ཐ་སྙད་གསར་བཟོ་མ་ཐུབ་ན་བོད་སྐད་ཟ་སྐད་འཐུང་སྐད་ནང་ལྷག་འགྲོ།འདོན་སྤེལ། ༢༠༡༠/༠༧/༠༡ བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་འཛོད་ཅེས་པ་འདི་ནི། བོད་ཆོལ་ཁ་གསུམ་མམ་ལྗོངས་དང་ཞིང་ཆེན་ལྔའི་དམངས་ཁྲོད་ནས་སེར་སྐྱ་གཉིས་ཀ་མཉམ་དུ་འཛོམས་ཏེ། སྐད་རིགས་གཉིས་སམ་གསུམ་ལ་བྱང་བའི་སྒྲ་སྒྱུར་པ་ལྔ་བཅུ་ལྷག་གིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ལོ་ཧྲིལ་བོ་གསུམ་ཀྱི་རིང་ལ་དབྱར་དགུན་ལྟོས་མེད་དུ་འབད་ཅིང་གྲུབ་པར་བྱས་པ་ཡིན་ལ་འདིར་ཁྱོན་ཐ་སྙད་ ༡༠༠༠༠ ལྷག་ཡོད་ཟེར།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་གངས་སྐྱིད་ཁ་པ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ཚོགས་ཁང་གསར་པའི་ནང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཙོ་འགན་རྩོམ་སྒྲིག་འོག བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་མཁས་དབང་ལྔ་བཅུ་ལྷག་གིས་ཐ་སྙད་གསར་པ་གཏན་འབེབས་དང་གསར་བཟོ་གནང་བའི་ཚིག་མཛོད་༼ རྒྱ་བོད་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད ༽ ཅེས་པའི་དཔེ་དེབ་དེ་བསྐྱར་དཔར་གྱི་ཆོག་མཆན་འོག་དབུ་འབྱེད་གནང་ཡོད། སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་ཆོག་དང་དམིགས་བསལ་སྐུ་མགྲོན་དུ་བོད་གཞུང་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་དང་། བརྡ་ཆད་གཏན་འབེབས་ལས་འཆར་ཚོགས་ཆུང་གི་འགན་འཛིན་གཅིག་ལྕོགས་ཀརྨ་སྨོན་ལམ་ལགས་ཕེབས་འདུག མིང་མཛོད་གསར་པ་འདིའི་མཇུག་བྱང་དུ། "བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་འཛོད་ཅེས་པ་འདི་ནི། བོད་ཆོལ་ཁ་གསུམ་མམ་ལྗོངས་དང་ཞིང་ཆེན་ལྔའི་དམངས་ཁྲོད་ནས་སེར་སྐྱ་གཉིས་ཀ་མཉམ་དུ་འཛོམས་ཏེ། སྐད་རིགས་གཉིས་སམ་གསུམ་ལ་བྱང་བའི་སྒྲ་སྒྱུར་པ་ལྔ་བཅུ་ལྷག་གིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ལོ་ཧྲིལ་བོ་གསུམ་ཀྱི་རིང་ལ་དབྱར་དགུན་ལྟོས་མེད་དུ་འབད་ཅིང་གྲུབ་པར་བྱས་པ་ཡིན་ལ། འདིར་ཁྱོན་ཐ་སྙད་ ༡༠༠༠༠ ལྷག་ཡོད" ཅེས་བཀོད་འདུག
མཛད་སྒོའི་ཐོག་མར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་དང་བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན། སྤྱིར་ང་ཚོ་སྒྲིག་འཛུགས་ཆུང་ཆུང་ཞིག་གིས་ཤེས་རིག་བཀའ་བློན་མཆོག་གདན་འདྲེན་ཞུ་བའི་སྤོབས་པ་མི་འདུག་མོད། དེ་རིང་ང་ཚོས་དབུ་འབྱེད་བྱ་རྒྱུའི་མིང་མཛོད་འདི་བོད་ནང་གི་མཁྱེན་ཡོན་ལྷག་བསམ་ཅན་མང་པོ་ཞིག་གིས་འདས་པའི་ལོ་མང་རིང་དཀའ་ལས་བརྒྱབ་སྟེ་བསྒྲིགས་པའི་དཔེ་དེབ་ཅིག་ཆགས་ཡོད་སྟབས། ཁོང་རྣམ་པར་ཆེ་བསྟོད་དང་གུས་འདུད་མཚོན་ཕྱིར་བཀའ་བློན་ཁོང་གདན་ཞུ་བྱས་པ་ཡིན། དཔེ་དེབ་འདི་ལ་མཚོན་ན། ཐ་སྙད་གསར་པའི་རིགས་མང་པོ་ཞིག་ཕྱོགས་སྒྲིག་བྱས་འདུག སྔོན་མ་བོད་ཀྱི་ཆོས་རྒྱལ་ལོ་པཎ་རྣམ་པའི་བཀའ་དྲིན་ལ་བརྟེན་ཏེ། བོད་སྐད་ནང་ནང་པའི་གཞུང་ལུགས་གཙོས་པའི་བརྡ་དང་ཐ་སྙད་འབལ་འབལ་ལྷུག་ལྷུག་ཡོད་ཀྱང་། དུས་རབས་ཉེར་གཅིག་སླེབས་སྐབས། ཕྱི་དངོས་པོའི་ཡར་རྒྱས་ཀྱི་དབང་གིས་ང་ཚོའི་སྔོན་མའི་མིང་ཚིག་གིས་མ་འདང་བའི་དཀའ་ངལ་ཞིག་ཡོང་གིན་ཡོད་པ་རེད། འདིའི་ཐད་སྔོན་མ་ནས་བཙན་བྱོལ་བོད་གཞུང་གིས་དགོངས་པ་ཆེན་པོ་བཞེས་ཏེ་ཕྱག་ལས་གནང་གིན་ཡོད་པ་རེད། བོད་ནང་ནས་ཀྱང་མདོ་དབུས་ཁམས་གསུམ་གྱི་ཤེས་ཡོན་དང་ལྷག་བསམ་ཡོད་མཁན་མང་པོ་ཞིག་གིས་དགོངས་པ་ཆེ་བཞེས་ཀྱིས་ཕྱག་ལས་གནང་མུས་རེད། བཙན་ |