སྤྱི་ཚོགས་ཀྱི་དགེ་སྐྱོན་གླེང་སྟེགས།

རི་བོའི་ཕར་ནང་ཚུར་ནང་

ཚོར་བ་དང་ཚོར་བའི་བཞུར་མཚམས་ཞིག་ནས་

ལས་དབང་ལ་ལེ་འདེད་མི་བྱེད་མོད་

གནས་ལུགས་ཀྱིས་ཕོངས་བའི་འཇིག་རྟེན་རྫུན་མ་ཞིག་གི་རྒྱབ་ལོག་ནས་

སྨྲེངས་སེམས་ལྕི་མོས་སྡུག་གླུ་འདི་ དབྱངས་སུ་མི་གྱེར་ཁག་མེད་རེད་

 

སེམས་པ་དང་སེམས་པའི་གསང་བར་རྟོགས་མིན་གང་ལྟར་

སྐྱ་ཆད་སྔོ་སྡུག་ཏུ་སོང་བའི་ཁྱིམ་གཞིས་དེས་ཆེད་དུ་

ང་དང་ཁྱོད་ཀྱི་གཏན་ཚིགས་འཁོར་ཐག་གི་སོ་ཁ་རྡུམ་རྡུམ་མ་སོང་བར་

སྣང་བའི་ན་བུན་གྱི་ཀློང་དུ་མི་སྡོད་ཁག་མེད་རེད་

 

ཡིན་ཡང་ཁྱོད་རང་འཇིག་རྟེན་འདིའི་མྱི་གསོན་པོ་ཞིག་ཡིན་ན་

མྱི་སྐད་བཤད་བཞིན་མདུན་དུ་སོང་དང་

ང་ཡང་ལེ་དབར་ཁྲི་ཕྲག་གིས་ཆོད་པའི་རྫོབ་རིང་གྲུ་ཁ་འདི་ནས་

དུས་གཏན་དུ་ཁྱོད་དང་ལྷན་ཆས་སྲིད་

 

མ་གཞི་འུ་གཉིས་འགྲོ་སར་

ཁ་གཏད་དུ་འགྲེང་བའི་འཇིག་རུང་གི་བྲག་འཕྲང་གྲངས་མེད་ཡོད་པར་

སེམས་ལ་ཁྲིག་སེ་མེད་ན་

རྒྱལ་ཁའི་ལམ་བུ་ཞིག་མི་བརྙེད་པར་ཁྱོས་ཤེས་ཚོད་ཡིན་མོད་

ཆ་རྒྱུས་མེད་པའི་ཤ་ཚ་ཚ་དང་བློ་ཉེ་ཉེ་གྱི་སྐད་ཆ་དང་རྣམ་འགྱུར་དག་ལ་

ཁྱོད་སེམས་ཐོགས་སྲིད་སྙམ་ནས་

ངས་རྟག་ཏུ་བློ་འཚབ་བྱེད་ཤོར་བ་ཞིག་རེད་

 

ཁྱོས་ཀྱང་ང་ལ་དེ་བཞིན་བློ་འཚབ་ཡོད་པར་

ཤེས་བཞིན་ཡོད་མོད་

རང་གི་རྐང་པའི་རྨ་ཁ་འདི་སོས་བཞིན་སོས་བཞིན་

རྟག་བརྟན་ངང་འགྱིང་འདོད་པ་ལས་

ནམ་ཡང་ཉམས་ཐག་གི་གནས་བབ་ཅིག་འཇུ་མི་སྲིད་པས་

ཡིད་ཆེས་བྱོས་དང་ཆོག་

 

ཁྱོད་དང་ང་ལ་

དང་ཐོག་མདའ་འཕེན་པའི་སྤོབས་པ་ཙམ་ཡང་མེད་ན་

དམག་ལ་ཅི་སྟེ་འགྲོ་མི་སྲིད་མོད་

གནས་ལུགས་ལ་གནས་ལུགས་ངོས་མ་ཟིན་པའི་

བེམ་ཚུགས་དག་གིས་མཚོན་ཆ་ཐོགས་འདྲ་མིན་ཐོགས་ཡོད་པར

སྔ་ས་ཞིག་ནས་ཤེས་དགོས་པའི་དོན་གནད་ཅིག་རེད་

 

འཇིགས་དོན་མེད་ ཞུམ་དོན་དོན་མེད་

རང་གི་ལམ་ཁར་རང་ཉིད་ཆས་པར་ཅི་སྟེ་འཇིགས་

རང་གི་ཁྱིམ་གཞིས་རང་ཉིས་ཀྱིས་རྩོད་པར་ཅི་སྟེ་འཇིགས་

རང་གི་ཐོབ་ཐང་རང་ཉིད་ཀྱིས་ལེན་པར་ཅི་སྟེ་འཇིགས་

 

ཇག་མ་བརྒྱབ་ རྐུ་མ་བྱས་

རྒྱུ་འབྲས་ལ་ངོ་ལོག་མ་བྱས་

གནས་ལུགས་ལ་གོ་ལྡོག་མ་བྱས་

བདེན་དོན་ལ་འཁྱོགས་བཤད་མ་བྱས་

ད་འུ་གཉིས་ཅི་ལྟར་འཇིགས་དགོས་སམ་

 

རེད་རེད་ གོ་ལ་རིལ་རིལ་འདིའི་ནང་

བདེན་དོན་གྱི་བློ་མིག་ཕྲ་བ་ཕྲ་བ་ལས་མེད་རྐྱེན་

དཀར་ནག་གོ་ལྡོག་གི་འཇིག་རྟེན་རྫུན་མས་རེ་ཞིག་གཡོག་ཀྱང་

དུས་གཏན་དུ་འདི་འདྲ་ཞིག་ཡིན་མི་སྲིད་པའི་བརྡ་རྟགས་

གསལ་པོ་ཡིན་པར་གཞིགས་དགོས་པའི་བསམ་དོན་རེད

 

རི་བོའི་ཕར་ནང་ཚུར་ནང་གི་ཁྱིམ་གཞིས་གཉིས་ངའི་མིག་གཉིས་ཡིན་པར་རློམ་ནས་གློ་བུར་དུ་ཚ་བའི་རི་བོའི་འགྲམ་ནས་གྲང་རླུང་གྱིས་བཙིར་བའི་རི་བོ་དྲན་པའི་སེམས་འཕྲིན་ཞིག་ ༢༠༡༢ ཟླ་ ༦ ཚེས་ ༢༠ ཉིན་བྲིས་པ་ཡིན།

འདོན་སྤེལ།: ༢༠༡༢/༠༦/༢༠
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
སྣང་བ་མ་དག་ནའང་ཆོག་དག་པར་མ་མཐོང་ནའང་འགྲིག་གང་ལྟར་རང་ཉིད་ལ་དབང་བའི་ཁེར་གཤིས་རྩུབ་མོ་འདི་གཞན་གྱིས་རྐང་འོག་ཏུ་མི་འཇོག་པར་མི་ཚེའི་རེ་འདུན་དང་དམ་བཅའ་ཞིག་ཅི་ལ་མིན།--------------- འབྲེལ་གཏུགས་བྱེད་ཡུལ་ཁ་པར་ཨང་གྲངས། ༩༨༠༥༦༧༥༥༦༦