རླུང་མིག

དཔེ་ཀློག་དང་དཔེ་ཆ།

བརྒྱད་པ།
དཔེ་ཆ་ཉོ་བ་དེ་ཀློག་པའི་དུས་ཚོད་ཀྱང་ཡོད་པ་ནི་བཟང་ཤོས་ཡིན་མོད། མང་ཤོས་ཀྱིས་རྟག་པར་ཉོ་བ་ལས་མི་ཀློག་ཅིང༌། བཀླགས་ཀྱང་ཞིབ་པར་མི་ཀློག་
དཔེ་ཆ་ཀློག་པའི་མི་དེར་བཀླགས་པ་ཐམས་ཅད་ཡིད་ལ་འཛིན་དགོས་པའི་རེ་བ་འདོན་པ་ནི། ཟ་མ་ཟོས་པའི་མི་ལ་ཟོས་པ་ཐམས་ཅད་ཉར་ཚགས་བྱེད་དུ་འཇུག་པ་དང་འདྲ་སྟེ། ལུས་ནི་ཟས་འབབ་ཞིག་གིས་འཚོ་བར་བྱེད་ཅིང༌། སེམས་ཀྱང་བཀླགས་པ་ཁོ་ནར་བརྟེན་ནས་འཚོ་བར་བྱས་པས་ན་ད་ལྟའི་གནས་ཚུལ་འདི་འདྲ་ཞིག་ཏུ་གྱུར་པ་རེད། དོན་དུ་ལུས་ཀྱིས་ངོ་བོ་གཅིག་འདྲའི་རིགས་ལས་སྡུད་ལེན་བྱེད་མི་ཐུབ་ལ། དཔེ་ཆ་ཀློག་མཁན་སུ་ཡིན་ཀྱང་རུང་སྟེ་རང་ཉིད་ལ་མོས་པ་ཡོད་པའི་ཆའམ། རང་གི་བསམ་བློའི་མ་ལག་དང་དམིགས་བྱ་ལ་འཚམ་པའི་ཆ་དེ་ལས་འཛིན་པར་མི་ནུས། མི་སུ་ཡིན་ལ་མ་ལྟོས་པར་རང་ལ་དམིགས་ཡུལ་ཞིག་ཡོད་མོད། བསམ་བློའི་མ་ལག་ཆ་འདྲ་བར་གྱུར་པ་ཤིན་ཏུ་ཉུང༌། བསམ་བློའི་མ་ལག་མེད་པའི་མི་དེ་བྱ་བ་གང་ལའང་དོན་ཐུན་གྱི་མོས་པ་མེད་པས་ན། མི་དེ་རིགས་ཀྱིས་དཔེ་ཆ་ཀློག་པ་ནི་ངལ་བ་འབྲས་མེད་ཙམ་ལས་བློ་སྐྱེད་ཅི་ཡང་ཡོད་མི་སྲིད།
Repetitio est mater  Studioun
༼སྐྱོར་སྦྱོང་ནི་ཞིབ་འཇུག་གི་འབྱུང་ཁུངས་ཡིན༽གལ་ཆེ་བའི་དཔེ་ཆ་ཚང་མ་འཕྲལ་མར་བསྐྱར་ཀློག་ཐེངས་ཤིག་བྱེད་དགོས་ཏེ། གཅིག་ན་བསྐྱར་ཀློག་བྱེད་སྐབས་དེར་འཁོད་བརྗོད་བྱའི་བར་གྱི་འབྲེལ་བ་སྣ་ཚོགས་ལ་གོ་བ་སྔར་ལས་གཏིང་ཟབ་ཏུ་འགྲོ་ཞིང༌། མཇུག་དོན་ཤེས་པས་འགོ་འཛིན་སྟངས་ལ་གོ་བ་གསར་དུ་རྙེད་པར་འགྱུར། གཉིས་ན་ཀློག་ཐེངས་གཉིས་པར་སྐབས་མང་པོར་སྣང་བ་དང་འཆར་སྒོ་སྔ་མ་དང་མི་འདྲ་བའི་དབང་གིས་མྱོང་ཚོར་ཡང་མི་འདྲ་སྟེ། འདི་ནི་འོད་ཀྱི་སྣང་བ་མི་འདྲ་བའི་ཁྲོད་ནས་དངོས་པོ་གཅིག་ལ་ལྟ་བ་དང་མཚུངས།
བརྩམས་ཆོས་ནི་རྩམ་པ་པོའི་བསམ་བློའི་འགུལ་སྐྱོད་ཀྱི་དྭངས་མ་ཡིན་པས་ན། གལ་ཏེ་རྩོམ་མཁན་དེ་ཤིན་ཏུ་རླབས་ཆེ་བའི་མི་སྣ་ཞིག་ཡིན་ཕྱིན་ཁོང་གི་བརྩམས་ཆོས་ནི་ཁོང་གི་འཚོ་བ་ལས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། ཡང་ན་ཁོང་གི་འཚོ་བའི་ཚབ་ཕལ་ཆེར་བྱེད་ཆོག་པའམ་དེ་ལས་ཆེས་ཆེར་བརྒལ་པ་ཞིག་ཡིན་ངེས། རྩོམ་པ་པོ་ཐ་མལ་བའི་བརྩམས་བྱའང་ཕན་པ་དང་ལྡན་ཅིང་མོས་པ་སློང་ནུས་པ་ཞིག་ཡིན་ཀྱང་སྲིད་དེ། དེ་ཡང་ཁོའི་བསམ་བློའི་འགུལ་སྐྱོད་ཀྱི་དྭངས་མ་ཡིན་ཅིང༌། བསམ་བློ་དང་ཞིབ་འཇུག་ཐམས་ཅད་ཀྱི་གྲུབ་འབྲས་ཡིན་པའི་ཕྱིར་རོ།། འོན་ཀྱང་འཚོ་བའི་བརྒྱུད་པ་ཡི་ཆ་ནས་ང་ཚོ་ཡིད་མགུ་བར་བྱེད་དུ་འཇུག་ཐུབ་པའི་ངེས་པ་མེད། དེ་ལྟ་ན་བརྩམས་ཆོས་དེ་འདྲའི་རིགས་ཀྱང་བཀླག་ཏུ་རུང་ན་རིམ་པ་མཐོ་གྲས་ཀྱི་བསམ་བློའི་རིག་གནས་ཀྱིས་ནི་ང་ཚོ་རྟག་པར་ཡུལ་ལྗོངས་གསར་པ་ཞིག་ལ་འཁྲིད་པར་བྱེད་ངེས་ལ། དེ་ནས་བཟུང་མི་གཞན་ལ་བརྟེན་ནས་སྤྲོ་མོས་འཚོལ་དགོས་དོན་མེད་ཏེ། དཔེ་ཆའི་ཁྲོད་རང་དུ་སྤྲོ་བ་མཐའ་མེད་པ་རྙེད་པརའགྱུར།

གནའ་མིའི་བསྟན་བཅོས་མིང་གྲགས་ཅན་བཀླགས་པ་ལས་ང་ཚོར་ཐོབ་པའི་སེམས་ཀྱི་སྤྲོ་བ་དེ་ནི་སྤྲོ་བ་གཞན་གྱིས་བསྒྲུན་དུ་མེད། གནའ་བོའི་དཔེ་གཞུང་དེ་འདྲ་ཞིག་ལག་ཏུ་བླངས་པ་ན་ཆུ་ཚོད་ཕྱེད་ཀ་ཙམ་ལས་ལྟ་བའི་ཁོམ་ལོང་མ་བྱུང་ཡང་ལུས་སེམས་བག་ཏུ་འབབ་པར་བྱེད་ཅིང༌། སྤྲོ་བ་འདེགས་ལ།  སེམས་ཁམས་བགྲུང་བར་བྱེད་པ་དང༌། བླ་རུ་འཕགས་པའི་ཚོར་བ་ཞིག་སྟེར་བར་བྱེད་དེ། ཆུ་མིག་གཙང་མ་ཁམ་གང་གཞིབས་པ་ལྟར་ལུས་ཁམས་ལ་བདེ་བ་སྐྱེད། དེ་ལྟར་འགྲོ་བའི་རྒྱུ་མཚན་ཡང་གཅིག་ཏུ་གནའ་བོའི་སྐད་དེ་མཛེས་ཤིང་ཉམས་དང་ལྡན་པ་དང༌། གཉིས་སུ་རྩོམ་མཁན་དེ་ཚོ་གཟིགས་རྒྱང་རིང་བས་བསྟན་བཅོས་གྲུབ་ནས་ཡུན་རིང་ཕྱིན་ཀྱང་རིན་ཐང་ཉམས་པ་མེད་པ་ཡིན་སྙམ། མིག་སྔར་གནའ་བོའི་སྐད་ཆ་སློབ་པའི་དཀའ་ཚད་ཇེ་ཆེར་འགྲོ་བཞིན་ཡོད་ལ། གལ་ཏེ་ནམ་ཞིག་མཚམས་བཞག་པ་ན་རིག་རྩལ་གསར་པ་ཞིག་སློང་བ་ནི་སྨོས་མ་དགོས་མོད། ནང་དོན་གྱི་ཆ་ནས་ནི་སྔར་བྱུང་མ་མྱོང་བའི་རྩུབ་སྤྱོད་དང༌། ཟབ་བརླིང་མིན་པ། རིན་ཐང་དང་བྲལ་པ་ཞིག་ཡིན་པར་ངེས། འཇར་མན་པའི་སྐད་ཆ་ནི་ལྷག་པར་དུ་དེ་འདྲ་ཞིག་ཡིན། ད་ལྟའི་འཇར་མན་གྱི་སྐད་ཆའི་ཁྲོད་གནའ་དུས་ཀྱི་བཟང་ཆ་འགའ་ཞིག་ལྷག་ཡོད་མོད། སྟབས་མ་ལེགས་པ་ལ་རྩོམ་པ་པོ་ཁོམ་ལོང་ཅན་མང་པོ་ཞིག་གིས་འཆར་གཞི་ཡོད་པའི་སྒོ་ནས་ཉོག་སྤྱོད་བྱེད་བཞིན་ཡོད་པས། རིམ་བཞིན་དབུལ་ཞིང་ཁ་མི་ཚང་བ་ཞིག་ཏུ་འགྱུར་བའམ་ཡང་ན་ཅི་ཡིན་འདི་ཡིན་བསྙད་དུ་མེད་པའི་སྐད་ཆ་ཞིག་ཏུ་འགྱུར་ཉེན་འདུག
རྩོམ་རིག་ཕྱོགས་སུ་ལོ་རྒྱུས་རིགས་གཉིས་འདུག་སྟེ། གཅིག་ནི་ཆབ་སྲིད་དང༌། ཅིག་ཤོས་ནི་རྩོམ་རིག་དང་སྒྱུ་རྩལ་ཡིན། སྔ་མ་ནི་འདོད་བློ་ཡི་ལོ་རྒྱུས་དང༌། ཕྱི་མ་ནི་ཤེས་རབ་ཀྱི་ལོ་རྒྱུས་སོ།། སྔ་མའི་བརྗོད་བྱ་ནི་འཇིགས་སུ་རུང་བ་ཞིག་སྟེ། འཇིགས་སྣང་དང༌། དཀའ་སྡུག མགོ་སྐོར། དམར་གསོད་ཡ་ང་བ་སོགས་བྲིས་པ་ཡིན་པ་དང༌། ཕྱི་མའི་བརྗོད་བྱ་ནི་ཚང་མ་དྭངས་གསར་དགའ་བ་དང་ལྡན་པ་ཞིག་ཡིན་ཏེ། མི་རྣམས་ཀྱི་རྨོངས་འཆུགས་ཀྱི་ཆ་ཞིབ་པར་བརྗོད་པའང་དེ་ལས་མ་འདས། ལོ་རྒྱུས་དེའི་རིགས་ཀྱི་ཡན་ལག་གལ་ཆེན་ཞིག་ནི་མཚན་ཉིད་རིག་པའི་ལོ་རྒྱུས་ཡིན། མཚན་ཉིད་རིག་པ་ནི་ངོ་མ་ལོ་རྒྱུས་རིགས་དེའི་རྨང་གཞི་ཡིན་ཅིང༌། རྨང་གཞི་འདི་ནི་ལོ་རྒྱུས་གཞན་ལའང་འབྲེལ་ཡོད། དེའི་ཕྱིར་མཚན་ཉིད་རིག་པ་ནི་དངོས་གནས་སྟོབས་ཤུགས་ཆེ་ཤོས་ཀྱི་རིག་པ་ཞིག་ཡིན། འོན་ཀྱང་བྱེད་ནུས་ཐོན་པ་ན་ཤིན་ཏུ་དལ་བར་སྣང༌།
དགུ་བ།
བདག་ནི་སུ་ཞིག་གིས་སྐྱོ་གར་རང་བཞིན་གྱི་ལོ་རྒྱུས་ཤིག་འབྲི་བར་རེ་བ་ཤིན་ཏུ་ཆེ། དེའི་ནང་དུ་འཛམ་གླིང་གི་རྒྱལ་ཁབ་མང་པོས་རྩོམ་ཡིག་པ་ཆེན་པོ་དང་སྒྱུ་རྩལ་པ་ཆེན་པོ་དེ་ཚོ་གཟི་བརྗིད་དུ་ངོམ་ནའང་དེ་ཚོ་འཚོ་བཞུགས་པའི་དུས་སུ་བརྙས་བཅོས་ཐེབས་ཚུལ་བརྗོད་དགོས་ལ། དེའི་ནང་དུ་དུས་རབས་དང་རྒྱལ་ཁབ་ཡོད་ཚད་ལ་མཚོན་ན་ཚུལ་ལྡན་དང་བྱམས་བརྩེ་ཡིས་རྟག་པར་ལོག་སྤྱོད་དང་གདུག་རྩུབ་ལ་འཐབ་རྩོད་བྱས་ཚུལ་ཞིབ་པར་འབྲི་དགོས་པ་དང༌། དེའི་ནང་དུ་སྒྱུ་རྩལ་རིགས་གང་ལ་གཏོགས་པར་མ་ལྟོས་པར་མིའི་རིགས་ཀྱི་སློབ་དཔོན་ཆེན་པོ་དེ་ཚོ་ཕལ་ཆེར་ཞིག་གནོད་འཚེ་དང་ཆག་སྒོའི་དབང་གིས་སྲོག་གཅོད་དགོས་པའི་ཚད་དུ་བསྐྱལ་ཚུལ་དགོད་དགོས། ད་དུང་དེའི་ནང་དུ་མི་ཉུང་ཤས་ཤིག་མ་གཏོགས་གཞན་པ་ཚོས་དེ་ཚོ་ལ་བརྩི་མཐོང་དང་སེམས་ཁུར་མ་བྱས་པ་མ་ཟད། དེ་ལས་ལྡོག་སྟེ་རྟག་པར་གཉའ་གནོན་ཐེབས་པའམ། ཡུལ་གྱར་མཐར་འཁྱམ་དང་དབུལ་ཕོངས་བཀྲེས་སྐོམ་མྱོང་བ་དང༌། འབྱོར་ཕྱུག་ལོངས་སུ་སྤྱོད་མཁན་དེ་ཚོ་ནི་སྙོམས་ལས་ཅན་ཐ་ཤལ་བ་དེ་དག་ཡིན་པས། ཁོ་ཚོའི་གནས་ཚུལ་ནི་སྲིད་པའི་སྒྲུང་ལས་བྱུང་བའི་ཡེ་སེའོ།༼Esau༽ཡི་ལས་དབང་དང་འདྲ་ནའང༼ཆིངས་ཡིག་རྙིང་མའི་གཏམ་རྒྱུད་དུ་ཡེ་སེའོ་དང་ཡ་ཀི་གཉིས་ནི་མཚེ་མཡིན་ལ། ཡེ་སེའོ་ཕྱི་རོལ་ཏུ་ཕ་ཡི་ཆེད་དུ་གཅན་གཟན་གཏུམ་པོ་བསྒྲལ་དུ་ཕྱིན་པའི་ཚེ་ན་ཡ་ཀི་ནི་ཁྱིམ་དུ་ཡེ་སེའོ་ཡི་གོས་རྣམས་གྱོན་ཏེ། ཕ་ཡི་སྨོན་ལམ་ལ་རོལ་བཞིན་བསྡད་པར་གྲགས་སོ།༽སློབ་དཔོན་ཆེན་མོ་དེ་ཚོས་ཞུམ་པ་མེད་པར་མུ་མཐུད་ནས་འབད་འཐབ་བྱས་པར་བརྟེན༌། མཇུག་མཐར་བྱ་བཞག་ཡོངས་སུ་འགྲུབ་པས། མཚན་སྙན་ལོ་རྒྱུས་སུ་འཁོད་ཅིང༌། གཏནདུ་ཉམས་པ་མེད་པའི་བྱུང་བ་ལེགས་པར་འབྲི་དགོས།

༡ ཧེ་རོ་ཧོ་ཐུས་ Herodotusཀེ་རི་སིའི་ལོ་རྒྱུས་སྨྲ་བ་པོ་ཞིག
༢ སེ་པེན་ཏེ་ལེན་ Spindlen1579-1688   འཇར་མན་གྱི་སྒྲུང་གཏམ་རྩོམ་པ་པོ་ཞིག
༣ ཡིག་གེན་ སུར  Eugen Sue1804-1857  ཧཕ་རན་སིའི་སྒྲུང་གཏམ་རྩོམ་པ་པོ་ཞིག
༤ ཧྲི་ལི་གེར།  Schlehei1767-1845-     འཇར་མན་གྱི་རྩོམ་པ་པོ་ཞིག།

འདོན་སྤེལ།: ༢༠༡༠/༠༣/༠༢
རིག་པ་འདོན་པ།
རྒྱ་ཞིང་མྱི་དཀར
༢༠༡༠/༡༢/༢༠ ཉིན་འདོན་སྤེལ་བྱས།
དཔེ་ཀློག་བྱེད་པ་དང་དཔེ་ཆ་ཉོ་བ་སོགས་ལ་ང་རང་དགའ་པོ་ཡོད་ཡིན་ན་ཡང་དཔེ་ཀློག་བྱེད་ན་དཔེ་ཆ་ཤེས་བའི་ཡང་ངེས་བ་མེད་མོད་ཀློག་སྟངས་མ་ཤེས་ན་དེ་བས་ཀྱང་ཤེས་ཁེགས་པོ་མ་རེད་དམ་མེ་འོད་ལགས་
རྫ་ཚེ་རིང་བཀྲ་ཤིས།
༢༠༡༠/༠༣/༢༢ ཉིན་འདོན་སྤེལ་བྱས།
གྲོགས་པོ་ལགས་དྲན་ནས་ཐེངས་གཅིག་ཡོང་བ་ཡིན། ངས་ཆ་ཚང་བཀླགས་ཟིན།
ཕན་ཐོགས་པ་ཞིག་འདུག
གནམ་ལྕགས།
༢༠༡༠/༠༣/༠༢ ཉིན་འདོན་སྤེལ་བྱས།
མེ་འོད་ལགས། དཔེ་ཀློག་བྱེད་རྒྱུ་དེ་ནི་ཧ་ཅང་གི་གལ་ཆེན་ཡིན། དེའི་སྟབས་ཀྱིས་རྩོམ་ཡིག་འདི་འདྲ་བ་ནི་དུས་རྟག་ཏུ་དྲན་བསྐུལ་གྱི་ཆེད་དུ་འགོད་དགོས་པར་མཐོང་ན། གྲོགས་ཉིད་ལ་ཐུགས་རྗེ་ཆེ་ཞུའོ།།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
བདག་གི་གོམ་སྟབས་འདི་རླུང་དང་འགྲོགས་ནས་ཡོད་ཅིང༌། བདག་གི་རྣམ་ཤེས་ཀྱིས་ནམ་ཡང་གངས་རི་ལྟ་བུའི་དངོས་པོ་རྡོག་གཅིག་ལ་བྱི་དོར་བྱེད་ཀྱིན་ཡོད། དེ་བས་ཀྱང་བདག་གི་ལུས་ངག་ཡིད་སེམས་འདི་སྔ་མོ་ནས་ལམ་ལ་ཆས་ཟིན།