ཁེར་རྐྱང་བན་སྤྲང་གི་མཚང་བརྟོལ་གྱི་འདུ་ས།

ཁ་དོག་དཀར་དམར་གྱི་རྣམ་གཞག་རང་འགྲོས་རབ་གསལ་མེ་ལོང་
ཁ་དོག་དཀར་དམར་གྱི་རྣམ་གཞག་རང་འགྲོས་རབ་གསལ་མེ་ལོང་། སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ།། གངས་རིའི་ཁྲོད་ཀྱི་ཐུབ་བསྟན་མཛེས་པའི་རྒྱན།། ཡབ་ཆེན་ས་པཎ་ཉིད་ལ་གུས་འདུད་ནས།། ཁ་དོག་དཀར་དམར་རང་འགྲོས་འདི་ནས་བསྙད།། དེ་ཡང་འདིར་རང་གི་བློ་ཐག་ཉེ་བའི་དགེ་བཤེས་ཆོ་ལོ་བ་དང་ལེགས་ཉེས་བླངས་དོར་གྱིས་ཤེས་རབ་རྣམ་དཔྱོད་དང་གདོད་ནས་བྲལ་ཞིག ཧམ་བཤད་དང་ཅོལ་ཆུང་གཡམ་བརྒྱུགས་ལ་དགའ་བའི་རིགས་རམས་པའི་དགེ་བཤེས་མིང་བྱང་རྫིག་པོ་འཆང་བ་ཁ་ཅིག་གིས་ཁ་དོག་དཀར་དམར་དང་མུ་གསུམ་དང་མུ་བཞི། འགལ་དང་དོན་གཅིག་ཤེས་ན་སངས་རྒྱས་ཐོབ་པའི་རྒྱུ་རུ་གཙོ་བོ་ཡིན་པ་ཐལ་ཆེ་བའི་འུར་སྒྲོགས་ཆིལ་ལེ་བྱས་ཀྱང་། འབེན་མེད་པའི་གཞི་ལ་མདའ་མོ་ཇི་ཙམ་འཕེན་ཡང་སོ་སོའི་ལུས་སེམས་ངལ་དུ་ཙམ་མ་གཏོགས་འབྲས་བུ་གང་ཡང་ཐོན་མི་ཐུབ་པའི་དངོས་འབྲས་ཡིན་པར་མཁྱེན་པར་མཛོད། ལོ་མང་རིང་གདན་ས་ཁག་ལ་བཞུགས་ནས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་ཐད་ལ་ཐོས་བསམ་གནང་ཚུལ་འབྲུག་སྟོང་ཆར་མེད་སྒྲོགས་ཀྱང་ཆོས་དང་ཆོས་མ་ཡིན་པའི་རྣམ་པར་འབྱེད་པའི་ཐད་ལ་ད་དུང་ཡང་ཧ་རེ་ལུས་འདུག་གཱ། དེ་བཞིན་དུ་འུར་གཏམ་ཤོད་པ་དང་ཧང་འགྲོས་ཁེངས་དྲེགས་ཀྱི་ཁ་རྕོད་བྱེད་པར་དགའ་བ་མ་གཏོགས་སྔོན་བྱོན་མཁས་གྲུབ་དམ་པ་ཚོས་མཛད་པའི་གཞུང་ལུགས་ཚད་ལྡན་དག་ལས་རྒྱབ་རྟེན་གྱི་ལུགས་དང་རང་ཉིད་ཀྱིས་དངོས་སྟོབས་ཀྱི་རིག་པས་ཚད་མའི་འདྲིས་སྟོབས་བཤད་ཡཱ་ཉིན་མོའི་སྐར་མ་ལས་ཀྱང་ཕྲ་ཞིང་། ཆོ་ལོ་འཛིན་པའི་དགེ་བཤེས་ཀྱི་མིང་ཧ་ཅང་རྫིག་པོ་དེ་དང་ཡིན་མིན་གྱི་ཐལ་ངག་ཚིག་འབྲུ་ཁ་ཤས་འདི་ནི་ཁ་འབབ་པའི་སྐབས་སུ་བྱ་བྱིའུ་སྣ་ཚོགས་ཀྱིས་གངས་ཀྱི་སྟེང་དུ་རྐང་རྗེས་དང་གཉིས་སུ་མ་མཆིས་སོ། ཁ་དོག་དཀར་དམར་དང་མུ་གསུམ་མུ་བཞི་བཤད་ས་སླེབས་དུས་ཁ་གྱོང་པོ་དང་ཁ་ཤགས་མཁས་པོ་མ་གཏོགས་ཟབ་གནད་གཞུང་ལུགས་རྣམས་དེ་ཙམ་གོམས་འདྲིས་དང་བག་ཆགས་མེད་པའི་ཐོག་ཆོས་ལུགས་ཞེན་ཁོག་གི་བག་ཆགས་འཐུག་པོ་ཕྱིར་བསྟན་པ་ཙམ་དུ་ཟད་དོ། ཁ་དོག་དཀར་དམར་དང་མུ་གསུམ་མུ་བཞི་སོགས་ལ་གོམས་འདྲིས་ཅུང་ཆེ་ན་རྟགས་སྦྱོར་དགག་སྒྲུབ་དང་ཁ་ཤགས་བཅས་ལ་གྲོགས་སུ་འགྱུར་བ་སྨོས་མེད་ཐོག་ཐར་པ་ཐོབ་པར་གྲུ་ཆར་ཞིག་དུ་འགྱུར་ན་ཡང་ལྟ་བ་དང་མངོན་རྟོགས་ཀྱི་རིམ་པའི་གཙོ་བོ་ཡིན་པར་བཤད་པ་དེ་ནི་བརྟག་དཔྱད་མེད་པའི་ཧོལ་རྒྱུག་དང་བླུན་རྟགས་བསྟན་པ་ཙམ་མ་འདས་སོ། དྲང་པོ་བཤད་ན་མདོ་སྔགས་ཀྱི་དཀའ་གནད་མདུད་བཀྲོལ་ཐད་ལ་རྟགས་སྦྱོར་སྐབས་སུ་ཁ་དོག་དཀར་དམར་དང་མུ་གསུམ་མུ་བཞིའི་དེ་ཙམ་ཕན་ཐོག་པར་མེད་པ་རྟོག་གེའི་དགོངས་འཇགས་འཚལ། དེ་བཞིན་མུ་གསུམ་མུ་བཞིའི་རྣམ་གཞག་རྣམས་ཚད་མའི་མདོ་དང་བསྟན་བཅོས་དང་དགོངས་འགྲེལ་རྣམས་སུ་ཟུར་ཙམ་ཡང་མི་མངོན་ཞིག ཡོད་ན་ཁ་གསལ་ཞིང་གོ་བདེའི་ཐོག་ནས་མཛུབ་མོས་རི་སྟོན་བྱེད་རན་ནོ་དགེ་བཤེས་ལགས་མཁྱེན་པར་མཛད། ཚད་ལྡན་ཚད་མའི་མདོ་དང་བསྟན་བཅོས་ཀྱི་ནང་དུ་ཁྱབ་དང་མ་ཁྱབ་སོགས་རྣམ་གཞག་མ་གཏོགས་མེད་ན་ཡང་མུ་གསུམ་མུ་བཞི་ཀྱི་རིག་པའི་འགྲོས་དང་ཁྱབ་དང་མ་ཁྱབ་ཀྱི་དགག་སྒྲུབ་གོམས་སྟབས་བཅས་ལ་འགྲོགས་འདྲིས་ཟབ་མོའི་ཐོག་རིགས་འགྲེ་སྦྱོར་བ་ལས་མ་འདས་སོ། དཔེར་ན། མི་ཡིན་ན་ཕོ་ཡིན་པའི་མ་ཁྱབ། ཕོ་ཡིན་ན་མི་ཡིན་པའི་མ་ཁྱབ། དེ་གཉིས་ཀ་ཡིན་པའི་ཁྱབ་པ། གཉིས་ཀ་མ་ཡིན་པའི་ཁྱབ་པ། འདིར་རིགས་འགྲེ་ནས། མི་ཡིན་ལ་ཕོ་མིན་པའི་མུ། ཕོ་ཡིན་ན་མི་མ་ཡིན་པའི་མུ། དེ་གཉིས་ཀ་ཡིན་པའི་མུ། གཉིས་ཀ་མིན་པའི་མུ། ལྟབུའོ། ཡང་ན་གསེར་བུམ་ཡིན་ན་བུམ་པ་ཡིན་པའི་ཁྱབ། བུམ་པ་ཡིན་ན་གསེར་བུམ་ཡིན་པའི་མ་ཁྱབ། གཉིས་ཀ་མིན་པའི་ཁྱབ་པ། དེ་ལ་གསེར་བུམ་ཡིན་ན་བུམ་པ་མིན་པའི་མུ། བུམ་པ་ཡིན་ན་གསེར་བུམ་མ་ཡིན་པའི་མུ། ལྟབུའོ། དངོས་པོ་ཡིན་ན་གཞི་གྲུབ་ཡིན་པའི་ཁྱབ། གཞི་གྲུབ་ཡིན་ན་དངོས་པོ་ཡིན་པའི་མ་ཁྱབ། དངོས་པོ་དང་གཞི་གྲུབ་གཉིས་ཀ་མ་ཡིན་པས་ཁྱབ་པ། དེ་ལ་དངོས་པོ་ཡིན་ན་གཞི་གྲུབ་ཡིན་པས་མུ། གཞི་གྲུབ་ཡིན་ན་དངོས་པོ་ཡིན་པས་མ་ཁྱབ་པའི་མུ། དངོས་པོ་དང་གཞི་གྲུབ་གཉིས་ཀ་མ་ཡིན་པའི་མུ། ལྟབུའོ། ཀ་བ་ཡིན་ན་དངོས་པོ་ཡིན་པའི་ཁྱབ། དངོས་པོ་ཡིན་ན་ཀ་བ་ཡིན་པས་མ་ཁྱབ། ཀ་བ་དང་དངོས་པོ་གཉིས་ཀ་མ་ཡིན་པའི་ཁྱབ་པ། དེ་ལ་ཀ་བ་ཡིན་ན་དངོས་པོ་ཡིན་པའི་མུ། དངོས་པོ་ཡིན་ན་ཀ་བ་ཡིན་པས་མ་ཁྱབ་པའི་མུ། ཀ་བ་དང་དངོས་པོ་གཉིས་ཀ་མ་ཡིན་པའི་མུ། ལྟབུའོ། དཀར་པོ་ཡིན་ན་ཁ་དོག་ཡིན་པས་ཁྱབ། ཁ་དོག་ཡིན་ན་དཀར་པོ་ཡིན་པས་མ་ཁྱབ། དཀར་པོ་དང་ཁ་དོག་གཉིས་ཀ་ཡིན་པས་ཁྱབ་པ། གཉིས་ཀ་མ་ཡིན་པས་ཁྱབ་པ། དེ་ལ་དཀར་པོ་ཡིན་ན་ཁ་དོག་ཡིན་པས་མུ། ཁ་དོག་ཡིན་ན་དཀར་པོ་ཡིན་པས་མ་ཁྱབ་པའི་མུ། དཀར་པོ་དང་ཁ་དོག་གཉིས་ཀ་ཡིན་པས་ཁྱབ་པའིལས་མུ། གཉིས་ཀ་མ་ཡིན་པས་ཁྱབ་པའི་མུ། བཅས་སྔ་ཕྱི་ཚང་མ་རིགས་འགྲེའི་རྣམ་པར་ཙམ་ལས་མ་འདས་སོ། བརྗོད་བྱ་ཁ་དོག་གི་གཞུང་ལ་མཇུག་པར་བྱའོ། དངོས་པོ་སོགས་ལ་དབྱེ་ན་གཟུགས་དང་ཤེས། ལྡན་མིན་འདུ་བྱེད་བཅས་གསུམ། གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བའོ། གཟུགས་དང་བེམ་པོ་གཉིས་དོན་གཅིག བེམ་པོའི་མཚན་ཉིད་ནི་རྡུལ་དུ་གྲུབ་པ། དབྱེ་ན་གཉིས་ཏེ་ཕྱིའི་གཟུགས་དང་ནང་གི་གཟུགས་སོ། དེ་བཞིན་དུ་གཟུགས་ལ་དབྱེ་ན་རེག་པས་གཟུགས་དང་བྱ་ཡུལ་སྤྱད་པས་གཟུགས། དབྱིབས་ཀྱི་གཟུགས་དང་ཁ་དོག་གི་གཟུགས། རྣམ་པར་རིག་བྱེད་ཀྱི་གཟུགས་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས། གཟུགས་ཕུང་དང་དོན་གཅིག་གོ དེ་བཞིན་དུ་ཕྱི་ནང་གི་གཟུགས་སུ་དབྱེ་བར། ཕྱིའི་གཟུགས་ཀྱི་མཚན་ཉིད་ནི་ཕྱིའི་གཟུགས་སུ་རུང་བའོ། དབྱེ་ན་གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། རེག་བྱའི་སྐྱེ་མཆེད། ཆོས་ཀྱི་མཆེད་སྐྱེ་ཀྱི་གཟུགས་བཅས་ལྔའམ་དྲུག་གོ ནང་གི་གཟུགས་ཀྱི་མཚན་ཉིད་ནི་ནང་གི་གཟུགས་སུ་རུང་བའོ། དབྱེ་ན་མིག་དབང་དང་རྣ་དབང་། སྣ་དབང་དང་ལྕེ་དབང་། ལུས་དབང་དང་ཡིད་དབང་བཅས་དྲུག གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ནི་མིག་ཤེས་ཀྱི་གཟུང་བྱ། སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ནི་རྣ་ཤེས་ཀྱི་མཉན་བྱ། དྲིའི་སྐྱེ་མཆེད་ཀྱི་མཚན་ཉིད་ནི་སྣ་ཤེས་ཀྱི་མྱོང་བྱ། རོའི་སྐྱེ་མཆེད་ཀྱི་མཚོན་ཉིད་ནི་ལྕེ་ཤེས་ཀྱི་མྱོང་བྱ། རེག་བྱའི་སྐྱེ་མཆེད་ཀྱི་མཚན་ཉིད་ནི་ལུས་ཤེས་ཀྱི་མྱོང་བྱ། སའི་མཚན་ཉིད་ནི་སྲ་ཞིང་འཐས་༼སྲ་ཞིང་མཁྲེགས་པ།༽། ཆུའི་མཚན་ཉིད་ནི་བརླན་ཞིང་གཤེར་པ། མེའི་མཚན་ཉིད་ནི་ཚ་ཞིང་སྲེག་པ། རླུང་གི་མཚན་ཉིད་ནི་ཡང་ཞིང་གཡོ་བ། གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ནི་བདག་ཅན་མིག་༼ཤེས༽དབང་པོས་གཟུང་བྱའི་ཆོས། དབྱེ་ན་གཉིས་ཏེ་དབྱིབས་དང་ཁ་དོག དབྱིབས་ཀྱི་མཚན་ཉིད་ནི་དབྱིབས་སུ་རུང་བའོ། དབྱེ་ན་བརྒྱད་དེ་རིང་ཐུང་མཐོ་དམའ་ལྷམ་པ་དང། ཟླུམ་དང་ཕྱ་ལེ་ཕྱ་ལེ་མ་ཡིན་པ། ༡རིང་པོ། ༢ཐུང་ངུ། ༣མཐོ་པོ། ༤དམའ་བ། ༥ལྷམ་པ། ༦ཟླུམ་པོ། ༧ཕྱ་ལེ། ༨ཕྱ་ལེ་མ་ཡིན་པ། རིང་པོའི་དབྱིེབས་ཀྱི་མཚན་ཉིད་ནི་རིང་པོའི་དབྱིབས་སུ་རུང་བ། གཞན་རྣམས་རིགས་འགྲེ་བ་བྱའོ། རྣམ་འགྲེལ་རང་དོན་ལེའུ་ལས། སྔོ་སོགས་མིག་གི་རྣམ་ཤེེས་ལ། ནུས་པ་སོ་སོའི་མཐོང་བའི་ཕྱིར། ཞེས་པའི་གཞུང་ལས་འཕྲོས་ཏེ། ཁ་དོག་གི་མཚན་ཉིད་ནི་མདོག་ཏུ་རུང་བའོ། དབྱེ་ན་གཉིས་ཏེ་རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག རྩ་བའི་ཁ་དོག་གི་མཚན་ཉིད་ནི་རྩ་བའི་མདོག་ཏུ་རུང་བའོ། དབྱེ་ན་བཞི་ནི་སྔོ་སེར་དཀར་དམར་བཞིའོ། ༡སྔོ༼སྔོན༽་པོ། ༢སེར་པོ། ༣དཀར་པོ། ༤དམར་པོ། སྔོ༼སྔོན༽་པོའི་མཚན་ཉིད་ནི་སྔོ་པོའི་མདོག་ཏུ་རུང་བའོ། གཞན་རྣམས་རིགས་འགྲེ་བ་བྱ་འོ། ཡན་ལག་གི་མཚན་ཉིད་ནི་ཡན་ལག་གི་མདོག་ཏུ་རུང་བའོ། དབྱེ་བ་བརྒྱད་དེ་སྣང་མུན་སྤྲིན་དང་དུ་བ་དང་། རྡུལ་གྲིབ་ཁུག་སྣ་ཉི་མའོ། ༡སྣང་བ། ༢མུན་པ། ༣སྤྲིན་པ། ༤དུ་བ། ༥རྡུལ། ༦གྲིབ་ནག ༧ཁུག་སྣ༼རྣ༽༼ས་རྡུལ་དང་བྱེ་རྡུལ། ཆུ་རྡུལ་སོགས་འདྲེས་ནས་སྨུགས་པའི་ཁ་དོག་སྐྱ་བོའི་མིང་། འཇའ་ཚོན་གྱི་ཁ་དོག་ལྟབུའོ།༽ ༨ཉི་མ། རྩ་བ་དང་ཡན་ལག་ཁ་དོག་གཉིས་ཀྱི་ཁྱད་པར་ནི་ཚོན་དོག་རང་རྐྱ་ཐུབ་པའི་ཁ་དོག་ནི་རྩ་བའི་ཁ་དོག་དང་ཚོན་དོག་གཉིས་དང་གསུམ་སོགས་འདྲེས་བསྣོས་སུ་འགྱུར་བར་ཡན་ལག་ཁ་དོག མདོར་ན་རྩ་བའི་ཁོ་དོག་དང་ཡན་ལག་ཁ་དོག་གཉིས་ནི་ཚོན་དོག་མཉམ་དུ་འདྲེས་མ་འདྲེས་ཀྱི་ཁྱད་པར་ཡིན་པ་མཁྱེན་པར་མཛད་དགོས་སོ། དེ་ལ་རྟོག་གེ་བ་ཁ་ཅིག་གིས། ཁ་དོག་ཡིན་ན་དཀར་པོ་ཡིན་པས་ཁྱབ་ལབ་ན། རས་ཀྱི་ཁ་དོག་དམར་པོ་ཆོས་ཅན། དཀར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་མ་གྲུབ་ལབ་ན། རས་དམར་པོའི་ཁ་དོག་ཆོས་ཅན། ཁ་དོག་ཡིན་པར་ཐལ། མདོག་ཏུ་རུང་བ་ཡིན་པས་ཕྱིར་ཏེ། དམར་པོའི་ཁ་དོག་ཡིན་པས་ཕྱིར། རྟགས་མ་གྲུབ་ལབ་ན། དམར་པོའི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། རས་དམར་པོའི་ཁ་དོག་དང་གཅིག་ཡིན་པའི་ཕྱིར། རྟགས་མ་གྲུབ་ལབ་ན། དམར་པོའི་ཁ་དོག་ཆོས་ཅན། དམར་པོ་དང་ཁ་དོག་གཉིས་སྐབས་དེ་ལ་གཅིག་ཡིན་པར་ཐལ། དམར་པོ་དང་ཁ་དོག་གཉིས་གཞི་གཅིག་ཏུ་གྲུབ་པས་ཕྱིར། འདོད་ལབ་ན།༼རྩ་བའི་གསལ་བ་ལ་འདོད་པར་ཁས།༽ ཁ་དོག་ཡིན་ན་ཆོས་ཅན། དཀར་པོ་ཡིན་པས་མ་ཁྱབ་བར་ཐལ། དམར་པོ་དེའི་ཕྱིར། ཁྱབ་པར་ཁས། ཡང་རྟོག་གེ་བ་ཁ་གཅིག་གིས། ཁ་དོག་ཡིན་ན། དམར་པོ་ཡིན་པས་ཁྱབ་ལབ་ན། དུང་དཀར་པོའི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། ཁ་དོག་ཡིན་པས་ཕྱིར། ཁྱབ་པར་ཁས། རྟགས་མ་གྲུབ་ལབ་ན། དུང་དཀར་ཆོས་ཅན། ཁ་དོག་ཡིན་པར་ཐལ། མདོག་ཏུ་རུང་བ་ཡིན་པས་ཕྱིར་ཏེ། དཀར་པོའི་མདོག་ཏུ་རུང་བ་ཡིན་པས་ཕྱིར། རྟགས་མ་གྲུབ་ལབ་ན། དུང་དཀར་ཆོས་ཅན། དཀར་པོ་ཡིན་པར་ཐལ། དུང་དཀར་དང་ངོ་བོ་གཅིག་ཏུ་སོང་བས་ཁ་དོག་ཡིན་པས་ཕྱིར། རྟགས་མ་གྲུབ་ལབ་ན། དུང་དཀར་ཆོས་ཅན། དུང་དཀར་ཁྱོད་དང་ཁ་དོག་གཉིས་ངོ་བོ་གཅིག་ཏུ་སོང་བ་ཐལ། དུང་དཀར་ཁྱོད་དང་ཁ་དོག་གཉིས་གཞི་གྲུབ་ཏུ་སོང་བས་ཕྱིར་ཏེ། དུང་དཀར་ཁྱོད་ཡིན་ན་ཁ་དོག་ཡིན་པས་ཁྱབ་པ་དང་ཁ་དོག་ཁྱོད་ཡིན་ན་དུང་དཀར་ཡིན་པས་སྐབས་དེར་ཁྱབ་པས་ཕྱིར། འདོད་ན། ཁ་དོག་ཡིན་ན་ཆོས་ཅན། དམར་པོ་ཡིན་པས་མ་ཁྱབ་པར་ཐལ། དཀར་པོ་དེའི་ཕྱིར། རྟགས་མ་གྲུབ་ལབ་ན། དཀར་པོ་ཆོས་ཅན། ཁ་དོག་ཡིན་པར་ཐལ། མདོག་ཏུ་རུང་བ་ཡིན་པས་ཕྱིར་ཏེ། དཀར་པོའི་མདོག་ཏུ་རུང་བ་ཡིན་པས་ཕྱིར། ཁྱབ་པར་ཁས།༼ཁ་དོག་རྣམས་ལ་རིགས་འགྲེ་བྱེད་དགོས།༽ ཡང་རྟོག་གེ་བ་ཁ་གཅིག་གིས། རྟ་དཀར་པོ་ཆོས་ཅན། ཁ་དོག་ཡིན་པར་ཐལ། དཀར་པོ་ཡིན་པས་ཕྱིར་ཞེས་པའི་རྟགས་སྦྱོར་སྐབས་སུ་འདོད་ལན་སྤྲད་པ་དེ་མི་འཐད་དེ། རྟ་དཀར་པོ་ཆོས་ཅན། དཀར་པོ་མ་ཡིན་པར་ཐལ། རྟ་དཀར་པོ་དཀར་པོ་མ་ཡིན་པས་ཕྱིར་ཏེ། རྟ་དེའི་སྤུའི་ཁ་མདོག་ཡིན་པར་མ་གཏོགས་རྟ་དཀར་པོ་མ་ཡིན་པས་ཕྱིར་ཏེ། རྟ་ཡིན་ན་གང་ཟག་ཡིན་པས་ཁྱབ་པའི་ཕྱིར། གཞན་ཡང་། ཤེས་བྱ་ལ་ཆོས་ཅན། ཁ་དོག་ཡོད་པར་ཐལ། མདོག་ཏུ་རུང་བ་ཡོད་པས་ཕྱིར། རྟགས་མ་གྲུབ་ལབ་ན། ཤེས་བྱ་ལ་ཆོས་ཅན། ཁ དོག་ཡོད་པར་ཐལ། ཤེས་བྱའི་ཁ་དོག་ཡོད་པས་ཕྱིར། མ་ཁྱབ་ལབ་ན། ཤེས་བྱའི་ཁ་དོག་ཡོད་ན་ཆོས་ཅན། ཤེས་བྱ་ལ་ཡོད་པས་ཁྱབ་བར་ཐལ། ཁ་དོག་ཤེས་བྱ་ལ་ཡོད་པས་ཕྱིར། རྟགས་མ་གྲུབ་ལབ་ན། ཁ་དོག་ཆོས་ཅན། ཤེས་བྱ་ལ་ཡོད་པར་ཐལ། ཁྱོད་གཞི་གྲུབ་པས་ཕྱིར། མ་ཁྱབ་ལབ་ན། ཁྱོད་གཞི་གྲུབ་ན་ཆོས་ཅན། ཤེས་བྱ་ལ་ཡོད་པས་ཁྱབ་བར་ཐལ། ཁ་དོག་ཤེས་བྱ་ལ་ཡོད་པས་ཕྱིར། མ་ཁྱབ་ལབ་ན། ཤེས་བྱ་ལ་ཆོས་ཅན། ཁ་དོག་ཡོད་པར་ཐལ། ཤེས་བྱ་ལ་དབྱེ་བ་ཡོད་པས་ཕྱིར། མ་ཁྱབ་ལབ་ན། ཤེས་བྱ་ལ་ཆོས་ཅན། དབྱེ་བ་ཡོད་པར་ཐལ། དབྱིབས་དང་ཁ་དོག་གཉིས་ཡོད་པའི་ཕྱིར། འདོད་ན། དབྱིབས་དང་ཁ་དོག་གཉིས་ཆོས་ཅན། ཤེས་བྱ་ལ་ཡོད་པར་ཐལ། ཤེས་བྱའི་དབྱེ་བ་ཡིན་པས་ཕྱིར། འདོད་ན། ཤེས་བྱ་ལ་ཆོས་ཅན། ཁ་དོག་ཡོད་པར་ཐལ། དབྱེ་བ་ཡོད་པས་ཕྱིར། གཞན་ཡང་། དོན་དམ་སངས་རྒྱས་ལ་ཆོས་ཅན། ཁ་དོག་མེད་པར་ཐལ། སངས་རྒྱས་རྟག་པ་ཡིན་པས་ཕྱིར། རྟགས་མ་གྲུབ་ལབ་ན། སངས་རྒྱས་ཆོས་ཅན། རྟག་པ་ཡིན་པར་ཐལ། འདུས་མ་བྱས་ཡིན་པས་ཕྱིར། རྟགས་མ་གྲུབ་ལབ་ན། སངས་རྒྱས་ཆོས་ཅན། རྟག་པ་ཡིན་པར་ཐལ། ཆོས་སྐུ་རྟག་པ་ཡིན་པས་ཕྱིར་ཏེ། འགོག་བདེན་རྟག་པ་དམ་པ་ཡིན་པས་ཕྱིར། རྟགས་མ་གྲུབ་ལབ་ན། སངས་རྒྱས་ཆོས་ཅན། རྟག་པ་ཡིན་པར་ཐལ། ངོ་བོ་ཉིད་སྐུ་ཡིན་པས་ཕྱིར་ཏེ། རྒྱུད་བླ་ལས། འདུས་མ་བྱས་བཞིན་ལྷུན་གྱིས་གྲུབ་ཅེས་གསུངས་པའི་ཕྱིར། ཐ་སྙད་ངོར་ལ་སངས་རྒྱས་ལ་ཆོས་ཅན། ཁ་དོག་ཡོད་པར་ཐལ། མདོག་ཏུ་རུང་བ་ཡོད་པས་ཕྱིར། རྟགས་མ་གྲུབ་ལབ་ན། སངས་རྒྱས་ལ་ཆོས་ཅན། ཁ་དོག་ཡོད་པར་ཐལ། གསེར་མདོག་ལྟབུ་ཡོད་པས་ཕྱིར་ཏེ་ཐབས་མཁས་ཐུགས་རྗེའི་ཤཱཀྱའི་རིགས་སུ་འཁྲུངས།། གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།། ཤཱཀྱའི་རྒྱལ་པོ་ཞབས་ལ་ཕྱག་འཚལ་ལོ།། ཞེས་གསུངས་པའི་ཕྱིར། ཐུབ་བསྟན་མཛེས་པའི་རྟགས་ཀྱི་བསྡུས་སྦྱོར་འགྲོས།། ཁ་དོག་དཀར་དམར་རྣམ་གཞག་རང་འགྲོས་ནང་།། གསལ་དང་མ་གསལ་ཇི་སྙེད་ཡོད་ངེས་ཀྱང་།། ཆོ་ལོ་དགེ་བཤེས་ལྟ་ངན་སེལ་སླད་དུ།། རང་སྟོབས་འགྲོས་དང་རྒྱབ་རྟེན་ཚད་མའི་སྲོལ།། དྲི་བྲལ་གྲུ་བཞི་ཤོག་བུའི་སྟེང་དུ་ངོམས།། ཁྱབ་དང་མ་ཁྱབ་ཡིན་མིན་རྒོལ་བའི་ངོར།། རྩོད་འདོད་འདུན་པ་ཡོད་ངེས་རིག་པའི་གྲོགས།། མགྲིན་ལག་ཟུང་གིས་དཀར་ཤོག་སྟེང་དུ་ཕེབས།། ལུང་རིགས་མཚོན་ཆ་རྣོན་པོས་གྲོགས་དང་འབྲེལ།། སྒོ་གསུམ་གུས་པས་སྤྲོ་བས་ངང་ནས་བསྒུག།། དེ་ལྟར་བློ་གསལ་བྱིས་པའི་ལམ་རྒྱགས་འདི།། སུག་བྲིས་དཀའ་བ་བྱེད་པས་རྣམ་དཀར་དགེ། ཆོས་བརྒྱད་རྣམ་རྟོག་དྲི་ངན་རབ་བསལ་ནས།། ཐུབ་བསྟན་རྒྱས་ཤིང་སེམས་ཅན་བདེ་ལ་བཀོད།། མཁས་པའི་བྱ་བ་རྣམ་གསུམ་རྟག་རོལ་ཤོག།། མཁན་མིང་པ་ཀཿབྲག་དངོས་གྲུབ་བསོད་ནམས་ནས་སྦྱར།
འདོན་སྤེལ།: ༢༠༡༢/༠༧/༠༩
རིག་པ་འདོན་པ།
གདོང་མཁན་ཀཿབྲག
༢༠༡༢/༠༧/༡༠ ཉིན་འདོན་སྤེལ་བྱས།
མ་མཇལ་རིག་པའི་མཆེད་གྲོགས་ལགས་སྐུ་ཁམས་བཟང་རིག་པའི་མདའ་མོ་ཡོད་ན་དགའ་བསུ་ཡོད་ད་དེ་མིན་གང་ཟག་སྒེར་སུན་བྱེད་དང་ཧམ་བཤད་ལ་ང་དེ་ཙམ་མི་འདོད་ཐུགས་འཇག་འཚལ་
རྨེ་བ་འཇམ་དཔལ་ནོར་བུ།
༢༠༡༢/༠༧/༡༠ ཉིན་འདོན་སྤེལ་བྱས།
དྲང་མོ་བཤད་ན་ཁྱོད་ནི་དངོས་གནས་ལ་ཕྱོགས་ནས་སྐད་ཆ་བཤད་མཁན་ཞིག་རེད་མི་འདུག ཁྱོད་ཀྱིས་འདི་ཡང་དོན་དངོས་ལ་གཟས་པའི་བདེན་པ་ཞིག་མ་རེད། རིགས་ལམ་གྱི་འགྲོ་སྟངས་ཕྱོགས་ཙམ་ཡང་མི་ཤེས་མཁན་ཞིག་རེད་འདུག དེ་ཙམ་དུ་མ་ཟད་གཞུང་ལུགས་ཆེན་པོ་དག་ལ་གོ་བ་ཆེ་རབས་བཤད་ཀྱིན་འདུག དེ་ནི་བཤད་མི་དགོས་བཤམས་ནས་བཞག་ཡོད་ཀི ཉིད་ཀྱིས་བྲིས་པའི་རྩོམ་ཐུང་འདིའི་ནང་ན་གང་ཅི་ཡང་མ་ཤེས་ཀྱང་ཤེས་ཁུལ་གྱི་སྐད་ཆ་མང་པོ་ཞིག་འདུག་མོད། ང་ནི་འདི་ལ་དགག་པ་པ་བྱེད་པའི་དཀའ་ལས་རྒྱག་མ་འདོད་ཐལ། སྙིང་པོ་ཅི་ཡང་མི་འདུག ད་དེ་ཙམ་ཡིན།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
1འཇིག་རྟེན་གྱི་ཁོར་ཡུག་དོག་པོའི་སྐྱོག་མཚམས་ཀྱི་སྣེ་མོ་འདི་རུ། ད་དུང་ཡང་དྲི་ནོག་གིས་རྐང་རྗེས་རེ་རེར་གངས་འདབས་སུ་ལུས། ཁྱོད་ནི། གནམ་ས་གཉིས་ཀྱི་འདྲེན་མཚམས་སུ་ཕུ་དཀྲོག་མདའ་དཀྲོག་གི་རིག་པས་སྤྱན་ཞགས་འཕེན་པའི་ལས་དབང་གི་མི་ཡུལ་གྱི་ཕོ་ཉ་ཞིག