༸གོང་ས་མཆོག་གིས་རྩ་བ་ནས་ནོར་མི་ཆོགའདོན་སྤེལ། ༢༠༡༢/༠༨/༢༩ ཚེ་རིང་ཟླ་བ།
སྨྱུག་ཁ་མ་བསྒྱུར་བསམ་ཡང་སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན་ཞེས་སུ་ཞིག་གིས་མ་དཔྱད་བབ་ཅོལ་ལམ། བཙན་པོ་དབང་ཡོད་ཀྱིས་སྨྲ་སྒོ་འགོག་གིན་པའི་བརྡ་ཞིག་བསྟན་ཡོང་དུས། འདིར་སླར་ཡང་གསལ་བཤད་ཙམ་ཞུ།
ངས་ཀྱང་༸གོང་ས་མཆོག་སྐྱོན་ཀུན་ཟད་དང་ཡོན་ལྡན་ཀུན་ལྡན་གྱི་སངས་རྒྱས་སུ་འདོད་ཀྱིན་མེད་ཀྱང་། འདོད་སྟངས་མི་འདྲ་སྟེ། འདོད་པ་པོ་གཞན་དག་ལ་ལ་ནི་རིང་ནས་རང་རེའི་ཆོས་རིག་དང་ཡ་བྲལ་དུ་གྱུར་བའི་སྤྱི་ཚོགས་གཞན་ནས་འཚར་ལོངས་བྱུང་བ་དང་། འགའ་ཞིག་རང་རེའི་སྤྱི་ཚོགས་སུ་འཚོ་ཡང་རྐྱེན་ཅི་ཞིག་གིས་རང་ཉིད་ཀྱང་སྔོན་ཐོན་ཅན་ནམ་དེང་རབས་ཅན་པོ་དག་གི་རྗེས་སུ་ཞུགས་པ་དག་དང་ཡེ་ནས་མི་མཚུངས་པ་དེ་ཡིན།
མ་ཟད། བོད་གཞུང་དགའ་ལྡན་ཕོ་བྲང་ཙམ་མ་ཟད་། བོད་གཞུང་ཟེར་བའི་ཐ་སྙད་ཀྱང་ཆབས་ཅིག་ཏུ་ཕྱིར་བསྡུ་མཛད་པ་ནི། བོད་ཀྱི་ད་ལྟ་དང་མ་འོངས་པར་འབྲེལ་བ་དམ་ཟབ་ཡོད་པའི་གནད་ཀྱི་ཡང་གནད་འདི་ལྟ་བུར་༸གོང་ས་མཆོག་གིས་རྩ་བ་ནས་ནོར་མི་རུང་ལ་ནོར་མི་ཆོག་ཟེར་བ་ཡིན། ནོར་འདུག་ནོར་ཡོད་བསམ་པ་རྨི་ལམ་ཙམ་དུའང་འཁོར་མ་མྱོང་།
མི་ཕམ་ཚངས་ཐིག་ལགས་ཀྱིས་དྲི་བ་ལྔ་བཏང་སྟེ་དོན་རྟོགས་པའི་ཐུགས་རེ་གནང་འདུག་མོད། ངས་ནི་རྩ་བ་ནས་ཁས་ལེན་ཐུབ་མ་སོང་། དྲི་བ་དང་པོར། (བོད་ཀྱི་སྐད་ཡིག་གི་ཐོག་ཙམ་དུའང་བོད་གཞུང་ཟེར་བའི་མིང་བྱང་དེ་བཞག་ན་དཀའ་ངལ་ཞིག་འཕྲད་ཚུལ་ཡོད་དམ་) ཟེར་བའི་ཐད། སྤྱིར་བོད་ཀྱི་སྐད་ཡིག་གི་ཐོག་ཏུ་བོད་གཞུང་ཟེར་བའི་མིང་བྱང་དེ་གསར་དུ་སུ་ཞིག་གིས་བཞག་པའམ། སླད་བཅོས་པ་དེ་འདྲ་གང་ཡང་མེད་པར་རིང་ནས་བོད་པའི་ཐ་སྙད་ཀྱི་གྲལ་དུ་ཚུད་ཟིན་སྟབས། བཞག་དང་མ་བཞག་ཟེར་བའི་བཀའ་མོལ་འདི་གནང་སྲོལ་མེད་ལ། དེ་བཞག་དང་མ་བཞག་གི་དཀའ་ངལ་སྐུ་ཉིད་ཀྱིས་ཅིའི་ཕྱིར་འཚོལ་གྱིན་ཡོད། ཆབ་སྲིད་ཀྱི་སྟེང་ནས་བཤད་ན། རྒྱ་གར་གཞུང་གིས་རྒྱལ་ཁབ་གཅིག་ལ་གཞུང་གཉིས་ཡོད་མི་ཆོག་ཟེར་བས་བོད་གཞུང་ཟེར་བའི་བཀོལ་སྤྱོད་འདི་བོད་ཀྱི་ཆབ་སྲིད་སྡིངས་ཆ་ལས་ཕྱིར་བསྡུ་མཛད་པ་ཙམ་ཡིན། ད་ལྟ་བར་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལས་རྒྱ་གར་གཞུང་གིས་ཤེས་ནའང་མ་ཤེས་ཁུལ་དང་། མཐོང་ནའང་མ་མཐོང་ཁུལ་བྱས་པས་ཁུངས་འཁྱོལ་མོད། ཅི་སྟེ་༸གོང་ས་མཆོག་མ་བཞུགས་པའི་དུས་དེར། ད་ལྟ་ལྟར་སྣང་བ་དག་པའི་ཁ་ཕོ་འདི་སྒྲོག་མཁན་ཇི་ཙམ་ཡོད་ཨང་། དྲི་བ་གཉིས་པར་(བོད་སྐད་དུ་བོད་གཞུང་ཞེས་པའི་མིང་བྱང་བཏགས་ན། དེ་ཉིད་ཀློག་ནས་དཀའ་ངལ་སྤྲོད་མཁན་དེ་སུ་འདྲ་ཞིག་ཡིན་) གསུངས་པའི་ཐད། བོད་སྐད་དུ་བོད་གཞུང་ཞེས་པའི་མིང་བྱང་ཁྱེད་ངེད་གཉིས་ཀས་བཏགས་ཤིང་ཀློག་ཀྱང་དཀའ་ངལ་ལར་ནས་མེད་མོད། གོང་སྨྲོས་ལྟར་མ་འོངས་པར་ཆབ་སྲིད་ཀྱི་གནད་དུ་བརྩིས་ནས་ཟུར་བཀག་གཏོང་དུས་གཞི་ནས་བཏགས་ཆོག་པ་དང་ཀློག་ཆོག་མིན་གྱི་གནད་དེ་མཁྱེན་ཐུབ་ངེས་རེད། དཀའ་ངལ་སྤྲོད་མཁན་ཡང་གོང་སྨོས་ལྟར་ལགས། དྲི་བ་གསུམ་པར་ (བོད་ཡིག་ཙམ་གྱི་མིང་བྱང་ལ་དཀའ་ངལ་སྤྲོད་ན་ཚུལ་ཇི་ལྟར་སྤྲོད་རྒྱུ་རེད། དགོས་པ་ཅི་ཞིག་གི་ཕྱིར་) གསུངས་པའི་ཐད། མིང་ནི་གང་ཡིན་ངོས་འཛིན་པའི་སླད་དུ་ཡིན་ཞིང་། བོད་གཞུང་ཞེས་པའི་མིང་དེས་ངོ་བོ་ཅི་ཞིག་མཚོན་མིན་ངེད་གཉིས་ཀར་དྲི་བ་ཡོད་མི་སྲིད་པས་གནད་ཤིན་ཏུ་ཆེ། མ་ཟད་དབྱིན་ཡིག་ཏུ་མིང་ཞིག་དང་བོད་ཡིག་ཏུ་མིང་གཞན་ཞིག་འདོགས་དགོས་ན་ཁྱེད་ལ་འགྲིག་ཀྱང་། ཁུངས་ཇི་ཙམ་དུ་འཁྱོལ་ལམ། དགོས་པ་གོང་སྨོས་ཀྱིས་གྲུབ་པས་ཚིག་ཚོགས་བསྒྲིག་པས་ཅི་བྱ། དྲི་བ་བཞི་པར་ (༸གོང་ས་མཆོག་གིས་བོད་ཡིག་ཙམ་གྱི་ཐོག་ཏུ་ཡང་། བོད་གཞུང་ཟེར་བ་གཏན་ནས་འདོགས་མི་རུང་བར་དུས་ནམ་ཞིག་ལ་གསུངས་ཡོད་དམ་) གསུངས་པའི་ཐད། སྔ་ཕྱིའི་བཀའ་སློབ་རིམ་པར་ཕེབས་ཀྱང་གསལ་ཤོས་ཤིག་ཉེ་དུས་རང་ལ་དྭགས་སུ་གསུངས་འདུག་པས་ཐེངས་གཅིག་རང་གསན་པར་མཛོད། དྲི་བ་ལྔ་པར་ (གལ་ཏེ་ཡོད་ན་ཡིག་ངག་གང་རུང་གི་ཐོག་ཏུ་གསུངས་པ་ར་སྤྲོད་གནང་ཐུབ་མཁན་ཡོད་དམ་) གསུངས་པའི་ཐད་དྲི་བ་བཞི་པའི་ལན་གྱིས་འཐུས་པར་བྱ།
གཞན་ཡང་སྐུ་ཉིད་ཀྱིས་དབྱིན་ཡིག་ཐོག་ (Council of Tibet in Exile) ཞེས་པ་གངས་ཅན་བོད་ཀྱི་སྐུ་ཚབ་ཅེས་སྐུ་ངལ་མང་པོ་བསྐྱོན་ཏེ་བཙལ་རྙེད་ཐུབ་པ་ཤིན་ཏུ་ལེགས་ཀྱང་། དེ་ཡང་ཅང་ཅང་ཞིག་སྟེ། དབྱིན་ཡིག་ཤེས་པ་སུས་ཀྱང་དེ་ཉིད་བཀླག་པས་གཞུང་གི་གོ་བ་མི་རྙེད་ལ། བོད་སྐད་སྨྲ་བ་ཀུན་གྱིས་བོད་ཀྱི་སྐུ་ཚབ་ལ་བོད་གཞུང་དུ་གོ་མི་སྲིད་པས་དོན་མེད་ཀྱི་སྐུ་ཚེགས་མྱངས་པས་ཅི་བྱ། དོན་དམ་པར་སུ་ཞིག་ལ་མ་འདོད་པར་རང་གིས་འབད་པས་བཙལ་ཡང་བབ་ས་དེ་རང་ལས་མི་འདུག་སྟེ། རྨོ་རྨོ་བག་ལེབ་འཚོང་མཁན་གྱི་རྣམ་ཐར་རང་དུ་ཕྱིན་མི་འདུག་གམ།
ང་ནི་རྨོངས་དད་ཅན་ཞིག་གམ་ཨུ་ཚུགས་ཅན་ཞིག་སྟེ། ངས་ནི་༸གོང་ས་མཆོག་དང་བཙན་བྱོལ་ནང་གི་གནད་ཡོད་ཅན་དང་ཆེད་མཁས་པ་དག་གིས་བསམ་ཞིང་གྲོས་པ་ལས་བྱུང་བའི་ཐ་སྙད་དེ་རང་འཐད་པར་མཐོང་ལ། ཁོང་ཅག་ནི་ཚེ་གང་པོར་ཆབ་སྲིད་ཀྱི་འགག་འཕྲང་མང་པོ་བརྒྱུད་དེ་ཕེབས་ཤིང་། བོད་དང་དེའི་མ་འོངས་པ་ནི་ཁོང་ཅག་གི་འབད་ས་དམིགས་ས་རང་དུ་མཐོང་བས། ཁོང་ཅག་གི་ཐག་གཅོད་ནོར་མི་ཆོག་ལ་ནོར་མི་སྲིད་པ་རང་དུ་འདོད་ཀྱིན་ཡོད་ན། སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན། དགོངས་འགལ་ཡེ་ནས་མེད་པ་ཞུ།། །། ཤོག་ངོས་འདི་ཐེངས་ ༡༩༠༥ ལ་བཀླགས་འདུག
| རིག་པ་འདོན་པ། |
འཇིགས་མེད་སེངྒེ་། ༢༠༡༢/༠༨/༣༠ ཉིན་འདོན་སྤེལ་བྱས། |
གྲ་ཕྱི་བུ།
ཁྱོད་ཀྱིས་དེ་ལྟར་བཤད་པ་ལས་ཁྱེད་ལ་ལན་ཡང་དག་ཞིག་ག་ལ་ཡོད།
༧གོངས་ས་མཆོག་གིས་ཆབ་སྲིད་ལས་རྒན་ཡོལ་གནང་ཟིན་པ་ཙམ་ཡང་མ་མཁྱེན་པ་རེད་དམ། ཁྱེད་སེམས་ཐོག་ནས་བུད་པ་ཡིན་རྒྱུ་རེད།
བཤད་རྒྱུ་མེད་ན་མི་ཁོམ་པའི་སར་འཇོག་པ་ལས་ཅི་བྱེད། ཧ་ཧ་ཧ། |
གྲ་ཕྱི་བུ། ༢༠༡༢/༠༨/༣༠ ཉིན་འདོན་སྤེལ་བྱས། |
འཇིགས་མེད་སེང་གེ་ལགས། ཁྱེད་ཀྱིས་གསུངས་པའི་ཆབ་སྲིད་པ་སྐྱོན་ཅན་དེ་སུ་ཡིན་ནམ། ཕལ་ཆེན་༸གོང་ས་མཆོག་ཡིན་རྒྱུ་རེད་ལ་་་་་་དེ་ཡིན་ན་ངས་ཁྱོད་ལ་ལན་ཅི་ཡང་མེད། ལན་བྱེད་ཁོམས་ཀྱང་མེད་་་་་་ |
རས་པ། ༢༠༡༢/༠༨/༣༠ ཉིན་འདོན་སྤེལ་བྱས། |
ངས་བསམ་ན་གཡུལ་རྒྱལ་ལྷུན་རྩེ་ནས་བཙན་བྱོལ་དུ་ཡོང་བའི་གཞུང་དེ་བཙན་བྱོལ་གཞུང་ཞིག་ཡིན་པ་རྩོད་པ་མེད་པ་རེད། འདི་ངོ་སྤྲོད་དགོས་ཀྱི་རེད། འདི་གནད་འགག་ཅིག་རེད་བསམ་གྱི་འདུག་ལ་རྩ་དོན་དང་ཐད་གར་འབྲེལ་བ་ཡོད་པ་ཞིག་ཀྱང་རེད་བསམ།
གཉིས་པ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མིང་འདི་རེད། དབྱིན་ཡིག་གི་སྟེང་དུ་Tibetan ཞེས་པ་"བོད་མི་"དང་"བོད་ཀྱི་"གཉིས་ཆར་འགྲོ་བའི་གོ་དོན་ཡོད་འདུག་སྟེ། དཔེར་ན་ Tibetan Culture ཞེས་པ་ལྟ་བུར་མཚོན་ན་བོད་ཀྱི་ཞེས་འབྱུང་དགོས་པས་ང་ཚོས་"དབུས་བོད་མིའི་སྒྲིག་འཛུགས་"ལས་"བོད་ཀྱི་སྒྲིག་འཛུགས་"ཞེས་སུ་བོས་ན་ཧ་ཅང་འཐད་ལྡན་ཡིན་པར་འདོད། དེའི་དབུ་རུ་རབ་བྱུང་ན་"བཙན་བྱོལ་"འདི་སྦྱར་དགོས་པར་འདུག "བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་"ཞེས་པའི་མིང་འདི་སྦྱར་ཐུབ་པ་ཡིན་ན་གཞུང་གི་ངོ་བོ་དང་། ཧ་ཅང་ཐག་ཉེ་བར་སེམས་ཏེ་རིགས་སྒྲུབ་བྱས་ཚེ་"བོད་"ཅེས་པས་མི་རིགས་ཤིག་དང་དེ་སྔའི་རྒྱལ་ཁབ་ཅིག་མཚོན་པའི་བརྡ་དོན་ཤུགས་ཆེ་ཞིང་། དེས་སྣེ་དྲངས་པའི་སྒྲིགས་འཛུགས་འདི་ཆུང་ཆུང་ཞིག་ཁྱོན་ནས་མིན་པའང་ཚོར་ཐུབ་རྒྱུ་རེད། དཔེ་བཞག་ནས་བཤད་ན། དེི་སྔའི་ཨེ་ཤ་ཡའི་རྒྱལ་འདུས་ཚོགས་ཆེན་གྱི་སྟེང་དུའང་བོད་ཅེས་བྲིས་ཡོད་པ་དེས་བོད་རྒྱལ་ཁབ་མཚོན་གྱི་ཡོད་པ་རེད། རྒྱལ་ཁབ་ཀྱི་སྒྲིག་འཛུགས་དེ་བཙན་བྱོལ་ལ་ཡོང་ཡོད་པའི་གོ་བརྡ་སྤྲོད་པར་"བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་ | |