སྡེ་དགེ་བའི་སྙིང་གཏམ་ཚིག་གསུམ།

༡༡༥༽ བོད་ནང་གི་རྩོམ་པ་པོ་ཞིག་གིས་༧གོང་ས་མཆོག་གི་འཁྲུངས་སྐར་བསུས་པ།

༈ རྒྱ་གར་གྱི་རྒན་པོ་བསམ་དཀར་ཞིག་ལ།
༼སྒོ་ཡོན༽

-འཁྲུངས་སྐལ༧༥བ་ལ།

ཡ་གླིང་ཤར་མའི་ཕྱོགས་ནས་མཆེད་པ་ཡི།།

བྱང་རྒྱུད་ཁ་བའི་མཐའ་ནས་འཁྲུངས་པ་ཡི།།

འགྲོ་མི་སྤྱི་ལ་གསལ་བའི་འོད་པོ་ཆེ།།

རླབས་ཆེན་ཆོས་གོས་བསྣབས་ལ་གསོལ་བ་འདེབས།།


རྒྱལ་ཚོགས་མཉམ་འབྲེལ་གླིང་གི་གཤོག་སྣེ་ན།།

ནུབ་ཕྱོགས་སྟོབས་ལྡན་ཡུལ་གྱི་མདུན་སོ་ན།།

ཕྱག་ཟུང་སྙིང་ཀར་སྦྱར་བའི་སེར་མོ་བ།།

སྐྱེས་བུ་གྲགས་པ་ཅན་དེར་གསོལ་བ་འདེབས།།


ལོ་ངོ་དྲུག་ཅུ་བརྒལ་བའི་ས་མཐའ་ནས།།

དགུང་གྲངས་བདུན་ཅུར་སོན་པའི་ཚེ་མཐའ་ནས།།

ཕྱིར་མིག་གངས་ལ་འཁོར་བའི་རྒྱལ་ཁམས་པ།།

དུས་ཀྱི་ཕོ་སྐྱེས་གང་ལ་གསོལ་བ་འདེབས།།


ཞི་བའི་འཁར་གསིལ་ཕྱག་གིས་མ་དོར་ཞིང༌།།

བྱམས་པའི་མཆི་མ་སྤྱན་ལས་མ་གཡོལ་བའི།།

ནོལ་པེལ་རྟགས་མའི་གདན་གྱི་བསམ་བློ་བ།།

མི་ཡི་དཀོན་མཆོག་ཉིད་ལ་གསོལ་བ་འདེབས།།


ཕྱི་ནང་ཆོས་ཀྱི་མཐོ་ཞན་མ་བཞག་པ།།

རིང་ཐུང་རིགས་ཀྱི་ཐོན་ཁུངས་མ་བརྩད་པ།།

ཐུབ་པའི་རྩིས་ཐང་མངའ་བའི་རྒན་རབས་པ།།

དེང་གི་བདེ་གཤེགས་མཆོག་ལ་གསོལ་བ་འདེབས།།


དར་དམར་མཚོན་གྱིས་སྒུལ་བར་མ་ནུས་ཤིང༌།།

རྙིང་འཛིན་རྡུལ་གྱིས་གོས་པར་མ་གྱུར་པའི།།

རང་དབང་རང་བདག་སྦུབས་ཀྱི་ཁ་ལོ་བ།།

རྒྱལ་སྲས་དཀའ་བ་སྤྱོད་ལ་གསོལ་བ་འདེབས།།


ཕོ་བྲང་དཀར་བོའི་ནང་གི་གསེར་སྐུ་ཞིག།

པོ་ཏ་ལྭ་ཁང་ཕྱི་ཡི་སོ་སྲུང་ཞིག།

བློ་རྩེ་དབུ་མར་གནས་པའི་མཛད་སྤྱོད་པ།།

རང་སེམས་བཙོན་ལས་གྲོལ་ལ་གསོལ་བ་འདེབས།།


ལུས་ཀྱི་མཛེས་དབྱིབས་ལྷ་ལས་མ་སྤྲུལ་བ།།

ངག་གི་བདེན་གཏམ་ལྷ་ཡིས་བཟོས་མིན་པ།།

དགའ་སྐྱོ་གདོང་ལ་འབུར་བའི་སོ་སྐྱེས་པ།།

གཟུ་བོ་ཁུར་དུ་བཞེས་ལ་གསོལ་བ་འདེབས།།


ལྷ་སྲུང་བཟློགས་པས་འཆུགས་ཙམ་ཕྱིན་ན་ཡང༌།།

དཔོན་ནག་དྲུང་ནས་ཏོག་ཙམ་བསྒུར་ན་ཡང༌།།

རྒྱལ་སྤྱིའི་སྲིད་སྲུང་དབུས་ཀྱི་བློ་འབྱེད་པ།།

སྟོན་པ་བོད་དོན་སྨྲ་ལ་གསོལ་བ་འདེབས།།


ཤེས་རབ་བློ་ཡི་སྣང་བ་ཁོག་ནས་རྒྱས།།

ལྷན་གཤིས་ཚོར་བའི་སྙིང་སྟོབས་གདན་ནས་འབར།།

རྒྱལ་ཕམ་སྲོག་འདུའི་བར་གྱི་བརྟུལ་ཕོད་པ།།

ཡུལ་གྱར་དཔའ་བོ་གང་ལ་གསོལ་བ་འདེབས།།


མདོར་ན་ལམ་གྱི་རིང་ཐུང་མི་བརྩི་བར།།

མདོར་ན་མིག་གིས་མཐོང་མིན་མི་ལྟོས་པར།།

ཁྱེད་ནི་ང་ཡི་སྲོག་གི་བདག་པོ་དང༌།།

ང་ནི་ཁྱེད་ཀྱི་བརྩེ་བའི་བུ་ཕྲུག་ཡིན།།


རིགས་ལ་གཡོ་སྐྱོམ་འོང་དུས་ཁྱེད་ལ་འབོད།།

སྒེར་ལ་འཚོ་བས་བཅུམ་དུས་ཁྱེད་ལ་འབོད།།

ནང་མིས་སྙོན་འཛུགས་གཏོང་དུས་ཁྱེད་ལ་འབོད།།

ཕྱི་མིས་བཙན་འཛུལ་ཐེབས་དུས་ཁྱེད་ལ་འབོད།།


ཁྱེད་ལ་འབོད་པ་ཁྲི་འབུམ་ཡོད་སྲིད་ཀྱང༌།།

གསོལ་འདེབས་ཁྲག་དང་སྦྱར་ཏེ་ཁོ་བོས་སྐུལ།།

ཁྱེད་ཉིད་མཇལ་ཙམ་བརྒྱ་སྟོང་ཡོད་འདུག་ཀྱང༌།།

རྒྱུ་མཚན་དོན་གྱིས་རྙེད་དེ་ཁོ་བོས་ལྟ།།

2010/06/12ཉིན་ཁྲིན་ཏུའུ

འདོན་སྤེལ།: ༢༠༡༠/༠༧/༢༨
རིག་པ་འདོན་པ།
བློ་བཟང་།(༡)
༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས།
ཡིད་སྐྱོའི་གནས་ཚུལ་དང་མ་ཎིའི་ཞལ་འདེབས།

ཉེ་ཆར་ང་ཚོའི་དུས་བབ་ཟིན་བྲིས་པ་དང་ཐ་སྙད་ཞིབ་འཇུག་པ། རྩོམ་པ་པོ་སྒོམ་སྡེ་ལྷ་རམས་པ་མཆོག་ལ་ཁྲག་རླུང་སྟོད་འཚང་གི་སྙུན་གཞི་ཚབས་ཆེན་ཕོག་སྟེ། ཉིན་བཅོ་བརྒྱད་ཙམ་གྱི་རིང་ཁེ་ན་ཊའི་ chriners hospital དུ་ཞལ་ལག་གསོལ་མ་ཐུབ་པ་དང་། གཟིམ་མི་ཁུག་པ། དེ་བཞིན་ཞལ་ནས་ཁྲག་མང་པོ་སྐྱུགས་པ་སོགས་སྙུན་ཚབས་ཆེན་པོའི་ངང་བཞུགས་ཏེ་འདི་ཟླའི་ཕྱི་ཚེས་༢༦པའི་དགུང་མོའི་ཆུ་ཚོད་བཅུ་དང་སྐར་མ་དྲུག་གི་སྟེང་སྐུ་ཚེའི་འཕེན་པ་རྫོགས་ཡོད་འདུག དམ་པ་འདི་ཉིད་སྐུ་འཚོ་བཞུགས་ཀྱི་རིང་སེ་ར་དགོན་སོགས་སུ་སློབ་གཉེར་གནང་ནས་དགེ་བཞེས་ལྷ་རམས་པའི་མཚན་གནས་བཞེས་ཡོད་པ་དང་། དགེ་ལུགས་ཚིག་མཛོད་བྲིས་ནས་ཚོད་ལྟའི་དཔར་སྐྲུན་དང་པོ་གྲུབ་ཅིང་། དྲ་རྒྱ་ཁག་གི་སྟེང་དུ་ཁོང་ལ་ཁོང་ལ་ཆོས་ལུགས་དང་ཆོལ་ཁའི་དཀྲུགས་ཤིང་ཆེན་པོ་གནང་ཚུལ་སོགས་ཀྱི་ཁ་སྨྲས་སྣ་ཚོགས་བྱུང་ཡོད་རུང་། སེམས་ཤུགས་མ་ཆག་པར་མུ་མཐུད་ནས་ཚིག་མཛོད་ཇེ་རྒྱས་སུ་གཏོང་མུས་ལ་སྐུ་གཤེགས་པ་རེད་འདུག འབྲེལ་ཡོད་ཁག་ཅིག་གིས་ངོ་སྤྲོད་བྱས་པ་ལྟར་ན་ཁོང་ལ་སྔོན་ཁྲག་རླུང་སྟོང་འཚང་གི་ན་ཚ་མེད་ཀྱང་། ཉེ་ཆར་ཁོང་དང་མི་ཁག་ཅིག་གི་བར་ལ་དྲ་ཐོིག་ནས་འཁྲུག་པ་ཡང་ཡང་ཤོར་བ་དེས་ཁོང་ལ་སྙུན་གཞི་ཕོག་པའི་རྐྱེན་བྱས་ཡོད་པ་དང་། སྐུ་རླུང་བཞེངས་རྒྱུ་དང་ཐུགས་ཁྲལ་གནང་རྒྱུ་མང་དྲགས་པས་རྐྱེན་གྱིས་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་སྙུན་བཞི་ཚབས་ཆེན་པོར་གྱུར་ཚུལ་བརྗོད་ཀྱི་ཡོད་འདུག གང་ལྟར་ཁོང་རང་རེ་བོད་པ་ཚང་གི་དགེ་བཤེས་ལྷ་རམས་པ་ཞིག་ཡིན་པས་བོད་མི་སྤྱི་དང་། ཁྱད་པར་དྲ་ཐོག་ནས་དམ་པ་ཁོང་དང་བཟང་འབྲེལ་ངན་འབྲེལ་བྱུང་མཁན་ཚོས་ཁོང་ལ་མ་ཎི་རྡོག་རེའི་སྐྱེལ་མ་གནང་རོགས་ཞུ་བ་ཡིན། མཐར་མི་ལུས་དོན་ལྡན་དུ་སྐྱེ་བ་བཞེས་པའི་སྨོན་འདུན་ཞུ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ། ཨོཾ་མ་ཎི་པད་མེ་ཧཱུཾ།

ལེགས་རྩོམ་སྙིང་བསྡུས་རྩོམ་སྒྲིག་པ་བློ་བཟང་དོན་ལྡན་གྱིས་གནས་ཚུལ་མཁོ་གཏོང་བྱས།
བོན་རྒྱ་བསྟན་འཛིན་རབ་རྒྱས།
༢༠༡༠/༠༧/༢༨ ཉིན་འདོན་སྤེལ་བྱས།
རྩོམ་ཡག་པོ་ཞིག་འོས་སྦྱོར་བྱས་ཡོད་ཀི། ཐུགས་རྗེ་ཆེ། ཡིན་ནའང་བླ་རྒན་སེམས་ཆུང་བྱས་ལོ།
Rinchen Gonpo
༢༠༡༠/༠༧/༢༨ ཉིན་འདོན་སྤེལ་བྱས།
སྒོ་ཡོན་གྱི་སྟངས་ག་འདྲ་འདུག གོ་ཐོས་སུ་བཟུང་ཡོད་པ་ཞིག་གོ་སོང་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
འཆམ་ར་དྲི་མེད་རྒྱལ་མཚན། ཕ་གཞིས་དཀར་པོ་དགྲ་བོའི་ལག་ཏུ་ཤོར།། བྱམས་ལྡན་ཕ་མ་རྒྱང་རིང་ཡུལ་དུ་གྱེས།། དྲིན་ཆེན་བླ་མ་དག་པའི་ཞིང་ལ་ཕེབས།། མི་ཚེ་མིག་ཆུས་བང་བའི་འཆམ་ར་བ།། བོད་ཀྱི་གཞས་ཚིག་དྲ་བའི་བྱང་བུ། www.shetsik.blogspot.com རྩོམ་ཡིག་བདག་པོར་མ་དྲིས་པ་བཤུ་འདྲེན་མི་དབང་