རླུང་མིག

ཉན་ཞིབ་ཀྱིས་ང་ལ་སྤྲད་པའི་གོ་བརྡ།

ང་ཉན་ཞིབ་ལ་ཐད་ཀར་ཟུར་ཉན་དང་ལྐོག་ཉན། གཟབ་ཉན་དང་ངན་ཉན་གང་རུང་གི་ངོ་བོའི་ཐོག་ནས་འགྲོ་ཐུབ་མ་སོང༌། མདོ་དོན་བཤད་ན་ང་ཉན་ཞིབ་ལ་འགྲོ་མེད། ངས་གནས་ཚུལ་མང་པོ་ཞིག་ནམ་རྒྱུན་གསར་འགྱུར་བརྒྱུད་ལམ་ཁག་ན་རྒྱུས་ལོན་བྱེད་ཀི་ཡོད། དེ་བས་ད་ཐེངས་ཀྱི་ཉན་ཞིབ་དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱས་པ་ཡིན། ཉན་ཞིབ་ཀྱིས་མི་སེར་ང་ལ་སྤྲད་པའི་གོ་བརྡ་དེ་ངས་བསྐྱར་དུ་བཀའ་སྤྱི་གཉིས་ཀྱི་སྙན་དབང་ལ་འཇོག་ན་འདོད་སོང༌།

སྤྱི་འཐུས་ཚོ་སྤྱི་འཐུས་ཚོགས་ཁང་ན་འབྲུག་ལྟར་གྲག་པ་རེད། ཉན་ཞིབ་ཁང་ན་མཇའ་ལྟར་ཡལ་སོང༌། སྤྱི་འཐུས་ཚོ་ལ་བཤད་བསམ་པ་དང་སྒྲུབ་འདོད་པ་ཞིག་ཏན་ཏན་ཡོད་ས་རེད། ཡིན་ཡང་འགག་སྒོ་གཅིག་རང་བརྒལ་མ་ཐུབ་པར་ཕྱིར་ནུར་རྒྱག་གི་ཡོད་པའི་གོ་བརྡ་ཞིག་སྤྲད་སོང༌།

བཀའ་ཤག་གིས་ྋགོང་ས་མཆོག་རྒྱབ་རི་ལ་བཞེངས་སོང༌། སྤྱི་འཐུས་ཚོར་དེ་དང་མཉམ་པའི་རྒྱབ་རི་དང༌། ཡང་ན་དེ་ལས་མཐོ་བའི་རྒྱབ་རི་ཞིག་མ་རྙེད་པར་རེ་ཞིག་དགོངས་དག་ཞུས་ནས་ནང་ལ་ལོག་སོང་བའི་གོ་བརྡ་ཞིག་སྤྲད་སོང༌།

བཀའ་ཁྲིས་བཀའ་ཤག་གི་ལས་དོན་སྒྲུབ་ཕྱོགས་ལ་ངོས་ལེན་མེད་ན། འབྱུང་འགྱུར་གྱི་བོད་རྒྱའི་ལས་དོན་ཡོངས་རྫོགས་སྤྱི་འཐུས་ཀྱིས་འགན་ལེན་གཙང་བཞེས་གནང་རོགས་ཅེས་ཚོད་ལྟའི་ཚུལ་གྱིས་བཙིར་བ་ན། སྤྱི་འཐུས་ཚོར་འཆར་སྣང་གསར་བ་དང༌། ཐབས་ལམ་གསར་བ། འཇོན་ནུས་དམིགས་བསལ་བ་གང་ཡང་མེད་པས་ག་ལེར་ཕྱིར་ནུར་སོང་བའི་གོ་བརྡ་སྤྲད་སོང༌།

ཐེངས་འདི་ལ་ཡང༌། སྤྱི་འཐུས་ཚོས་རང་གི་འཆར་སྣང་རབ་རིབ་དེ་དང༌། ངོ་རྒོལ་འབར་འབུར། ཁོང་ཁྲོ་དང་ཞེ་སྡང་གི་དུ་བ་ལྷོག་ལྷོག་དེ་བསྐྱར་དུ་ས་འོག་ལ་བཅུགས་སོང་བའི་གོ་བརྡ་སྤྲད་སོང༌།

སྤྱི་འཐུས་ཚོས་ནག་ཉེས་ཁས་ལེན་བྱས་ཡོད་ལ།  ད་དུང་མ་རིག་མ་ཤེས་པའི་འགལ་བའི་རིགས་ལ་དགོངས་དག་ཀྱང་ཞུས་སོང༌། དེ་རིང་ནས་བླ་མས་གར་བསྟན་ཤར་ཡིན་པའི་དམ་བཅའ་དེ་འདྲ་ཡང་བཞག་སོང༌།ཡིན་ནའང༌། ནམ་མཁའ་གཡག་དག་དང་ས་གཞི་རྡུལ་དག་ཅིག་མིན་པའི་གོ་བརྡ་ཡང་སྤྲད་སོང༌།
དངོས་གནས་སྤྱི་འཐུས་ཚོ་ལ། མི་མང་གི་ཚབ་བྱེད་ཐུབ་པའི་གདེངས་ཚོད་ཡོད་ན། འབྱུང་འགྱུར་བོད་ཀྱི་ལས་དོན་སྒྲུབ་པའི་ཐབས་དང་འཇོན་ཐང་ཡོད་ན། འཆར་གཞི་བཟོས་དང༌། མི་མང་གི་སྣེ་ཁྲིད་དང༌། བོད་མི་རིགས་ཀྱི་བདེན་དོན་སྒྲུབ་ས་ན་དད་པ་དམ་ཚིག་ཟེར་བའི་གཉན་པོ་ཞིག་དང༌། ཁ་ཆེན་དབང་ཆེན་ཟེར་བའི་བཙན་པོ་ཞིག་ཡོད་ནི་མ་རེད། གལ་སྲིད། འཆར་གཞི་གསར་བ་དང་ཐབས་ལམ་གསར་བ། ཤེས་འཇོན་དམིགས་བསལ་བ་དེ་འདྲ་མེད་ན། གཡས་དཀྱུ་གཡོན་དཀྱུ་དང༌། འུར་རྒྱབ་ནས་འགྲུབ་རྒྱུ་དང་ཐོབ་རྒྱུ་ཡོད་ནི་མ་རེད། མི་དགའ་བ་ཙམ་གྱིས་ཅི་ཡང་ཡོང་གི་མ་རེད། ཤེས་འཇོག་མེད་མཁན་དག་ཤེས་འཇོན་གཉིས་ལྡན་གྱི་འོད་སྣང་གིས་འཐེན་འགྲོ་བ་ཆོས་ཉིད་རེད།

འདོན་སྤེལ།: ༢༠༡༠/༠༣/༢༣
རིག་པ་འདོན་པ།
གནམ་ལྕགས།
༢༠༡༠/༠༣/༢༤ ཉིན་འདོན་སྤེལ་བྱས།
ད་རེར་སྐུ་ངོ་ཟམ་གདོང་བས་སྤྱི་འཐུས་ཁ་ཤས་ཤིག་ལ་འགྲམ་ལྕག་གཞུས་པ་ནི་དགོས་ངེས་ཤིག་རེད། དེ་མིན་རྒྱ་རི་སོགས་ཀྱི་གཏམ་བཤད་དེས་བོད་ཀྱི་སྤྱི་ཚོགས་རྨོངས་སུ་འཇུག་ཁོ་ཐག་རེད།
མེ་འོད།
༢༠༡༠/༠༣/༢༤ ཉིན་འདོན་སྤེལ་བྱས།
གནས་ལུགས་ཀྱི་མདུན་ན་དཔའ་བོ་ཡ་མེད་ཅིག་ཡོད་དུས་བཟང་རྟགས་ཡིན་རྒྱུ་རེད་འདོད་ཀི། གང་ལྟར་ཟམ་གདོང་ལྟ་བུ་ཞིག་མེད་ན་བཀའ་ཟུར་རེ་འགས་དཀྲུགས་པའི་སྤྱི་འཐུས་རྙོག་དྲ་ཅན་ཚོར་གཞན་ཞིག་གིས་ལག་ཁེལ་ས་མ་རེད།
བཀའ་ཁྲི་རྗེས་མ་དེ་དང་ལྷན་དུ་སྤྱི་འཐུས་སྤུས་དག་ཅིག་མ་ཡོང་ན་ཚར་ཚར་རེད་བསམ་གི།
སྤོབས་པ་མཐའ་ཡས།
༢༠༡༠/༠༣/༢༣ ཉིན་འདོན་སྤེལ་བྱས།
ཟམ་གདོང་གླགས་ཁེལ་མཁན་དེང་སང་ངོ་མ་མི་འདུག བཟང་རྟགས་ངན་རྟགས་གང་ཡིན་ནི་ངོ་མ་མི་ཤེས།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
བདག་གི་གོམ་སྟབས་འདི་རླུང་དང་འགྲོགས་ནས་ཡོད་ཅིང༌། བདག་གི་རྣམ་ཤེས་ཀྱིས་ནམ་ཡང་གངས་རི་ལྟ་བུའི་དངོས་པོ་རྡོག་གཅིག་ལ་བྱི་དོར་བྱེད་ཀྱིན་ཡོད། དེ་བས་ཀྱང་བདག་གི་ལུས་ངག་ཡིད་སེམས་འདི་སྔ་མོ་ནས་ལམ་ལ་ཆས་ཟིན།