ཁྱིམ་རྒྱུད་གཅིག་ནས་མི་དྲུག་པ་དེ་འཇུས་སོང་།འདོན་སྤེལ། ༢༠༡༠/༠༧/༠༩
ཕྱི་ཚེས་ ༩ ཉིན་ནགས་ཤོད་རིག་རལ་གྱིས་འོད་ཟེར་དྲ་ཚིགས་ནས་སྒྲོལ་དཀར་མཚོ་མོས་བྲིས་པ་ཞིག་ཁ་བརྡ་དྲ་ཚིགས་སྟེང་སྒྱུར་འགོད་བྱས་པ་ལྟར་ན། ཕྱི་ཚེས་ ༥ ཉིན་གྱི་མཚན་མོར་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་རང་ལོ་ ༣༠ ཡིན་པའི་བོད་ཡིག་དགེ་རྒན་བཀྲ་ཤིས་སྟོབས་རྒྱལ་ལགས་འཇུས་འདུག་ལ། ད་ལྟའི་ཆར་ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཟེར། ཁོང་འཇུས་ཉིན་ནི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་སྔ་ཉིན་ཏུ་འཁེལ་འདུག
སྒྲོལ་དཀར་མཚོ་མོས་ཟིན་བྲིས་སུ་བཀོད་དོན། བཀྲ་ཤིས་སྟོབས་རྒྱལ་གྱི་གཅུང་མོ་མིག་ཆུས་གདོང་པ་བརླན་བཞིན་དུ་ང་འཚོལ་བར་སླེབས་བྱུང་། ད་ནངས་ཞོགས་པ་ལྷ་ས་ན་ཡོད་པའི་ནུ་བོས་མོ་ལ་གློ་བུར་དུ་ཁ་པར་བཏང་བ་དང་། ལྷིང་ལ་གཞུང་དྲང་བའི་ཁོང་ཚོའི་ཕུ་བོ་བཀྲ་ཤིས་སྟོབས་རྒྱལ་འབོད་པའི་བོད་ཡིག་དགེ་རྒན་དེ་ཉིད་ཁ་ནུབ་མཚན་མོར་ཉེན་རྟོག་པ་བཅུ་གྲངས་འགའ་རེས་འཁྲིད་སོང་ཟེར། ད་ལྟ་ཁོང་རང་གང་དུ་ཡོད་དམ། སུ་ཞིག་གིས་ཀྱང་ཧ་གོ་མཁན་མེད། འཛིན་བཟུང་ལག་ཁྱེར་ཡོད་དམ། སྔར་རྒྱུན་བཞིན་ག་ལ་ཡོད། ང་རང་ཧང་ཅུང་ཟད་སངས་བྱུང་ལ་འཚབ་ཤ་ཡང་ལངས་བྱུང་། འདི་ནི་མི་དྲུག་པ་ལ་བབས་པ་རེད། ཅེས་དང་།
ཡང་ཟིན་བྲིས་དེའི་ནང་མུ་མཐུད་དེ་གསལ་དོན། བཀྲ་ཤིས་སྟོབས་རྒྱལ་ནི་རིན་ཆེན་རྡོ་རྗེའི་ཕ་གཅིག་པའི་ནུ་བོ་རེད། ཁོང་ནི་གར་སོང་ཆ་མེད་དུ་གྱུར་པའི་ཕུ་བོ་རིན་ཆེན་རྡོ་རྗེ་འཚོལ་བཞིན་པའི་སྒང་ཡིན་མོད། ད་ལྟ་ཁོང་རང་ཡང་འདི་ལྟར་བོར་བ་རེད། སྐྱི་གཡའ་དགོས་པའི་གྲིབ་ནག་འདི་ལྟར་མཆེད་བཞིན་ཡོང་ན། འདི་ལ་མཐའ་དང་མུ་ཞིག་ཡོད་སྲིད་དམ། ཁོང་གི་ནུ་བོས་ཟེར་ན། བཀྲ་ཤིས་སྟོབས་རྒྱལ་ནི་ཁ་ནུབ་མཚན་མོ་མི་མང་པོ་ཞིག་གིས་འཁྲིད་ཕྱིན་པ་དང་། མི་དེ་དག་ནང་དུ་སླེབས་དུས་གཅིག་གིས་ཅ་དངོས་གང་ཞིག་ཉལ་ཁྲིའི་འོག་ཏུ་སྦས་སྐབས་ཏག་ཏག་ཁོང་གི་བཟའ་ཟླས་མཐོང་བ་མ་ཚད། དེ་ང་ཚོའི་ནང་གི་མ་རེད། ཁྱོད་ཚོས་ག་རེ་ཁྱེར་ཡོད་ཀྱང་ང་ཚོའི་ནང་ལ་ཁ་དཀྲིས་འདོགས་ས་མ་འཇོག་ཅེས་བཤད་འདུག མི་བཅུ་གྲངས་དེ་དག་གིས་མུ་མཐུད་ཁང་པའི་ནང་དུ་ཕར་སྔོག་ཚུར་སྔོག་བྱས་པ་དང་། མཐའ་མར་གང་ཡང་མ་རྙེད་པར་ལག་སྟོང་འབྲས་མེད་དུ་གྱུར་མོད། བཀྲ་ཤིས་སྟོབས་རྒྱལ་ཟེར་བའི་མི་འདི་འཁྲིད་འགྲོ་བ་ལ་ཐེ་ཚོམ་སྤུ་ཙམ་མི་འདུག ཁོང་གང་དུ་འཁྲིད་ཕྱིན་ཡོད་དམ། རྒྱུ་མཚན་གང་གིས་འཁྲིད་ཕྱིན་པ་ཡིན་ནམ། སྔར་བཞིན་མ་ཉེས་ཁག་གཡོགས་ཀྱི་ཉེས་པ་ཞིག་གི་འོག་ཏུ་སྡུག་སྦྱོང་མནར་གཅོད་གཟེད་དགོས་པ་ཡིན་ནམ།
ཁྱིམ་རྒྱུད་འདིའི་མནའ་མ་ཞིག་གི་ངོས་ནས་བཤད་ན། ངས་གདོང་གིས་བསུ་དགོས་པ་ནི་ཁྱིམ་ཚང་འདིའི་ནང་གི་གྲངས་མང་བའི་རྒན་འཁོགས་དང་བྱིས་པ་རེད། ངོ་མ་ངས་འབྲས་སྐྲན་གྱི་ནད་འབུ་ལྟར་ཉིན་བཞིན་མཆེད་ཡོང་བའི་འཇིགས་སྐུལ་དང་སྐྲག་སྣང་འདི་དག་གིས་ང་ཚོ་ལ་གང་ཞིག་ཁྱེར་འོང་བ་ཤེས་ཀྱི་མི་འདུག་ལ། འཇིག་རྟེན་འདི་རུ་སྒྲུང་གང་འདྲ་ཞིག་བསྐྲུན་སྲིད་པ་ཡང་ད་ལྟ་ཚོད་དཔག་ཐུབ་ཀྱི་མི་འདུག
བུ་མོས་ང་ལ། ཨ་མ། ངའི་སྐྱེས་སྐར་ཟིན་གྲབས་འདུག ཨ་ཕས་ང་ལ་ལག་རྟགས་ཉོས་ནས་སྐྱེས་སྐར་མཉམ་དུ་རོལ་བའི་ཁ་ཆད་བྱས་ཡོད་པས། ཁྱེད་ཀྱིས་ཡིན་གཅིག་ཁོང་རང་ལོག་ཤོག་ལབ་ཨ་ཟེར།
འོ་ཡ། ཨ་མས། ང་ཚོས་འཇིག་རྟེན་འདི་ལ་འདི་ལྟར་བརྗོད་པར་བྱེད། ཨ་ཕ་དང་ཨ་ཁུ། ཨ་ཞང་ཚོ་ངེས་པར་དུ་སྔ་ཙམ་ནང་དུ་ལོག་གཏོང་རོགས། ཞེས་ཟིན་བྲིས་སུ་སྤེལ་འདུག
ཀརྨ་བསམ་གྲུབ་ཚང་ནས་འཛིན་བཟུང་བྱས་པའི་མི་བུ་དྲུག་ནི། རང་ལོ་ ༤༥ ཡིན་པའི་རིན་ཆེན་བསམ་གྲུབ། ཀརྨའི་གཅེན་པོ། ཁོར་ཡུག་སྲུང་སྐྱོབ་པ། ཁོང་གིས་དྲ་ཚིགས་ངོས་སུ་༸གོང་ས་མཆོག་དང་འབྲེལ་བ་ཡོད་པའི་རྩོམ་ཞིག་བརྒྱུད་འགོད་བྱས་པའི་དབང་གིས། ༢༠༠༩ ལོའི་ཟླ་ ༨ པར་འཇུས་པ་དང་ད་ཆ་བཙོན་ཆད་ལོ་ ༥ བཅད་ཡོད། རང་ལོ་ ༤༢ ཡིན་པའི་ཀརྨ་བསམ་གྲུབ། རིག་དངོས་གཅེས་ཉར་པ་དང་ཁོར་ཡུག་སྲུང་སྐྱོབ་པ། གནའ་དུར་ལྐོག་སྔོག་གི་ཉེས་པ་ཟེར་བ་མ་ཉེས་ཁ་གཡོགས་འོག་ ༢༠༡༠ ལོའི་ཟླ་དང་པོར་འཇུས་པ་དང་ད་ཆ་བཙོན་ཆད་ལོ་ ༡༥ བཅད་ཡོད། རང་ལོ་ ༤༠ ཡིན་པའི་འཆི་མེད་རྣམ་རྒྱལ། ཀརྨའི་གཅུང་པོ། ཞིང་པ་དང་ཁོར་ཡུག་སྲུང་སྐྱོབ་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ནག་ཉེས་ལ་ཁག་དཀྲིས་ནས་ ༢༠༠༩ ལོའི་ཟླ་ ༨ པར་འཇུས་པ་དང་ངལ་རྩོལ་བསྒྱུར་བཅོས་ལོ་ ༡ དང་ཟླ་བ་ ༩ བྱེད་པའི་ཁྲིམས་ཐག་བཅད་ཡོད། རིན་ཆེན་རྡོ་རྗེ། ཀརྨའི་སྲུ་མོའི་བུ། ཀརྨ་དང་ན་ཟླའི་ཚོད་རེད། དགེ་འདུན་པ། ཀརྨ་ཤིན་ཅང་དུ་འགྲོ་དུས་སྐད་སྒྱུར་བྱེད་མྱོང་ཡོད། ༢༠༡༠ ལོའི་ཟླ་ ༣ པར་འཇུས་པ་དང་མིག་སྔར་འཆི་གསོན་གོ་རྒྱུ་མེད་ལ་གར་སོང་ཆ་མེད་རེད། རང་ལོ་ ༦༠ ཙམ་ཡིན་པའི་བསོད་ནམས་ཆོས་འཕེལ། ཀརྨའི་ཨ་ཁུའི་བུ། ཞིང་པ། གོང་གཏུག་སྒྲིག་འཛུགས་བྱས་པའི་དབང་གིས་ ༢༠༡༠ ལོའི་ཟླ་ ༣ པར་འཇུས་པ་དང་ངལ་རྩོལ་བསྒྱུར་བཀོད་ལོ་ ༡ དང་ཕྱེད་ཀ་བྱེད་པའི་ཁྲིམས་ཐག་བཅད་ཡོད། རང་ལོ་ ༣༠ ཡིན་པའི་བཀྲ་ཤིས་སྟོབས་རྒྱལ། ཀརྨའི་སྲུ་མོའི་ཟླ་བོའི་བུ། རིན་ཆེན་རྡོ་རྗེ་དང་ཕ་གཅིག་བུ་ |