མི་ལ་ལས་བསམ་བློ་ཧ་ཅང་བཏང་ཡོད་པའི་ཁུལ་གྱིས་བསམ་བློ་མ་བཏང་བའི་སྐད་ཆ་བཤད་བཞིན་འདུག།
སྐུ་ཞབས་ཞོགས་དུང་ལ་ཉེས་བ་ཅི་ཞིག་ཡོད་མེད་རྒྱ་གཞུང་གིས་ཁྱབ་བསྒྲགས་མ་བྱས་གོང་བོད་མི་སྐྱབས་བཅོལ་བ་ཚོས་དྲ་ཚིགས་མང་བོའི་ནང་ཞོགས་དུང་གིས་གནམ་ས་གོ་འབྱེད་བྲིས་བའི་ཉེས་བ་ཡོད་ཅེས་ཁྱབ་བསྒྲགས་བྱེད་བཞིན་འདུག། དྲང་མོར་བཤད་ན་དྲ་གྲོགས་དེ་དག་གིས་ཞོགས་དུང་གིས་གནམ་ས་གོ་འབྱེད་བྲིས་བར་ཉེས་བ་ཅི་ཞིག་ཡོད་པ་གསལ་བཤད་བྱེད་དགོས། ཞོགས་དུང་འཛིན་རྐྱེན་ཅི་ཡིན་ད་དུང་སུས་ཀྱང་ཤེས་མེད། རྒྱ་གཞུང་གིས་ཉེས་བ་མེད་སར་ཉེས་བ་བཙུགས་ནས་ཞོགས་དུང་ལ་མནར་གཅོད་བཏང་ནའང་། དེ་ནི་བོད་མིའི་ཁ་དཔེ་བཞིན་རྟ་ཇག་པས་འདེད་ན་འདེད་ནོ་དང་ལུག་སྤྱང་ཀིས་གསོད་ན་གསོད་ནོ་ཡིན་ཡང་། ཇག་པས་ཐུབ་པའི་ཐོག་ལ་རོགས་པས་ཐུབ་ཞེས་བ་བཞིན་བོད་པ་ཚོས་ཞོགས་དུང་ལ་དེབ་བྲིས་བའི་ཉེས་བ་ཡོད་ཅེས་བཤད་དགོས་དོན་མི་འདུག
གལ་ཏེ་སང་ཉིན་རྒྱ་གཞུང་གིས་ཞོགས་དུང་ལ་དེབ་བྲིས་བའི་ཉེས་བ་མ་ཡིན་པའི་ཉེས་བ་གཞན་ཞིག་བཙུགས་ནས་ཁྲིམས་ཐག་བཅད་པ་ཡིན་ན་དྲ་གྲོགས་དེ་དག་གིས་རང་གིས་ཁྱབ་བསྒྲགས་བྱས་བའི་ཞོགས་དུང་གི་ཉེས་བ་དེ་དག་ཕྱིར་འཐེན་བྱེད་ཐུབ་བམ། དེ་ལ་བསམ་བློ་བཏང་མྱོང་ངམ། སྨྲ་བརྗོད་རང་དབང་ནི་རྒྱ་ནག་གིས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པས་ཞོགས་དུང་ལ་གནམ་ས་གོ་འབྱེད་བྲིས་བར་ཉེས་བ་ཡོད་ཅེས་བཤད་མིན་ད་དུང་བཤད་མི་ཐུབ་པ་ཞིག་རེད། ཁྱོད་ཚོའི་གླེན་ཁོག་ལ་ཤར་བ་དེ་རྒྱ་གཞུང་གི་སེམས་ལ་སྔ་མོ་ནས་ཤར་ཡོད་ངེས་པས་ཁོ་ཚོས་ཐབས་ལམ་ཞིག་འཚོལ་བཞིན་ཡོད་སྲིད། ང་ཚོས་ཁྱབ་བསྒྲགས་འདི་ལྟར་བྱས་ཚེ་དེ་ནི་རྒྱ་གཞུང་ལ་གོ་སྐབས་ཐོལ་བ་ཞིག་སྤྲད་པ་སྟེ་ཞོགས་དུང་གིས་བྲིས་བའི་གནམ་ས་གོ་འབྱེད་ནི་ཁྲིམས་འགལ་ཡིན་པ་བོད་པ་སྐྱབས་བཅོལ་བ་ཚོས་ཀྱང་ངེས་ལེན་བྱེད་བཞིན་ཡོད་ཅེས་བཤད་སྲིད་པ་ཞིག་རེད།
གལ་ཏེ་ཉེས་བ་འདི་ཚུར་བཙུགས་པ་ཡིན་ན་དེ་དུས་དྲ་གྲོགས་འདི་དག་གིས་དེ་ནི་ངས་བཤད་པ་མིན། ཁོའི་ཆུང་མ་དང་བུ་མོ་གཉིས་ཀས་ཁ་པར་བརྒྱུད་ནས་གསར་འགོད་པར་བཤད་པ་རེད་ཟེར་ངེས། དེ་ནི་ཁག་འཇོག་ས་ཞིག་ལས་དོན་གྱིས་ཞོགས་དུང་གི་ཆུང་མས་ཡི་གེ་མི་ཤེས་བ་དང་བུ་མོ་ད་དུང་ལོ་ཚད་དེར་ཐོན་མེད། གསར་འགོད་པ་ཚོས་ཁོ་གཉིས་ཀའི་ཁ་ནང་ལ་ལག་སྙོབ་བྱས་ནས་འདུག་གི་མ་བཅུག་པར་དེའི་ཁ་གཅོད་བྱེད་ཀྱི་ལན་ཙམ་རེད། ཁོང་གི་ཆུང་མ་དང་བུ་མོ་གཉིས་ལ་རང་དབང་གི་སྐད་ཆ་བཤད་རྒྱུའི་གོ་སྐབས་མེད་པ་ཤེས་བཞིན་དུ་སྐྲག་མི་དགོས་ས་ནས་གསར་འགོད་པ་ཚོས་ཁོ་གཉིས་ཡང་ཡང་དཀའ་ཁག་ལ་གཏད་ཡོད། དྲང་མོར་བཤད་ན་གསར་འགོད་པ་ཚོས་ཞོགས་དུང་བཟུང་བ་བདེན་མིན་གྱི་སྐད་ཆ་དེ་ཁོང་གི་ཆུང་མར་འདྲི་འོས་བ་ཞིག་དང་འདྲི་དགོས་བ་ཞིག་ཀྱང་ཡིན། དེ་ལས་ལྷག་པའི་སྐད་ཆ་འདྲི་བར་ཕ་རོལ་བའི་གནས་སྟངས་ལ་བསམ་བློ་གཏོང་དགོས་མོད་ཁོ་ཚོས་བསམ་བློ་ཅི་ཡང་བཏང་མེད། གསར་འགོད་པ་གསུམ་གྱིས་ཁ་པར་བརྒྱུད་ནས་ཁོང་གི་ཆུང་མ་དང་བུ་མོ་གཉིས་ལ་སྐད་ཆ་ཐེངས་གསུམ་ལ་དྲིས་སོང་། དྲི་བ་དེ་དག་ཚང་མ་གཅིག་པ་གཅིག་རྐྱང་ཡིན་ལ་དྲིས་ལན་ཡང་དེ་བཞིན་ཡིན། གཅིག་གིས་དྲིས་ཟིན་པའི་སྐད་ཆ་དེ་ཤེས་