དྲ་ཚིཊ་བཟོ་བར་ཐོག་མར་ཤེས་དགོས་པའི་གནད་དོན་བཞི།འདོན་སྤེལ། ༢༠༡༢/༠༩/༡༠ རཱོ་མན་ཇེ་ལིན་ཀིས་བརྩམས། རིགས་སློབ། རིན་ཆེན་དབང་རྒྱལ་གྱིས་བསྒྱུར།
གཅིག སྦྱང་བྱ་མང་དུ་ཡོད་པ།
གལ་ཏེ་ཁྱེད་ཀྱིས་རྩོམ་ཡིག་འདི་ཀློག་གིན་ཡོད་ཚེ་ཕལ་ཆེར་རང་ཉིད་ལ་དྲ་ཚིགས་ཤིག་མེད་པའམ་ཡང་ན་དྲ་ཚིགས་བཟོ་སྐྲུན་བྱེད་སྟངས་ཕྱོགས་ཙམ་ལས་ཤེས་ཀྱི་མེད་མཁན་ཞིག་ཡིན་སྲིད། དྲ་ཚིགས་མང་པོ་ཞིག་ལ་ལྟ་ཀློག་བྱས་མྱོང་ནའང་རང་ཉིད་ལ་དབང་བའི་དྲ་ཚིགས་ཤིག་ད་དུང་བཟོས་མྱོང་མེད་པས་བཟོ་ཨེ་ཤེས་ན་བསམ་པའི་དངངས་འཚབ་ཅུང་ཟད་ཡོད། ཁྱེད་ཀྱིས་དྲ་ཚིགས་བཟོ་བར་ཚོད་ལྟ་བྱས་ཡོད་ལ་དེས་ཁྱེད་ཀྱི་སེམས་ལ་དངངས་འཚབ་ཅུང་ཟད་བསླངས་ཡོད། ཡང་ན། ཁྱེད་གློག་ཀླད་རིག་པའི་སྤྱིའི་ཤེས་བྱ་ཤེས་མཁན་ཞིག་ཡིན། ཚིག་གི་ལས་སྣོན་བྱེད་སྟངས་དང༌། དྲ་རྒྱའི་ནང་དུ་གནས་ཚུལ་སྣ་ཚོགས་འཚོལ་ཞིབ་བྱེད་ཐུབ་མཁན་ཞིག་ཡིན། ལྷག་པར་དུ་ཁྱེད་ཀྱིས་ཨེ་མཱ་ཛོན་དྲ་ཐོག་ཚོང་ཁང་ནས་དེབ་མངགས་ཉོ་བྱེད་མྱོང་ཡོད། འོན་ཀྱང༌། རང་ཉིད་ཀྱིས་དྲ་ཚིགས་བཟོ་ཤེས་པ་ནི་ད་དུང་ཐག་རིང་ཞིག་ཡིན།
དྲ་ཚིགས་བཟོ་བ་ནི་སྙིང་རུས་ཆེར་སྐྱེད་ཀྱིས་སྦྱོང་དགོས་པའི་ཤེས་བྱ་ཞིག་ཡིན་ཞིང་དེ་ལ་སྦྱང་བྱའི་རིགས་ཤིན་ཏུ་མང༌། ཁྱོད་ཀྱིས་གློག་ཀླད་རིག་པའི་བརྡ་ཆད་བསྡུས་ཚིག (HTML, CSS, HTTP, RSS, SEO) འདི་དག་ཐོག་མར་མཐོང་སྐབས་དེ་རྣམས་ཁྱོད་ལ་གསར་རྐྱང་གི་བརྡ་ཆད་ཤ་སྟག་ཡིན་པས་མིག་ལ་ངལ་བ་ཚོར་སྲིད། བྱ་བ་གང་ལའང་ཐོག་མར་འཇུག་སྐབས་དངངས་སྐྲག་ཅུང་ཟད་རེ་ཡོད་པས་ཁྱོད་ཀྱིས་བརྡ་ཆད་འདི་དག་ཐོག་མར་སྦྱོང་སྐབས་ཀྱང་སློབ་ཆུང་སློབ་མ་ཞིག་དང་འདྲ་བའམ་ཡང་ན་ལས་ཀ་ལ་ཐོག་མར་འགྲོ་མཁན་གྱི་སློབ་འཐོན་པ་ཞིག་དང་འདྲ་བར་སེམས་ལ་དངངས་སྐྲག་ཅུང་ཟད་ཡོད། ད་དུང་དེ་དང་དེའི་རྗེས་སུ་གང་བྱེད་དགོས་མིན་མ་ཤེས་པར་སྦྱོང་འདོད་ཀྱི་ཚོར་བ་ཡོངས་སུ་བརླག་སྲིད། འོན་ཀྱང་ཐུགས་ཁྲལ་མ་བྱེད། དེ་ནི་བརྡ་ཆད་འདི་དག་སྦྱོང་མཁན་ཀུན་ལ་འཕྲད་སྲིད་པའི་སྤྱི་ཡོངས་ཀྱི་གནད་དོན་ཞིག་རེད། ཉིས་སྟོང་དགུའི་ཟླ་བ་བཅུ་པར་ང་ཡང་ཁྱོད་དང་འདྲ། སྐབས་དེར་ངས་གློག་ཀླད་ནང་དུ་འཕྲིན་ཡིག་འབྲི་བ་དང་གསར་འགྱུར་ལ་ལྟ་ཀློག་བྱེད་ཤེས་པ་ཙམ་ལས་དྲ་ཚིགས་བཟོ་སྟངས་སྐོར་གང་ཡང་ཤེས་ཀྱི་མེད་ལ། ལྷག་པར་དུ་སྦྱོང་གཞིའི་ཤེས་བྱར་གསར་རྐྱང་གི་ཐ་སྙད་དང༌། ལམ་སྟོན། སྦྱོང་ཚུལ། མཉེན་ཆས། བགྲོ་གླེང༌། ཟིན་བྲིས། དྲ་ཚིགས། དེབ་སོགས་ཧ་ཅང་མང་དྲགས་པའི་ཚོར་སྣང་སྐྱེས་པ་ད་ལྟའང་དྲན་གྱི་འདུག དེ་ནི་ང་ཤིན་ཏུ་ཆེ་བའི 747 རྟགས་ཅན་གྱི་རླངས་འཕྲུལ་གནམ་གྲུའི་ཁ་ལོ་བའི་ཁང་མིག་ཏུ་བསྡད་དེ་ད་གནམ་གྲུ་འཕུར་ཅིག་ཟེར་བ་དང་འདྲ།
ཐོག་མར་དྲ་ཚིགས་བཟོ་སྐབས་མཚམས་རེར་མགོ་འཐོམ་པ་དང་ལན་རེར་ནོར་ཏེ་རང་ཉིད་ལ་གླེན་རྟགས་ཀྱི་དྲི་བ་དེ་འདྲ་ཡང་འདྲི་མི་སྲིད་པ་མིན། འོན་ཀྱང༌། དེ་ནི་དྲ་ཚིགས་ལག་རྩལ་པ་ཀུན་ལ་བྱུང་མྱོང་ཞིང་ང་ལའང་དེ་ལྟར་བྱུང༌། གལ་ཆེ་བ་ནི་གསང་བའི་བརྡ་ཆད་འདི་དག་སྦྱོང་སྐབས་གནས་ཚུལ་མང་པོར་རྒྱུས་ལོན་བྱེད་དགོས་པ་དག་གིས་དངངས་སྐྲག་ནམ་ཡང་སྐྱེ་རུ་འཇུག་རྒྱུ་མེད། ཆུང་ས་ནས་མགོ་བཙུགས་ཏེ་ལུས་པོ་འཁྱར་འཁྱོར་གྱིས་གོམ་པ་སྤོ་དགོས། གལ་ཏེ་གློག་ཀླད་སྐད་བརྡ་རིག་པ་ཆ་ཚང་བ་ཞིག་མ་ཤེས་ཀྱང་སྐྱོན་མེད། ཐོག་མར་དེའི་སྐོར་གྱི་རྩོམ་ཡིག་ཉུང་ངུ་རེ་ཀློག་པ་དང་སྦྱོང་བརྡར་དྲ་བརྙན་ལ་བལྟ་བ་སོགས་བྱས་ཏེ་གློག་ཀླད་རིག་པའི་ཤེས་བྱའི་ལྡུམ་རྭའི་ནང་དུ་འགྲུལ་བཞུད་བྱེད་དགོས། ག་ལེར་ཉུང་ངུ་རེ་ཤེས་པར་བྱེད་དགོས་པ་ལས་ཆུ་ཚོད་གཅིག་གི་ནང་དུ་ཅི་ཡང་ཤེས་མི་སྲིད། དུས་ཚོད་ཕུད་དེ་སྦྱོང་བརྡར་བྱོས། སྦྱོང་འདོད་ཀྱི་ཚོར་བ་ཆེར་སྐྱེད་ཀྱིས་དུས་ཚོད་ཐུང་ངུའི་ནང་ཅུང་ཟད་རེ་ཤེས་པར་གྱིས། ཐོག་མར་དྲ་ཤོག་གཅིག་རྐྱང་ཅན་ཞིག་ཁ་ཕྱེ་སྟེ་ཡིག་རིས་སྦྲེལ་མཐུད་དང༌། པར་རིས་ཁ་སྣོན། ཡིག་གཟུགས་ཕྲ་སྦོམ་ཅན་དུ་གཏོང་བ་སོགས་ནས་མགོ་འཛུགས་དགོས། ངས་གློག་ཀླད་ཤེས་བྱའི་སྐོར་གྱི་སློབ་ཚན་སྦྱོང་བར་འཛིན་གྲྭ་གཅིག་ཀྱང་འགྲོ་མྱོང་མེད། དྲ་ཚིགས་འདི་མ་བཟོས་པའི་སྔོན་དུ་ང་དྲ་ཚིགས་བེད་ |