རྒྱ་ནག་ལ་དཔལ་འབྱོར་ཉམ་ཉེས་ཚབ་ཆེན་འབྱུང་བ།འདོན་སྤེལ། ༢༠༡༢/༠༨/༢༩ ཝེ་ཅིན་ཧྲིན་གྱིས་བརྩམས། ཚེ་རིང་རྡོ་རྗེས་བསྒྱུར།
རྒྱ་ནག་ནང་ཁུལ་གྱི་དཔལ་འབྱོར་རིག་པ་སྨྲ་བས་བཏོན་པའི་རྩིས་གྲངས་ལ་བལྟས་ན། རྒྱ་ནག་གི་བཟོ་ལས་མ་རྩ་འཇོག་པའི་ཁོར་ཡུག་བསྟུད་མར་ཇེ་སྡུག་ཏུ་སོང་སྟེ་བཟོ་ལས་ཐོན་སྐྱེད་ནུས་པ་ལྷག་མ་བྱུང་ནས་ཉམ་ཉེས་སྣ་ཚོགས་བསླངས་འདུག གནས་ཚུལ་ཡོང་ཁུངས་དེས་བཟོ་ལས་སྡེ་ཚན་སོ་སོའི་ཐོན་སྐྱེད་ལ་ལྷག་མ་བྱུང་བའི་གནས་སྟངས་དཔེ་ཡི་སྒོ་ནས་བསྟན་འདུག་སྟེ། རྣོ་ལྕགས་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༢༡ ལྷག་པ། རླངས་འཁོར་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༡༢ ལྷག་པ། ཨར་འདམ་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༢༨ ལྷག་པ། གློག་འབྱེད་ཧ་ཡང་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༣༥ ལྷག་པ། བཙའ་ཐུབ་ཞུན་ལྕགས་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༦༠ ལྷག་པ། ཞིང་སྨན་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༦༠ ལྷག་པ། འོད་བསྟེན་གློག་རྫས་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་ ༩༥ ལྷག་པ། ཤེལ་སྒོ་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི ༩༣ ལྷག་པ་བཅས་སོ།། ཐོན་སྐྱེད་ནུས་ཤུགས་ལྷག་མ་འདི་འདྲ་མང་པོ་བྱུང་བའི་བཟོ་ལས་དེ་ཡིས་རྒྱ་ནག་གི་དཔལ་འབྱོར་ལ་དུས་ཡུན་རིང་བའི་ཉམ་རྒུད་ཞིག་སློང་རྒྱུ་ནི་ལྡོག་ཏུ་མེད་པ་ཡིན།
གནས་བབ་འདི་ནི་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་བའི་ནང་དུ་བྱུང་བའི་ཨ་རིའི་དཔལ་འབྱོར་ཉམ་རྒུད་ཆེན་མོ་དང་ཧ་ཅང་འདྲ། དཔལ་འབྱོར་རིག་པའི་ཆེད་མཁས་པས་ཀྱང་འདི་ལྟར་བཤད་དེ། ཐོན་སྐྱེད་ནུས་ཤུགས་ལྷག་མ་བྱུང་བའི་གནས་སྟངས་འདི་དང་། རྒྱལ་ནང་གི་ས་ཆ་སོ་སོ་ན་དགུང་ལ་ཟུག་པའི་ཐོག་ཁང་གཅིག་ལ་གཅིག་འགྲན་གྱིས་བསྐྲུན་པའི་གནས་སྟངས་འདི་ཚང་མ་ནི། གནས་བབ་ཉེན་ཚབ་ཆེ་ཆུང་གི་ཁྱད་པར་ཙམ་མ་གཏོགས། སྔར་བྱུང་གི་དཔལ་འབྱོར་ཉམ་རྒུད་རྣམས་དང་ཧ་ཅང་མཚུངས། རྒྱ་ནག་ནང་གི་ད་ཡོད་ཀྱི་དགུང་ལ་ཟུག་པའི་ཐོག་ཁང་གི་གྲངས་ཀ་གཅིག་པུའི་ངོས་ནས་ཀྱང་ཨ་རིར་ཡོད་པའི་དགུང་ཟུག་ཐོག་ཁང་གི་སྤྱིའི་གྲངས་འབོར་ལས་བརྒལ་འདུག ཡིན་ནའང་རྒྱ་ནག་གི་སྤྱིའི་ཡོང་འབབ་དང་མི་རེའི་ཆ་སྙོམས་ཡོང་འབབ་གཉིས་ནི་ཨ་མེ་རི་ཁ་དང་བར་ཁྱད་ཤིན་ཏུ་རིང་། གནས་སྟངས་འདིས་རྒྱ་ནག་གི་དཔལ་འབྱོར་ཚ་དྲོད་ཆེ་དྲགས་པ་གསལ་བཤད་བྱས་པ་ཙམ་དུ་མ་ཟད། ཡ་མ་གཟུགས་དང་སྨྱོ་རྟགས་ཆེ་བ་བསྟན།
འདི་ལྟར་བཤད་དོན་གང་ཡིན་ཞེ་ན། རྒྱ་ནག་གི་དཔལ་འབྱོར་ནི་ཚོང་རའི་དཔལ་འབྱོར་མིན་པར་ར་མ་ལུག་གི་ཚོང་རའི་དཔལ་འབྱོར་ཞིག་ཡིན་པ་འདི་རྒྱུ་མཚན་ཐོག་མ་དེ་ཡིན། དེའི་ཕྱིར་རྒྱ་ནག་གི་དཔལ་འབྱོར་ནི་ཚོང་རས་རང་དབང་གིས་འདུམ་སྒྲིག་བྱེད་པ་ཞིག་མིན་པ་དང་། ཚོང་ར་དང་སྲིད་གཞུང་གཉིས་ཀྱིས་རང་རང་སོ་སོའི་ཕྱོགས་སུ་འཐེན་འཁྱེར་བྱེད་པ་མ་ཟད། ཕན་ཚུན་ལ་འགོག་རྐྱེན་དང་གེགས་བྱེད་པའི་རྐྱེན་གྱིས་དཔལ་འབྱོར་ལ་རྙོག་འཛིང་བྱུང་། དེ་གཉིས་ཀྱིས་སོ་སོར་དམིགས་ཡུལ་མི་འདྲ་བ་རེ་བཟུང་ཡོད་པས་འདུམ་སྒྲིག་མང་དུ་བྱས་ན་རྙོག་འཛིང་ཆེ་རུ་འགྲོ་བ་དང་། མ་གཞི་ཚོང་ར་རང་ངོས་ནས་འདུམ་སྒྲིག་ལེགས་པོ་བྱ་མ་ཐུབ་པའི་ཚོང་རའི་འགྲོ་ལུགས་ལ་འདུམ་སྒྲིག་བྱས་པས་རྙོག་འཛིང་དེ་ལས་ཆེ་རུ་བཏང་། ར་མ་ལུག་གི་ཚོང་རའི་དཔལ་འབྱོར་དང་འཆར་གཞི་ཅན་གྱི་དཔལ་འབྱོར་ཟེར་བ་འདི་གཉིས་ཀྱི་རྙོག་འཛིང་གི་འབྱུང་རྩ་ནི་དེ་ཡིན། འཆར་གཞི་ཅན་གྱི་དཔལ་འབྱོར་ཟེར་བ་དེའང་ངོ་བོའི་སྟེང་ནས་ར་མ་ལུག་གི་ཚོང་རའི་དཔལ་འབྱོར་ལམ་ལུགས་ཞིག་ཡིན་ཞིང་དེ་ཚོང་ར་དང་དངུལ་སྒོར་ལས་ནམ་ཡང་ཁ་བྲལ་མྱོང་མེད། འཆར་གཞི་ཅན་གྱི་དཔལ་འབྱོར་ལམ་ལུགས་ཀྱིས་འགྲོ་བ་མིས་གནའ་སྔ་མོ་ཞིག་ནས་སྡོམ་ཚིག་བཀོད་པའི་ཚོང་རའི་ཆོས་ཉིད་ལ་ཆ་འཇོག་མི་བྱེད་པའི་ཁྱད་པར་ཙམ་ |