དེབ་ཐེར་ནག་པོ། ༼༤༽འདོན་སྤེལ། ༢༠༠༨/༠༨/༢༧ དེབ་ཐེར་ནག་པོ།-གྷོལ་ཌི་སི་ཐེན་དང་བོད་ཀྱི་རྒྱལ་རབས་མེད་པར་བཟོ་བ། ཆ་དང་པོ།
(www.jamyangnorbu.com)
འཇམ་དབྱངས་ནོར་བུས་བརྩམས།
དགེ་འདུན་རབ་གསལ་གྱིས་བསྒྱུར།
མགོ་འཛུགས་སའི་གནད་དོན།
ཐ་ན་གྷོལ་ཌི་སི་ཐེན་གྱིས་ཁོའི་རྒྱལ་རབས་ཀྱི་མགོ་འཛུགས་ས་ལ་ ༡༩༡༢ ལོ་འདམས་པ་དེས་བསམ་ཚུལ་གཅིག་ལ་བོད་ཀྱི་རྒྱལ་རབས་ཀྱི་ཉམས་རྒུད་སྟོན་པ་ནི་ཤེས་དཀའ་བ་ཞིག་མ་རེད། ད་དུང་འདིས་བོད་འདི་དེང་རབས་འཛམ་གླིང་ནང་ཞུགས་པའི་དུས་སྐབས་དེ་ལོག་འགྲེལ་བྱས་ཡོད་པ་རེད། ཁ་ཆེ་དང་དབུས་ཤར་གྱི་རྒྱལ་རབས་ཐད་པཱི་རིན་སི་ཊོན་གྱི་མཁས་པ་གླེང་རྙོག་ཅན་ཡིན་ན་ཡང་འབྲས་བུ་གཟེངས་ཐོན་ཅན་བྷི་ནེར་ཌི་ ལི་ཝི་སེ་ (Bernard Lewis) ཡིས་ང་ཚོ་ལ་བཤད་རྒྱུར། “རྒྱལ་རབས་ལོག་འགྲེལ་”པ་ཚོས་འཁྱོག་བཤད་བྱེད་པ་ནི་ ཁོར་ཡུག་གང་འཚམས་ཤིག་ཏུ་ ཐ་ན་ མགོ་འཛུགས་ས་ལྟ་བུ་དོན་ཆུང་ནས་ཀྱང་ཁོའི་དམིགས་ཡུལ་སྒྲུབ་ཡོང་། ཞེས་བཤད།
“་་་གལ་སྲིད་མི་གཅིག་གིས་རྒྱལ་རབས་ཀྱི་བརྗོད་གཞི་ལ་རྩོམ་དང་དེབ། གཏམ་བཤད་ཅིག་བྱེད་པ་ཡིན་ན་མི་དེས་མཚམས་གང་རུང་ཞིག་ནས་མགོ་འཛུགས་བྱེད་དགོས་ལ། འདམ་ཁ་དེས་ཡོང་རྒྱུའི་མཇུག་འབྲས་ཐད་སྔོན་དཔག་གང་འཚམས་བྱེད་ཐུབ། མགོ་འཛུགས་ས་དེ་གང་ཡིན་ཀྱང་བཅོས་མའི་ཚད་མཐོ་ཙམ་གྱི་ནང་ཡོད་པ་ནི་དགོས་ངེས་པ་ཞིག་ཆགས། རྒྱལ་རབས་ནི་མཚམས་ཆད་དུ་མེད་པའི་རས་ཡུག་ཅིག་རེད་ལ། གལ་ཆེ་ཆུང་བསྡུར་བ་ནི་རྒྱལ་རབས་པའི་འདོད་བབས་ཤིག་ཡིན་པ་ལས་རྒྱལ་རབས་ཀྱི་བྱུང་རིམ་ཁྲོད་ཀྱི་བདེན་དོན་ཞིག་མ་རེད། གཟབ་ནན་གྱིས་འདམ་ཁ་བྱེད་པ་བརྟེན་ནས་རྫུན་ |