༄༅ ༧གོང་ས་མཆོག་ལ་རྟེན་འབྲེལ་བསྟོད་ཚིག་ཚེ་སྦྱིན་འཁོར་ལོའི་དབྱངས་སྙན་བཞུགས་སོ།

འདོན་སྤེལ། ༢༠༡༢/༠༦/༢༥

༡༽ཨོཾ་སྭ་སྟི། བཀྲ་ཤིས་དགེ་མཚན་འབུམ་གྱིས་རབ་འཁྱུད་ཅིང་  ༑ངོ་མཚར་སངས་རྒྱས་སྟོང་གི་དབང་བསྐུར་ཏེ།།

            རྒྱལ་ཀུན་གསང་གསུམ་ནུས་པ་གཅིག་བསྡུས་པ།  །འཕགས་མཆོག་ལཱོ་ཀི་ཤྭ་རི་སྲིད་ན་རྒྱལ།།

༢༽       གང་གི་འགྲོ་ལ་བྱམས་བརྩེས་ཡོན་ཏན་ཀུན།  །མཐའ་དག་རྣམ་གྲངས་ཚིག་ལ་གཞལ་དཀའ་ཡང་།།

          ཚུར་མཐོང་ལས་ཀྱང་ཚུར་མཐོང་ཆ་ཤས་ཤིག  །དད་པའི་སྤུ་ལོང་གཡོ་བཞིན་བརྗོད་ལ་སྤྲོ།།

༣༽       འཛམ་གླིང་སྤྱི་དང་བསྟན་འགྲོ་ཡོངས་ཀྱི་དཔལ།  །ཆོས་སྐུ་འོད་དཔག་མེད་མགོན་སྤྱན་རས་གཟིགས།།

           སྤྲུལ་སྐུ་པདྨ་འོད་འབར་གཅིག་བསྡུས་པ།   །བསྟན་འཛིན་རྒྱ་མཚོ་སྲིད་འདིའི་རྒྱན་དུ་ཤར།།

༤༽       རྒྱལ་བས་ལུང་ཟིན་ཁ་བ་ཅན་གྱི་ཡུལ།   །དབུས་གྱུར་ལྷ་ལྡན་ཚལ་གྱིས་ཤར་ཕྱོགས་སུ།།

          བོད་རྒྱའི་ས་འཚམས་ཁྲི་ཤོར་རྒྱལ་མོའི་འཁྲིས།   །སྟག་མཚེར་ཡུལ་དུ་སྐུ་ཡིས་མཚན་དཔེ་བཞད།།

༥༽       བོད་ལྗོངས་ལྷ་མི་ཀུན་གྱི་དད་གསོལ་ལྟར།  །ཞབས་ཟུང་བཀྲ་ཤིས་རེ་ཁ་ལྷ་ལྡན་དུ།།

           བསྒྱུར་སྟེ་གྲུ་འཛིན་གཉིས་པའི་ཕོ་བྲང་དུ།   །བརྗིད་ཆགས་གསེར་གྱི་ཁྲི་ལ་རབ་ཏུ་འཁོད།།

༦༽སྐབས་དེར་གསང་གསུམ་བདུད་ཀྱིས་བར་ཆད་དང་  །གང་ལས་བརླམས་པའི་ཆོས་མིན་ཆོས་གཟུགས་འགས།།

     བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ནང་ནས་བཀུམས།  །བསྟན་དགྲ་རྒྱ་དམར་ཕྱི་ནས་ནང་ལ་བཀུག།

༧༽     ཤར་གྱི་མཐུན་ཕྱོགས་རྒྱལ་ཁབ་གྲོགས་ལམ་བཅད།  །ལྷོ་ཡིས་འབྱོར་ལྡན་དཔུང་གིས་ནོར་ལམ་བགགས།།

        ནུབ་ཏུ་འབུམ་ཕྲག་བཅུ་གཉིས་གཤེད་ལམ་བརྫངས།  །བྱང་གི་དགྲ་ལམ་དམར་པོའི་རྒྱ་ལ་ཕྱེས།།

༨༽     ནང་བསྟན་ཆུ་ཆེན་ཆེ་བཞི་བོན་དང་ལྔ།   །དམ་ཚིག་དར་དཀར་ཡུག་གཅིག་དུམ་བུར་བཏང་།།

         ཆོལ་གསུམ་སྤུན་ཟླ་མཐུན་བསྒྲིལ་རྒྱ་མདུད་ཞིག   །རང་བཙན་བོད་ཀྱིས་ཕྱི་ཡིས་ལྕགས་རི་གཏོར།།

༩༽      སུས་ཀྱང་བཟློག་ཏུ་མེད་པའི་གཉན་འཕྲང་དེར།   །རྡོ་རྗེ་འཆང་དབང་ཏཱ་ལའི་བླ་མ་མཆོག།

གངས་ལྗོངས་སྐྱེ་འགྲོས་བསྐུལ་དང་ཐུགས་བསྐྱེད་མཐུས། །ལུགས་གཉིས་འཁོར་ལོ་བསྒྱུར་བའི་མཛད་འགན་བཞེས།།

༡༠༽   རིགས་གསུམ་སེམས་དཔའི་མཁྱེན་བརྩེ་ནུས་པ་ཡིས།  །ཞི་འགྲིགས་བཀའ་བཟང་དགྲ་ལ་རྩལ་ན་ཡང་།།

       བཟང་ངན་མི་འབྱེད་དམར་ཕྱོགས་གུང་ཁྲན་གྱིས།   །གཡོ་སྒྱུའི་དམག་དཔུང་བོད་ལ་བཙན་འཛུལ་བྱས།།

༡༡༽   བོད་ཀྱི་སྣོད་བཅུད་སྤྱི་དང་རྒྱལ་བའི་བསྟན།  །བསྟན་འཛིན་སྐྱེས་བུའི་ཚེ་སྲོག་འཕྲོག་པ་སོགས།།

       ཡ་ང་དམྱལ་བ་མི་ཡུལ་འཕོས་པ་ལྟར།   །ཉེས་མེད་གངས་ལྗོངས་བོད་ལ་དུ་ཁའི་གཟིར།།

༡༢༽  སྐབས་ཞིག་སྤྱི་མཐུན་ལས་བསྒྲིབས་མ་དག་པར།  །མྱུར་དུ་བསྐྱབས་པའི་ཐབ་ལམ་མེད་པ་དང་

      ལས་འདི་མཐར་ཐུགས་སྐྱབས་པའི་མཁྱེན་བརྩེ་ཡིས།  །བཀའ་དྲིན་ཆིབས་ཞལ་རྒྱ་གར་ཡུལ་དུ་བསྒྱུར།།

༡༣༽   མ་འོངས་སྔོན་གཟིགས་མཁྱེན་པའི་མཛད་པ་ཡིས།   །རིས་མེད་རྒྱལ་བསྟན་སྤྱི་དང་བཅུ་ཕྲག་རིག།

        ངོ་མཚར་རྟ་བདུན་ནུབ་ནས་ཤར་ལ་བསྐྱལ།  །འགྲོ་ཀུན་ཞི་བསིལ་སྣང་བ་ཁྱེད་ཀྱིས་བརྩལ།།

༡༤༽    རྒྱ་གར་བལ་ཡུལ་འབྲུག་དང་འབྲས་ལྗོངས་སོགས། །གྲངས་མེད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་ཀུན།།

         སྐུ་སྲོག་རྒྱ་དམར་ལག་ཏུ་མ་ཤོར་པར།  །རང་ལུགས་གྲུབ་མཐའ་སྐྱོང་བ་ཁྱེད་ཀྱིས་དྲིན།།

 

༡༥༽    རིས་མེད་རྒྱལ་བསྟན་སྤྱི་དང་གཡུང་དྲུང་བོན།  །འཛམ་གླིང་མི་རིགས་གདུལ་བྱ་སྣ་ཚོགས་ངོར།།

       མངོན་མཐོ་ངེས་ལེགས་བསྒྲུབ་ལ་དགོས་འདོད་ནོར།  །སྤྲོ་དགས་ངོམ་མེད་སྤྱོད་རྒྱུར་ཁྱེད་ཀྱིས་དྲིན།།

༡༦༽    ཆོས་རྒྱལ་མེས་དབོན་རྣམ་གསུམ་ལེགས་བརྒྱུད་པའི།  །ཡ་རབ་གངས་ཅན་ལྗོངས་ཀྱི་ལུགས་གཉིས་སྲོལ།།

         དམར་པོ་ཀླ་ཀློས་རྩ་མེད་མ་ཐུབ་པར།    །འཕེལ་རྒྱས་དེང་རབས་རྒྱན་སྤྲས་ཁྱེད་ཀྱིས་དྲིན།།

༡༧༽   བོད་ལྗོངས་རང་བཙན་སྐབས་སུའང་མ་གྲགས་པའི།   །གནའ་དེང་རིག་གཞུང་ཕྱུག་པའི་བོད་སློབ་ཁག།

        འཛམ་གླིང་ལྡིང་ཆའི་སྟེང་དུ་འགྲན་ནུས་བཞིན།   །དེང་རབས་བརྒྱུད་འཛིན་ཐུབ་པ་ཁྱེད་ཀྱིས་དྲིན།།

 ༡༨༽ ཆོས་སྲིད་ཚ་གྲང་གཅིག་ཏུ་གནས་མིན་ཡང་  །མི་འགལ་གཡས་གཡོན་ཕྱག་གི་ཉེར་གཟུང་སྟེ།།

      ཆོལ་གསུམ་ཕུ་ནུ་བརྩེ་བའི་ཁྱིམ་ཚང་གཅིག   །ཆོས་བརྒྱུད་དམ་ཚིག་གཅིག་འདྲེས་ཁྱེད་ཀྱིས་དྲིན།།

༡༩༽    ཐ་མལ་དུས་འདིར་ཆོས་སྲིད་ཟུང་འབྲེལ་ལམ།  །གཅིག་ཏུ་འགྲོ་ལ་ངལ་བ་ཆེར་མཐོང་ནས།།

         མཁྱེན་རབ་ཡེ་ཤེས་རྣོན་པོའི་རལ་གྲི་ཡིས།   །ལུགས་གཉིས་འཁོར་འདས་རུ་ཤན་ཁྱེད་ཀྱིས་ཕྱེས།།

༢༠༽    བླང་དོར་འཛོལ་བའི་སྡུག་བསྔལ་འཁོར་མོ་ཡུག   །འགྲོ་བ་སྤྱི་དང་ཁྱད་པར་འཛམ་གླིང་འདིས།།

        ཁྱེད་ལ་ཞི་བདེའི་རྟགས་མ་ཕུལ་བའི་སྐབས། །སྤྱན་རས་གཟིགས་ཀྱི་སྙན་པ་ཁྱེད་ཀྱིས་འཕྲོག།

༢༡༽   མཁྱེན་རབ་ཡེ་ཤེས་བཀའ་སློབ་ཕན་བདེའི་གཏེར།  །གནའ་དེང་མཁས་པས་སྤྱི་བོར་རབ་བཀུར་ཏེ།།

        ཨ་རིས་གསེར་གྱི་རྟགས་མ་ཕུལ་བའི་སྐབས།    །མཉྫུ་ཤྲཱིའི་ཁྱེད་ལ་མིག་སེར་ལངས།།

༢༢༽    བཟོད་པའི་གོ་ཆ་སྙིང་རྗེའི་རྒྱན་སྤྲས་ཏེ།   །བདེན་པའི་མཚོན་ཆ་མཁའ་ལ་འཕྱར་བའི་སྐབས།།

        སྟོབས་ཆེན་རྒྱ་ནག་དངངས་སྐྲག་བཙོན་དུ་བཅུག   །ཕྱག་ན་རྡོ་རྗེའི་ཁྱེད་ལ་ཡིད་སྨོན་ཤོར།།

༢༣༽     ཐེགས་པ་ཆེ་ཆུང་གསང་སྔགས་རྡོ་རྗེ་ཐེགས།   །འཛམ་གླིང་གང་སར་དུས་གཅིག་རྡོ་རྗེའི་གསུངས།།

             མི་རིགས་དུང་ཕྱུར་གཏན་བདེའི་ལམ་འགོད་སྐབས།  །ཤཱཀྱ་ཐུབ་པའི་རྒྱལ་ས་ཁྱེད་ཀྱིས་གཟུངས།

༢༤༽        ལྟ་བ་ཀ་དག་ཀློང་ཆེན་ཡངས་པའི་ངོར།   སྒོམ་པ་འཁོར་འདས་ཆོས་ཀུན་ཁྱབ་བརྡལ་དབུས།།

             སྤྱོད་པ་འཁྲུལ་ཉོན་འགྲོ་ལ་དམིགས་མེད་གཟིར།  །འབྲས་བུ་པདྨའི་དགོངས་པ་ཁྱེད་ཀྱིས་རྙོག།

༢༥༽    ས་ངོར་ཚར་གསུམ་ལ་སོགས་མཁས་པའི་ཁྱུ།  །དུས་གཅིག་འཛོམ་པའི་མཁྱེན་རབ་ཉི་མའི་གཟིས།།

          ས་སྐྱ་ཡབ་སྲས་ལ་སོགས་ཁྱེད་ཀྱི་འཁོར།  །དཔལ་ལྡན་ས་སྐྱའི་བསྟན་པ་ཁྱེད་ཀྱིས་སྐྱོང་།།

༢༦༽      ཕྱག་རྒྱ་ཆེན་པོའི་དགོངས་དོན་རབ་རྟོག་ནས།  །ཆེ་བཞི་ཆུང་བརྒྱད་དཔལ་ལྡན་བཀའ་བརྒྱུད་པའི།།

             ཟབ་ལམ་གདམས་ཟབ་ཀརྨ་པ་ལ་སྩལ།   །ཏི་ལོ་ན་རོའི་མན་ངག་ཁྱེད་ཀྱིས་དྲངས།།

༢༧༽       སེ་འབྲས་དགའ་གསུམ་རྒྱུད་གྲྭ་སྟོད་སྨད་སོགས།   སྐྱེས་བུ་གསུམ་གྱི་ལམ་གྱིས་ཉམས་ལེན་ལ།

          ལེགས་གདམས་དམ་སྲི་ཆོས་མིན་གེགས་ལས་བསྒྲལ།  །འཇམ་མགོན་བླ་མའི་མཛད་པ་ཁྱེད་ཀྱིས་སྐྱོང་།།

༢༨༽      མདོར་ན་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ནུས།  །གཅིག་ཏུ་སྤུངས་ལ་མཁྱེན་རབ་མཐུ་མངའ་བ།།

            འཛམ་གླིང་སྐྱེ་འགྲོ་སྤྱི་དང་བོད་འབངས་ཀུན།  །ཁྱེད་ཀྱིས་བཀའ་དྲིན་སྲིད་ན་གཞལ་ཐབས་བྲལ།།

༢༩༽       བསྟན་དང་སྟོན་པའི་རྟེན་འབྱུང་ལྟ་བའི་གཤིས།  །འཛིན་བྱེད་བྱམས་དང་སྙིང་རྗེ་སྒོམ་པའི་སྲོལ།།

           རྒྱ་ཆེར་འཚེ་མེད་ཞི་བ་སྤྱོད་པའི་ལམ།    མཚོ་ལྟར་ཆོས་ཉིད་བདེན་པ་འགྲོ་ལ་བསྟན།།

༣༠༽      མངོན་མཐོའི་དབུས་ན་ལྷ་དབང་བརྒྱ་བྱིན་དང་  །དགུང་སྔོན་དབྱིངས་སུ་རྟ་བདུན་དབང་པོ་བཞིན།།

           བསྟན་འཛིན་སྐྱེས་བུའི་དབུས་ན་ལྷུན་པོ་ལྟར།   །མི་འཇིགས་རྡོ་རྗེའི་ངོ་བོ་ཁྱེད་ལ་འདུད།།

 ༣༡༽  བདག་སོགས་དད་གདུང་དབྱངས་ཀྱི་མཆོད་པ་དང་ །སྒོ་གསུམ་རབ་གུས་སོར་བཅུའི་འདབས་མ་རྣམས།།

        སྤྱི་བོར་འགོད་པའི་བརྟུལ་ཞུགས་ལ་གནས་ན།   །མི་ཤིག་རྡོ་རྗེའི་ངོ་བོར་རྟག་བཞུགས་གསོལ།།

༣༢༽   གང་ལ་གསོལ་བ་འདེབས་པའི་སྐལ་ལྡན་ཀུན།  །ཚེ་རབ་ཀུན་ཏུ་ཁྱོད་ཀྱི་རྗེས་གཟུང་ཞིང་།།  

         མཁས་བཙུན་བཟང་པོའི་དཔལ་གྱིས་ལེགས་མཛེས་པའི། །མཆོག་གི་རྣམ་ཐར་འཆང་བའི་མཐུ་ཐོབ་ཤོག།

༣༣༽    ཤུགས་དྲག་མོས་གུས་དྲག་པོའི་བདེན་ཚིག་དང་ །མངོན་རྟོགས་ཡིད་ལ་གོམས་པའི་ཏིང་འཛིན་མཐུས།།

         ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་སྡེ།   །ཞིང་འདིར་འགྲོ་བའི་མགོན་པོར་བརྟན་བཞུགས་གསོལ།།

ཅེས་པ་འདི་༧གོང་ས་སྐུ་ཕྲེང་བཅུ་བཞི་པའི་འཁྲུངས་སྐར་གྲ་རྒྱས་ཤིག་རྒྱལ་སྤྱི་བོད་བརྒྱུད་ནང་བསྟན་མཐུན་

ཚོགས་ནས། སྤྱི་ལོ་༢༠༡༢/ //ཐའི་ཝན་གྱི་རྒྱལ་ས་ཐའེ་པེ་རུ་སྲུང་བརྩི་ཞུ་འཆར་དང་བསྟུན་ རང་གཞུང་དོན་གཅོད་ཁང་ནས། སྤྱི་ཟླ་ // ཉིན། སྔ་བརྩི་ཞུ་འཆར་གྱི་མགྲོན་བརྡ་འབྱོར་བ་དང་བཅས།  གང་གི་ཞལ་ནས་གསུང་གི་བདུད་རྩི་རྟགས་ཏུ་མྱངས་པའི་ཞལ་སློབ་ཀྱིས་གྲལ་མཐར་གཏོགས་པ། ཤར་སྤྲུལ་དམ་ཆོས་རྒྱ་མཚོས་དད་གུས་དང་སྦྲགས། མཛད་རྣམ་དང་འབྲེལ་བའི་བརྟན་གསོལ་སྨོན་ཚིག་འདི། ཐའེ་པེ་གཏེར་ཆེན་ཉི་གྲགས་ཆོས་ཚོགས་ཀྱི་རང་ཤག་ནང་དུ་བྲིས་པའི་མཐུས། འགྲོ་ཁམས་འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་གཟུང་བའི་རྒྱུར་གྱུར་ཅིག། །།

 

ཤོག་ངོས་འདི་ཐེངས་ ༡༨༦༨ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།