གཞུང་འབྲེལ་མ་ཡིན་པའི་ཚོཊ་པ་ཁག་གི་འོས་བསྡུའི་ལྟ་ཚུལ།

དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ ༧ ནས་དབུས་འོས་བསྡུ་ལས་ཁུངས་ཀྱིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱིས་གསལ་བསྒྲགས་གནང་བ་ལྟར་ཇི་བཞིན་ལག་བསྟར་དགོས་ལ། འོས་བསྡུའི་ཆ་ཤས་ལེན་མཁན་ཚོས་ཀྱང་འོས་བསྡུའི་སྒྲིག་གཞིར་རྩི་བཀུར་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་བྱུང་

དབུས་འོས་བསྡུ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་ཐད། འོས་གཞིའི་སྐྱེས་བོ་དང་དེའི་རྒྱབ་སྐྱོར་བ་འོས་བསྡུའི་ཆ་ཤས་ལེན་སྟངས་ཀྱི་སྒྲིག་གཞི་དང་འགལ་བ་ཡིན་ན། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ ཡི་དགོངས་དོན་གཞིར་བཟུང་ཉེས་ཆད་གཅོད་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་སྟབས། དེའི་ཐད་འདི་གའི་གསར་ཁང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ ༧ ལ་དགོངས་ཚུལ་ག་རེ་ཡོད་བཅར་འདྲི་བྱེད་སྐབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ད་ལྟ་ང་ཚོས་ ༢༠༡༦ ལོའི་འོས་ཤོག་དེར་བལྟས་པ་ཡིན་ན་འོས་བསྡུ་ལས་ཁུངས་ལ་སྔོན་ཆད་སྒྲིག་གཞིའི་དེབ་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དམིགས་བསལ་དོན་ཚན་༢༤ ཡོད་པ་དེར་འགྱུར་བ་མང་པོ་ཞིག་བཏང་ཡོད་པ་དང་། དོན་ཚན་ ༢༥ ཡི་འོས་བསྡུའི་སྒྲིག་གཞི་དང་འགལ་བ་ཡིན་ན་ཉེས་ཆད་འདི་ཡོད་ཅེས་པ་དེ་ཁྲིམས་ཀྱི་འགྲོ་སྟངས་ཤིག་རེད། དང་པོ་ཁྲིམས་གཅིག་བཟོས་པ་དང་། དེ་ནས་ལོ་མང་པོ་ཞིག་སོང་རྗེས་སྤྱི་ཚོགས་ནང་གི་གནས་སྟངས་མང་པོ་ཞིག་ལ་འགྱུར་བ་འགྲོ་དུས། ཁྲིམས་མང་པོ་ཞིག་བསྐྱར་བཟོ་བྱེད་དགོས་པ་ཆགས་ཀྱི་རེད། ཁྲིམས་ཁ་ཤས་ཤིག་ཉུང་དྲགས་པ་དང་མ་འདེང་བ་ཞིག་ཆགས་ཡོང་དུས་དེའི་སྒང་ཐོལ་བ་འགྲེལ་བཤད་རྒྱག་རྒྱུ་ཆགས་ཡོང་གི་ཡོད་པ་རེད། སྔོན་མ་ཁོ་རང་ཚོའི་སྒྲིག་གཞིའི་ནང་ལ་ཉེས་པ་ཡོད་ལབ་ཡོད་པ་ལས་ཉེས་པ་ག་རེ་ཡོད་མེད་དེ་ཁ་གསལ་བོ་ཡོད་པ་མ་རེད། ད་ལྟ་ཁ་གསལ་བོ་བཟོས་འདུག་པ་དེ་ང་ཚོ་ལྟེ་གནས་ཁང་གི་ངོས་ནས་གོམ་པ་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཁྲིམས་ཞེས་པ་དེ་ག་དུས་ཡིན་ན་དུས་ཚོད་ཀྱིས་འགྱུར་བ་ལ་བརྟེན་ནས་བསྐྱར་བཟོ་བྱེད་དགོས་པ་དང་དམིགས་བསལ་ང་ཚོས་འོས་ཤོག་བླུག་པ་དེ། རྒྱལ་ཁབ་གཞན་དང་བསྡུར་ན་ང་ཚོར་ལུང་པ་མེད་པའི་ཐོག་དམངས་གཙོའི་ལམ་ལུགས་ཤིག་ལོ་མང་པོ་ཞིག་ལ་ལག་བསྟར་བྱས་ཡོད་པ་དང་། དེ་སྒྲིག་གཞིའི་སྟེང་འཁྱེར་ཡོང་སྟེ་ཕྱི་གསལ་ནང་གསལ་ཆགས་ནས་མི་གཅིག་ལ་འོས་ཐོབ་པ་ཡིན་ན། དངོས་གནས་དྲང་གནས་ཡིན་ལུགས་ཚུལ་མཐུན་གྱིས་ཐོབ་པ་དང་དེའི་རིགས་ལ་མི་མང་གི་ངོས་ནས་བལྟས་ནའང་གཙང་མ་དང་ཕྱི་གསལ་ནང་གསལ་བྱས་ནས་ཐོབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། དེར་འོས་ཐོབ་ནས་ཕྱག་ལས་གནང་སྐབས་ཀྱང་ཁྱད་པར་ཞིག་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་ལགས་ཀྱིས། ད་ལན་རྩ་བའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་ཞུས་པ་ཡིན་ན་སྐབས་ ༡༥ པ་དང་། སྲིད་སྐྱོང་སྐབས་ ༢ པ་ཆགས་ཡོད་པ་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་ ༡༦ པའི་འོས་བསྡུ་དེ་ང་རང་ཚོའི་འོས་བསྡུ་ལས་ཁུངས་ཀྱིས་གསལ་བསྒྲགས་གནང་བ་ལྟར། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡༨ ལ་སྔོན་འགྲོའི་འོས་བསྡུ་དང་། དེ་བཞིན་ ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༠ ཉིན་ལ་དངོས་གཞིའི་འོས་བླུག་དགོས་པ་ཞིག་ཆགས་ཡོད་པ་རེད། དེ་དམངས་གཙོའི་འགྲོ་སྟངས་ཀྱི་ཐོག་ནས་གལ་ཆེ་ཤོས་ཆགས་ཀྱི་ཡོད་སྟབས། འོས་བསྡུའི་ལས་རིམ་གྱི་ཐད་ལ་དབུས་འོས་བསྡུ་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བ་དེ་འགན་ཁུར་བའི་ཐོག་འོས་བསྡུའི་སྒྲིག་གཞི་ཡི་དགོངས་དོན་གཞིར་བཟུང་ཁྱབ་བསྒྲགས་གནང་པ་ཞིག་ལ་སོ་སོས་ངོས་འཛིན་ཞུ་བཞིན་ཡོད། དེའི་ནང་ལ་ཁྱབ་བསྒྲགས་ག་རེ་གནང་པ་ཡིན་ནའང་དབུས་འོས་བསྡུ་ལས་ཁུངས་ཀྱིས་ཕྱག་ལས་གནང་དགོས་པའི་རང་བཞིན་ཞིག་ཆགས་ཀྱི་ཡོད་པ་རེད་ལ། ལྷག་པར་དུ་ཁོ་རང་ཚོས་གསལ་བསྒྲགས་གནང་པ་དེ་འོས་བསྡུའི་ནང་ལང་མཁན་སུ་ཡིན་ནའང། དེའི་ཐོག་ལ་ཉམས་ཞིབ་གནང་དགོས་པ་དེ་གལ་ཆེན་རང་བཞིན་ཅན་ཞིག་ཆགས་དགོས་ཡོད་པ་སོ་སོས་ངོས་ནས་མཐོང་གི་ཡོད།

བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། ང་རང་ཚོའི་བོད་པའི་སྤྱི་ཚོགས་ནང་ལ་ད་ལྟའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་དེ་གལ་ཆེན་པོ་ཞེ་བོ་ཞིག་བརྩི་དགོས་ཡོད་པ་རེད། དེ་བཞིན་འོས་བསྡུ་ལས་ཁུངས་ནས་མར་བཀའ་ཁྱབ་གནང་པ་དེ། ང་ཚོ་བོད་པ་ཚང་མས་བརྩི་དགོས་ཡོད་པ་རེད་བསམ་གྱི་འདུག དེ་སྐབས་དང་དུས་ལ་འགྱུར་བ་གལ་ཆེན་པོ་ཞིག་གཏོང་དགོས་ཡོད་པས་འགྱུར་བ་བཏང་གནང་ཡོད་པ་རེད། དེར་ང་ཚོས་ཏན་ཏན་གཟིགས་ནས་ལག་བསྟར་གནང་དགོས་ཡོད་པ་རེད་བསམ་གྱི་ཡོད། གཙོ་བོ་ཁོ་རང་ཚོས་འགྱུར་བ་བཏང་བའི་གནད་དོན་ཁ་ཤས་ཡོད་པ་དེ་ཚོ་ཐུགས་བསམ་ཞེ་བོ་ཞིག་བཞེས། གྲོས་བསྡུར་ཞེ་བོ་ཞིག་གནང་ནས་འགྱུར་བ་གཏོང་དགོས་ཀྱི་འདུག་གསུངས་ཡོད་པ་རེད་བཱ། དེང་རང་ཚོའི་འོས་མི་སུ་དང་སུ་ཡིན་ནའང་མི་མང་ལ་མར་གཏམ་བཤད་གནང་དུས་སྒྲིག་འཛུགས་དང་མ་འགལ་བ་ཞིག་ལ་ཕེབས་དགོས་ཡོད་པ་རེད་བསམ་གྱི་འདུག

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས། དབུས་འོས་བསྡུ་ལས་ཁུངས་ཀྱི་ངོས་ནས་ ༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྒྲིག་གཞི་ཆ་ཚང་མར་གསལ་བསྒྲགས་གནང་ཚར་བ་རེད། འོས་མིའི་དཔལ་འབྱོར་གྱི་འགྲོ་སྟངས་ཐོག་ལ་ཚད་བཟོས་ཡོད་པ་རེད། དམིགས་བསལ་སྲིད་སྐྱོང་གི་དཔལ་འབྱོར་གཏོང་ཚད་ཐོག་ལ་འབུམ་ ༨ རེད། སྤྱིར་བཏང་སྲིད་སྐྱོང་གི་འོས་བསྡུའི་ཁྱབ་བསྒྲགས་ལ་འགྲོ་སོང་འབོར་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་རེད། འདིའི་ཐོག་ལ་དམིགས་བསལ་ང་རང་ཚོའི་འོས་བསྡུའི་འགྲོ་སྟངས་བྱེད་དུས་སྔོན་འགྲོ་དང་དངོས་གཞི་གཉིས་ཆགས་ཡོད་པ་རེད། སྔོན་འགྲོ་ལ་འོས་བསྡུ་ཁྱབ་བསྒྲགས་བྱེད་སྐབས་འགྲོ་སོང་འབོར་ཆེན་པོ་ཞིག་འགྲོ་ཚར་བ་དང་། དེ་བཞིན་དངོས་གཞི་ལ་ཡང་ཁྱབ་བསྒྲགས་མང་པོ་ཞིག་འགྲོ་བསྡད་ཡོད་པ་རེད། དཔལ་འབྱོར་གྱི་ཚད་གཞི་སྲིད་སྐྱོང་ལ་བཟོ་བ་དེ་ཏོག་ཙམ་ཉུང་དྲགས་པ་ཞིག་སོ་སོའི་ངོས་ནས་མཐོང་གི་འདུག སྤྱི་འཐུས་འདྲ་བོ་ཡིན་ན་དཔལ་འབྱོར་གྱི་ཚད་དེ་འབུམ་གསུམ་ཞིག་བཟོས་ཡོད་པ་རེད། དེ་ཕལ་ཆེར་ཏག་ཏག་འདེང་པ་ཞིག་དང་འོས་པ་འདྲ་བོ་ཞིག་མཐོང་གི་འདུག དེ་མིན་འོས་བསྡུའི་སྒྲིག་གཞིའི་ནང་ལ་སྒྲིག་གཞི་མང་པོ་ཞིག་ཡོད་པ་རེད། དེ་ཆ་ཚང་ལ་དབུས་འོས་བསྡུ་ལས་ཁུངས་ཀྱིས་སྒྲིག་གཞི་གསལ་བསྒྲགས་བྱས་པ་གཞིར་བཟུང་གིས་ཏག་ཏག་ཡོད་པ་འདྲ་ཞིག་མཐོང་གི་འདུག

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། འོས་བསྡུ་ལས་ཁུངས་ནས་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་སྐོར་ལ་སྒྲིག་གཞི་བཟོས་པ་དེ་ཁོ་རང་ཚོར་རང་དབང་ཡོད་པ་རེད་བསམ་གྱི་འདུག འོས་བསྡུ་ལས་ཁུངས་ཁོ་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་སྟབས། འོས་མི་དེ་ཚོས་ཁྲིམས་དང་འགལ་བའི་ལས་ཀ་འདྲ་མིན་བྱས་པ་ཡིན་ན་དེར་ཉེས་ཆད་གཏང་རྒྱུ་ཟེར་བ་དེ་དབང་ཆ་ཡོད་པ་རེད་བསམ་གྱི་འདུག སྤྱིར་བཏང་གིས་འོས་མི་དེ་ཚོས་སྒྲིག་འཛུགས་དང་འགལ་བའི་དངུལ་སྒོར་ཤུགས་ཆེན་པོ་གཏོང་པ་དང་དངུལ་སྒོར་གྱི་ཡོང་ཁུངས་འདྲ་མིན་བྱུང་པ་དེ་ཚོ་འགྲིག་གི་མ་རེད། སྤྱི་ཚོགས་ལ་ཕན་པའི་ལས་ཀ་ཞིག་བྱེད་དགོས་རྒྱུ་རེད་བསམ་གྱི་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས། འོས་བསྡུ་ལས་ཁུངས་ཀྱིས་སྒྲིག་འཛུགས་བཟོས་པ་དེ་ང་རང་ཚོའི་ངོས་ནས་ཡག་པོ་ཞིག་དང་གལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། གང་ཡིན་ཞེ་ན། སྒྲིག་གཞི་དེའི་ནང་ལ་གཙོ་བོ་དངུལ་སྒོར་མང་ཉུང་ག་ཚོད་བེད་སྤྱོད་གཏོང་སྟངས་སྐོར་ལ་གསལ་བོ་ཞིག་སྟོན་ཡོང་དུས། སྒྲིག་གཞི་དེས་ང་ཚོ་ལ་ཕན་ཐོགས་ཤིག་དང་དམངས་གཙོའི་ལམ་ལུགས་ལ་ཕན་ཐོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། སྒྲིག་གཞིའི་ནང་གི་དོན་ཚན་ ༢༥ དེར་བལྟས་དུས། ད་ལྟ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལ་བསྡད་ཡོད་པ་དང་། རྗེས་མ་བཙན་བྱོལ་སྤྱི་ཚོགས་བོད་ནང་ཕྱིར་ལོག་རྒྱུའི་དམིགས་ཡུལ་ཞིག་དང་། ད་ལྟ་སྒྲིག་གཞི་བཟོ་བ་དང་འཆར་གཞི་འཐེན་པ་མང་པོ་ཞིག་མ་འོངས་བོད་ལ་ལོག་འགྲོ་དུས་ལག་ལེན་བསྟར་ཐུབ་པ་འདྲ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་ཟླ་བ་བཀྲ་ཤིས་ལགས་ཀྱིས། སྤྱིར་བཏང་ང་རང་ཚོ་བཙན་བྱོལ་དུ་བསླེབས་ནས་ལོ་ ༥༠ ལྷག་གི་ནང་ལ་བོད་ཀྱི་ལམ་ལུགས་རིམ་པས་དམངས་གཙོའི་ལམ་ལུགས་ལ་བསྒྱུར་བཅོས་ བྱུང་བ་མ་ཟད། ཕྱི་ལོ་ ༢༠༡༢ ནས་༧སྐྱབས་མགོན་རིན་པོ་ཆེ་ཡི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་རབས་གསར་ བས་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་རྩིས་སྤྲད་ཚར་པ་རེད། ད་ལོའི་དབའ་སྤྱི་གཉིས་ཀྱི་འོས་འདེམས་དེ་ང་རང་སྒེར་ངོས་ལ་ཆ་བཞག་པ་ཡིན་ན། ང་རང་ཚོ་བོད་པའི་ཆབ་སྲིད་ཀྱི་ལམ་ལུགས་དང་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་ བརྒྱུད་ལམ་ནང་དཔེ་མི་སྲིད་པའི་གལ་འགངས་ཆེན་པོ་ཞིག་དང་རིན་ཐང་ཆེན་པོ་ཞིག་ རེད་བསམ་གྱི་འདུག འོས་བསྡུ་ལས་ཁུངས་ལ་འགན་འཁྲི་ཆེན་པོ་ཡིན་སྟབས། སྲིད་སྐྱོང་ཡིན་ན་འདྲ། སྤྱི་འཐུས་འདེམ་བསྐོ་བྱས་པ་ཡིན་ནའང་འདྲ། མི་མང་གིས་རང་ཉིད་ལ་ཁྲིམས་ལུགས་ཀྱིས་ཐོབ་ཐང་སྤྲད་པ་དེ་རང་དབང་གི་ཐོག་ནས་ འདེམ་བསྐོ་བྱ་རྒྱུ་ཡོད་པ་རེད། ག་རེ་འདེམ་བསྐོ་བྱས་པ་དེ་འོས་བསྡུ་ལས་ཁུངས་ཀྱིས་དེ་ལ་བརྒྱུད་རིམ་ཡོད་པ་དང་ དྲང་བདེན། ཡ་རབས་དེ་འདྲའི་ཐོག་ནས་འགན་ཅིག་འཁུར་དགོས་རེད་བསམ་གྱི་འདུག་ཅེས་བརྗོད་བྱུང་

གཞན་ཡང་། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་འོས་མིར་རྩ་བའི་ཆ་རྐྱེན་གང་དག་གལ་ཆེན་དུ་རྩི་ཡི་ཡོད་འདྲི་སྐབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། སྤྱིར་བཏང་དངོས་གནས་བྱས་ན་ཆ་རྐྱེན་གང་དག་ཚང་དགོས་རེད་ཟེར་པ་དེ་མི་གཅིག་གིས་འགྲེལ་བཤད་རྒྱག་རྒྱུ་ཁག་པོ་ཆགས་ཀྱི་རེད་བསམ་གྱི་འདུག འོས་ཤོག་ཟེར་བ་དེ་དམངས་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་ཤིག་ཆགས་ཡོད་སྟབས། མི་མང་གི་འདོད་པ་གཞིར་བཟུང་ནས་དཔོན་པོ་ཞིག་ཡར་བསླེབ་དགོས་རེད། མི་མང་སོ་སོར་བསམ་ཚུལ་མང་པོ་ཡོད་པ་རེད། དཔེར་ན། ཆབ་སྲིད་ཐོག་ནས་ལྟ་བ་མ་འདྲ་བ་མང་པོ་ཡོད་པ་རེད། དེ་བཞིན་འཛིན་སྐྱོང་གསར་བ་ཞིག་སླེབ་དུས་ཕྱག་ལས་གནང་སྟངས་མང་པོ་ཞིག་གི་ཐོག་མི་རེ་རེ་ལ་བསམ་ཚུལ་ལོགས་སུ་ཡོད་དུས། མི་གཅིག་གིས་སྒང་ནས་མཐོ་མདོག་ཁ་བོ་འདྲ་བྱས་ཏེ། སྤྱི་འཐུས་འོས་མི་ལང་མཁན་ཡིན་ན་ཆ་རྐྱེན་འདི་དགོས་པ་རེད། སྲིད་སྐྱོང་འོས་མིར་ལང་མཁན་སུ་ཡིན་ན་འདི་འདྲ་ཞིག་དགོས་པ་རེད་ཅེས་ཆ་རྐྱེན་ཏག་ཏག་བཟོ་བ་དེ་དམངས་གཙོའི་འགྲོ་སྟངས་ནང་འགྲིག་གི་ཡོད་ན་བསམ་གྱི་འདུག དཔེར་ན། ཁྱེད་རང་གིས་འོས་ཤོག་བླུག་པའི་སྐབས་ལ་ཁྱེད་རང་གིས་བསམ་བློ་གཅིག་འཁྱེར་ཡོད་ལ། ཁྱེད་རང་གི་བསམ་བློའི་ནང་སྲིད་སྐྱོང་གི་འོས་མི་ལབ་ན་འདི་འདྲ་ཞིག་དགོས་པ་རེད། ཁོ་ལ་ཆ་རྐྱེན་འདི་ཚང་དགོས་བསམ་པ་དེར་ངས་ཁྱེད་རང་ལ་དེ་མ་རེད་དཱ། ཆ་རྐྱེན་འདི་དགོས་པ་རེད་ཅེས་ལབ་པ་ཡིན་ན། ང་རང་གི་ངོས་ནས་དེ་དམངས་གཙོའི་འགྲོ་སྟངས་རང་ཏག་ཏག་བསྡད་གི་ཡོད་པ་མ་རེད་བསམ་གྱི་འདུག

གཞོན་ནུའི་ཚོགས་གཞོན་རྟ་མགྲིན་ལགས་ཀྱིས། སྲིད་སྐྱོང་ཡིན་ན་རེད་བོད་མི་མང་སྤྱི་འཐུས་ཡིན་ནའང་རེད། གང་ལྟར་གང་ཟག་སུ་ཞིག་ཡར་བཞེང་གི་ཡོད་ན། རྩ་བའི་བཅའ་ཁྲིམས་ནང་ལ་གསལ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ལྷག་པར་དུ་འོས་བསྡུའི་སྒྲིག་གཞིའི་ནང་ལ་ཇི་མ་ཇི་བཞིན་དང་མི་གང་ཟག་གཅིག་ལ་འོས་ཤོག་ག་འདྲ་ཚང་དགོས་ཡོད་མེད་གསལ་སྟོན་བྱས་པ་ཞིག་ཆགས་ཡོད་པ་རེད། སྤྱི་འཐུས་འདྲ་བོ་ཞིག་ཡིན་ན། འོས་ཆོས་ནང་ལ་རྩ་བའི་བོད་པ་ཡིན་པ་ཞིག་རང་བཞིན་གྱིས་དགོས་པ་མ་ཟད། རིག་འཚོ་མ་ཟིན་པ་མ་ཡིན་པ། དེ་བཞིན་བུ་ལོན་སྒྲུབ་འཇལ་བཞེས་མ་ཐུབ་པ་དེ་འདྲ་མ་ཡིན་པ། དེ་དང་འབྲེལ་པའི་གནད་དོན་གྱི་ཐོག་ལ་སྡེ་ཚན་རིམ་པ་ཁ་ཤས་ཤིག་ཡོད་པ་རེད། དེའི་ཐད་ལ་རྩ་བའི་དམངས་གཙོ་ཡི་ངོས་ནས་ཐུགས་བསམ་བཞེས་པའི་ཐོག་ནས་སོ་སོའི་སྔོན་འགྲོ་དེ་མ་བདམ་སྔོན་ལ་འོས་ཆོས་དེ་ཚང་གི་འདུག་དང་མི་འདུག དེ་གང་ཟག་སོ་སོའི་ངོས་ནས་གཟིགས་དགོས་རྒྱུ་དེ་གནད་འགག་རང་བཞིན་ཞིག་ཆགས་བསྡད་ཡོད་པ་རེད་ལ། ལྷག་པར་དུ་དབུས་འོས་བསྡུ་ལས་ཁུངས་ཀྱི་ངོས་ནས་དེ་དག་ལ་རང་བཞིན་གྱིས་གཟིགས་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད།

བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས། དངོས་གནས་བྱས་ན་ཆ་རྐྱེན་གལ་ཆེ་ཤོས་དེ་ད་ལྟ་ ༧ རྒྱལ་བ་བསྟན་འཛིན་རྒྱ་མཚོའི་དབུ་ཁྲིད་ཡང་དག་པའི་འོག་ང་ཚོར་དབུ་མའི་ལམ་ཞིག་ཡོད་པ་དང་། དེའི་ཐོག་མི་མང་ཤུགས་ཆེ་བ་ཞིག་འགྲོ་བཞིན་ཡོད་པ་རེད། དེར་ང་ཚོས་ཡིད་ཆེས་ཤུགས་ཆེན་པོ་ཞིག་བྱེད་བཞིན་ཡོད་ལ། རྒྱབ་སྐྱོར་ཡང་ཤུགས་ཆེན་པོ་ཞིག་རག་བཞིན་ཡོད་སྟབས། དབུ་མའི་ལམ་ལ་ཕེབས་དགོས་ཀྱི་ཡོད་པ་རེད་བསམ་གྱི་འདུག གང་ཡིན་ཞེ་ན། ༧རྒྱལ་བ་ཡིད་བཞིན་ནོར་བུའི་དབུ་ཁྲིད་འོག་བོད་མི་མང་ནང་རྐུབ་བཀྱག་མཐོ་ཤོས་འཛིན་མཁན་དེ་སྲིད་སྐྱོང་ཁོ་རང་ཆགས་འགྲོ་གི་འདུག བོད་མིའི་དཀའ་ངལ་ལ་མ་འོངས་པར་འཆར་གཞི་ག་འདྲ་ཞིག་ཡོད་མེད་ལ་སྤྱི་འཐུས་རྣམ་པས་གྲོས་སྡུར་གནང་ནས་ཐག་གཅོད་གནང་གི་ཡོད་པ་རེད། ཁོ་ཚོའི་བསམ་ཚུལ་བོད་གཞུང་དང་ཁ་ཁ་འགྲོ་མཁན་ཞིག་ཡིན་ན་དེར་མི་མང་གིས་འདོད་པ་བྱེད་ཀྱི་མ་རེད་ལ། ཁག་པོ་ཡོང་གི་རེད་བསམ་གྱི་འདུག

མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས། སྲིད་སྐྱོང་དང་སྤྱི་འཐུས་ཆ་རྐྱེན་གཙོ་བོ་དེ་དབུས་འོས་བསྡུ་ལས་ཁུངས་གཞིར་བཟུང་པ་ཡིན་ན། སྤྱི་འཐུས་ལང་པ་ལ་ལོ་ ༢༥ བརྒལ་དགོས་ཡོད་པ་དང་། སྲིད་སྐྱོང་ཡིན་ན་ལོ་ ༣༥ བརྒལ་དགོས་ཡོད་པ་རེད། ཆ་རྐྱེན་གཙོ་བོ་དེ་གཉིས་ཆགས་ཡོད་པ་རེད་མ་གཏོགས་དམིགས་བསལ་གྱིས་དེའི་སྒང་ལ་ཤེས་ཡོན་གྱི་ཚད་འདི་འདྲ་ཡིན་ཞེས་ནས་ཆ་རྐྱེན་གང་ཡང་བཏོན་ཡོད་པ་མ་རེད། ཡིན་ན་ཡང་། གལ་ཆེ་ཤོས་ཀྱི་ཆ་རྐྱེན་དེ་ལྷག་བསམ་རེད་བསམ་གྱི་འདུག དེ་བཞིན་དུ་འགན་ཁུར་ཐུབ་མཁན་ཞིག་དང་བོད་སྤྱི་བའི་དོན་ལ་དངོས་གནས་ཞབས་ཞུ་ཞུ་ཐུབ་མཁན་ཞིག་ཡིན་དགོས་པ་དེ་གལ་ཆེ་ཤོས་ཆགས་འདུག་དྲན་གྱི་ཡོད།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས། གཙོ་བོ་དེ་ཤེས་ཡོན་ཆ་ཚང་ཡོད་མཁན་ཞིག་དགོས་ཀྱི་ཡོད་པ་རེད། ཤེས་ཡོན་དེའང་བེད་སྤྱོད་ཡག་པོ་གཏོང་ཐུབ་མཁན་ཞིག་ཡིན་དགོས་ཡོད་པ་རེད། དེ་མིན་པར་སོ་སོའི་མིང་ཙམ་གྱི་ཐོག་ནས་ཡར་ལངས་པ་དེ་ཏག་ཏག་འགྲོ་ཡི་མ་རེད། གང་ལྟར་རྒྱལ་ཁབ་ལ་ཞབས་ཞུ་ཞུ་པར་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཞུ་མཁན་ཞིག་ཡིན་དགོས་པ་རེད་མ་གཏོགས། སོ་སོའི་མིང་དེ་འདྲ་ཐོག་ལ་དགོངས་པ་བཞེས་ནས་ཡར་ལངས་བ་ཡིན་ན། དེ་རྗེས་མ་ཁག་པོ་ཆགས་ཀྱི་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་ཚེ་ལྷ་ལགས་ཀྱིས། ད་ལྟ་ང་ཚོས་འཐབ་རྩོད་བྱེད་བཞིན་ཡོད་དུས་མགོ་ཁྲིད་ཟེར་བ་དེ་གཙོ་བོ་ང་རང་སྒེར་ངོས་ལ་ཆ་བཞག་པ་ཡིན་ན། བཙན་བྱོལ་ནང་གི་དཀའ་ངལ་མང་པོ་ཞིག་སེལ་དགོས་ཡོད་ཀྱང་། བོད་ནང་གི་བདེན་མཐའ་སེལ་རྒྱུའི་ཆེད་དུ་བོད་ཀྱི་དཀའ་ངལ་གང་མགྱོགས་སེལ་ཐུབ་པ་ཞིག་དང་ནུས་པ་བཏོན་ཐུབ་མཁན་ཞིག་ཡིན་ན། དེ་ལ་ང་ཚོས་འོས་ཤོག་བླུག་དགོས་པ་དང་རྒྱབ་སྐྱོར་བྱེད་དགོས་པ་ཞིག་ཆགས་ཡོད་ལ། དེ་འདྲའི་སྤྱི་འཐུས་དང་སྲིད་སྐྱོང་ཞིག་ཡིན་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་བརྗོད་སོང་

དགུ་བཅུ་གསུམ་གྱི་དྲུང་ཆེ་ཟླ་བ་བཀྲ་ཤིས་ལགས་ཀྱིས། སྤྱིར་བཏང་གིས་བཀའ་སྤྱི་གཉིས་ཀྱི་ལས་འགན་དེ་ཧ་ལས་པའི་ལྗིད་པོ་ཞེ་དྲགས་རེད། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་འབུམ་གཅིག་ལྷག་ཙམ་གྱི་བདེ་སྡུག་གི་གནད་ དོན་ཙམ་མ་ཟད། དེ་ལས་ལྷག་གལ་འགངས་ཆེ་བ་ཞིག་ལ་བོད་མི་ས་ཡ་ ༦ གི་ཆབ་སྲིད་ཀྱི་མདུན་ལམ་ཐག་གཅོད་བྱེད་མཁན་ཞིག་གི་ལས་འགན་གྱི་སྡིངས་ཆའི་ སྟེང་འགྲོ་བཞིན་ཡོད་སྟབས། སྲིད་སྐྱོང་ལང་གི་ཡོད་ན་འདྲ། སྤྱི་འཐུས་ལང་གི་ཡོད་ནའང་འདྲ། ཚང་མ་ལ་ཨང་དང་པོ་བོད་ཀྱི་འདས་པའི་རྒྱལ་རབས་ལོ་རྒྱུས་ལ་རྒྱུས་མངའ་ཡོད་དགོས་ པ་དང་། བོད་མི་རིགས་དང་བོད་ཀྱི་སྤྱི་ཚོགས་ལ་རྒྱུས་མངའ་གསལ་བོ་དགོས་པ་རེད་བསམ་གྱི་ འདུག བོད་ཀྱི་འདས་པའི་ལོ་རྒྱུས་དང་བོད་པའི་སྤྱི་ཚོགས་ལ་རྒྱུས་མངའ་མེད་པ། ལྷག་པར་དུ་ང་ཚོ་བོད་མི་རིགས་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཕྲ་ཞིང་ཕྲ་བ་ཞིག་ རྒྱུས་མངའ་མེད་པ་ཡིན་ན། ང་ཚོས་ལས་ཀ་ག་འདྲ་ཞིག་བྱེད་དགོས་པ་དང་ག་འདྲ་བྱས་ནས་འཐབ་རྩོད་བྱེད་དགོས་པ་ དེ་ཚད་དང་ལྡན་པ་ཞིག་དང་ཡང་དག་པ་ཞིག་ཡོང་རྒྱུ་ཁག་པོ་རེད་བསམ་གྱི་འདུག དེ་དང་ཕྱོགས་གཅིག་ང་རང་ཚོས་སུ་དང་འཐབ་རྩོད་བྱེད་བཞིན་ཡོད་པ་རེད་ཅེས་ན། རྒྱ་ནག་དང་འཐབ་རྩོད་བྱེད་བཞིན་ཡོད་སྟབས། རྒྱ་མི་རིགས་ཟེར་བ་དེ་ག་འདྲ་རེད། ད་ལྟའི་རྒྱ་ནག་གཞུང་དེ་ག་འདྲ་རེད། རྒྱ་ནག་གུང་ཁྲན་ཏང་ཟེར་བ་དེ་ག་འདྲ་རེད། དེས་བོད་ལ་འཛིན་པའི་སྔོན་མའི་སྲིད་ཇུས་ག་འདྲ་རེད། ད་ལྟའི་བྱེད་སྟངས་ག་འདྲ་བྱེད་ཀྱི་འདུག སྔོན་མ་དང་ད་ལྟའི་བྱེད་སྟངས་ལ་བལྟས་ནས་མ་འོངས་པར་འགྱུར་བ་ག་འདྲ་ཞིག་ཡོང་ སྲིད་པ་རེད། འགྱུར་བ་འདི་གཞིར་བཞག་ནས་ང་ཚོའི་གྲོས་ཚོགས་དང་བཀའ་ཤག་གི་ངོས་ནས་དེ་ལ་ཁ་གཏད་ གཅོག་པའི་ཐབས་ཤེས་ག་རེ་དགོས་པ་རེད། ལངས་ཕྱོགས་ག་རེ་དགོས་པ་རེད། ལྟ་གྲུབ་ག་རེ་དགོས་པ་རེད། འདི་འདྲའི་ཐོག་ལ་ཤེས་རྟོགས་དང་རྒྱུས་མངའ་ཉམས་མྱོང་ཡོད་པའི་མི་སྣ་ཞིག་དགོས་ པ་རེད་བསམ་གྱི་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༥/༠༩/༠༡

Leave a Reply