཉིས་ཀར་སྐྱོན་ཆ་ཡོད་ངེས་པས། ཀློག་པ་པོ་ཚོས་ཡིག་ནོར་གཅིག་མཐོང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་དེ་བཟོ་བཅོས་ཀྱི་རོགས་རམ་གནང་རོགས། གཞན་ཡང་རྩོམ་འདི་བཀླགས་པ་ལས་བྱུང་བའི་མྱོང་ཚོར་དང་བསམ་ཚུལ་ག་རེ་བྱུང་ཡང་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་ན་དགའ་བསུ་ཡོད། ཐུགས་རྗེ་ཆེ།)

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

བརྙན།

No videos

སྒྲ

དྲ་འབྲེལ།

བརྗོད་བྱ་གསར་པ།

ཀོ་རི་ཡ་ལྷོ་མ་དང་བྱང་མ།
ཆུང་ཚེ་རིང་། རིག་པ། (༤)
གངས་སྐྱིད་ཀྱི་བོད་ཡིག
ཆུང་ཚེ་རིང་། རིག་པ། (༦)
ཨ་རིའི་གསར་བརྗེ། ༼ ༡༠ ༽
ཆུང་ཚེ་རིང་། རིག་པ། (༡)
ཨ་རིའི་གསར་བརྗེ། ༼ ༩ ༽
ཆུང་ཚེ་རིང་། རིག་པ། (༠)
ཨ་རིའི་གསར་བརྗེ། ༼ ༨ ༽
ཆུང་ཚེ་རིང་། རིག་པ། (༤)
དེ་ལས་མང་།

རིག་པ་གསར་ཤོས།

བསྟན་པ་དར་རྒྱས།
གཞོན་ནུ་ཟླ་མེད།
ངང་སྒུག
ཤེས་རབ་འོད་ཟེར།
ཤེས་རབ་འོད་ཟེར།
ཀུན་དགའ་ལེགས་པ་

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༡༣)
  • སྤྱིའི་མཆན་གྲངས། (༥༩)
  • སྤྱིའི་ཀློག་གྲངས། (༦༡༥༠)