དབུས་ཕྲུག་ཚེ་རིང༌།
སྤྱི་ལོའི་༦༡༧ དུས་རབས་བདུན་པའི་ནང༌། གསུམ་གཉིས་ས་ཡི་ཁྱོན་ལ་དབང་བསྒྱུར་མཁན་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་ནས་བཟུང་བོད་མི་རིགས་འདི་ཉིད་ཨེ་ཤ་ཡའི་གླིང་ཆེན་འདི་ཡི་སྟེང་དཔལ་འབྱོར་དང་དམག་དོན། ཆབ་སྲིད་དང་འཛུགས་སྐྲུན་གྱི་ཐད་ཆེས་འགྲན་ཟླ་བྲལ་བའི་རྒྱལ་ཁབ་ཅིག་ཏུ་གྱུར་མྱོང༌། སྐབས་དེ་དུས་བོད་བཙན་པོའི་དམག་འཁྲུག་གིས་རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་ཤར་ཕྱོགས་ཀན་སུ་དང་ཟི་ཁྲོན་གྱི་ཆ་ཤས་རྒྱ་ཆེན་པོས་བོད་པས་བཟུང༌། རྒྱ་གར། ཤིན་ཅང༌། བལ་ཡུལ། འབར་མ། སོག་པོ། ཐ་ན་ནུབ་ཕྱོགས་ཡོ་རོབ་གླིང་གི་ས་མཚམས་ཨ་རབ་ནང་དུ་ཡང་དཔུང་ཤུགས་ཀྱིས་ཟིལ་རྔམ་སྟོན་མྱོང་ལ། དེ་སྐབས་བོད་དམག་གི་གྲངས་ཚད་ཀྱང་མང་བ་དཔེར་ན། རྒྱ་ནག་ཏུ་དམག་འདྲེན་ཐེངས་རེར་དམག་མི་འབུམ་གཅིག་གཉིས་ཙམ་བསྐྱོད་སྐོར་གྱི་ལོ་རྒྱུས་གསལ་པོར་སྣང༌། དེ་མིན་བོད་ཀྱི་མཐའ་མཚམས་སྲུང་མིའི་དམག་དཔུང་ཡང་ཕུན་སུམ་ཚོགས་ལ། དུས་ནས་དུས་སུ་དམག་མི་བརྗེ་སྤོར་དང་གསར་སྣོན། དམག་མིའི་ཕོགས་དང་དབྱར་དགུན་གྱི་གྱོན་ཆས་སོགས་བཙན་པོའི་གཞུང་གི་བཀོད་ཇུས་འོག་གྱ་ནོམ་པ་ཐོབ་ཀྱི་ཡོད། དེ་བཞིན་གོ་མཚོན་ཡང་ལོ་རེ་ནས་ལོ་རེར་གསར་གཏོད་ཀྱི་རྣམ་པར་འཕེལ་རྒྱས་དང༌། དམག་མི་ཡང་བོད་མདོ་དབུས་ཁམས་གསུམ་ནས་བསྡུ་གི་ཡོད་པ། དམག་དཔོན་བསྐོ་འཇོག་དང་དམག་མིའི་སྒྲིག་ཁྲིམས་སོགས་གང་སྤྱིར་ལེགས་པོ་ཡོད། ལོ་མང་དམག་བརྒྱབ་པའི་ཉམས་མྱོང་ཡོད་དུས་རྒྱ་ནག་སོགས་རྒྱལ་ཁབ་གཞན་དུ་དཔུང་འཇུག་གིས་རྒྱ་བསྐྱེད་བྱས་པའི་ལོ་རྒྱུས་ཐང་ཡིག་གསར་རྙིང་དང༌། བོད་ཀྱི་ལོ་རྒྱུས་ཏུན་ཧོང་སོགས་ཀྱི་ཡིག་མཛོད་དུ་མར་སྣང་བ་ཡིན། དེ་སྐབས་བོད་ཀྱི་དམག་དཔུང་གིས་ཕར་དཔུང་འཇུག་བྱས་པ་ལས་རྒྱལ་ཁབ་གཞན་གྱིས་བོད་དུ་བཙན་འཛུལ་བྱས་པའི་ལོ་རྒྱུས་ཕལ་ཆེར་མཐོང་ལམ་དུ་མ་གྱུར། སྐབས་དེར་བན་བོན་གྱི་འཐབ་རྩོད་ཀྱང་ཕལ་ཆེར་མེད་པར་སྣང༌།
དེ་རྗེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་ནས་བོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་ནང་དགེ་འདུན་གྱི་གནས་བབས་ཇེ་མཐོར་གྱུར། བཙན་པོ་སད་ན་ལེགས་འཇིང་ཡོན་སྐབས་སུ་སྔར་བས་ཆོས་ཀྱི་དབང་ཆ་གོང་འཕེལ་དང༌། བཙན་པོ་མངའ་བདག་ཁྲི་རལ་སྐབས་ཙམ་ནས་ནང་བསྟན་ཆོས་ལུགས་ཀྱིས་བོད་ཀྱི་མཐོ་རྒྱལ་པོ་ནས་དམའ་སྤྲང་པོ་བར་རིམ་གྱིས་བྱེ་མར་ཆུ་ཐིམ་པ་བཞིན་དབང་བསྒྱུར་བྱས་འོང༌། ཁྲི་རལ་ཉིད་དགུང་ན་ཆུང་དུས་ནས་རྒྱལ་རབས་གཉིས་ཀྱི་བློན་པོ་བན་སྡེ་ཉང་ཏིང་འཛིན་དང་བྲལ་ཁ་དཔལ་ཡོན་གྱི་ཆོས་ལུགས་སློབ་གསོའི་འོག་འཚར་ལོངས་བྱུང་ལ། ཁོར་ཡུག་དེའི་འོག་བཙན་པོའི་བླ་སྲོག་ཀྱང་ནང་ཆོས་ཀྱིས་ཡོངས་སུ་འཕྲོག་ཚར་ཡོད། སྐབས་དེར་མངའ་བདག་ཁྲི་རལ་གྱིས་རང་ཉིད་ཀྱི་རལ་བའི་ལན་བུ་གཉིས་སུ་བཅོས་པར། ནང་བསྟན་ཆོས་ལུགས་ཀྱི་སྔགས་པ་དང་བན་སྡེ་ཕྱོགས་གཉིས་སུ་བཞུགས་སུ་གསོལ། དེ་བཞིན་བོད་ཀྱི་ལོ་རྒྱུས་ནང་གི་བན་སྡེའི་དབང་རིམ་ཆེས་མཐོ་ཤོས་སུ་གྱུར། དེ་སྐབས་བན་སྡེ་ཉང་ཏིང་འཛིན་བཟང་པོ་དང༌། བྲན་ཁ་དཔལ་ཡོན་གཉིས་ནི་བློན་ཆེན་མཐོ་ཤོས་ཀྱི་གྲས་སུ་བཞག བན་སྡེ་རེར་ཁྱིམ་དུད་བདུན་རེ་སྤྲད། དགེ་འདུན་གྱི་སྡེར་ཐོབ་ཐང་ཧ་ཅང་ཆེ་ལ། དེ་དང་འབྲེལ་བའི་ཁྲིམས་ལུགས་ཀྱང་གཏན་འབེབས་བྱས། དཔེར་ན། རབ་བྱུང་ལ་མཛུབ་མོ་བཙུགས་ན་མཛུབ་མོ་ཆོད་ཅེས་པ་དང༌། མཆུ་ཡོ་བྱེད་ན་མཆུ་བྲེགས་པ་སོགས་ཡོད། བོད་ཁམས་ཡོངས་ནས་དཔྱ་ཁྲལ་བསྡུས་ཏེ་དགེ་འདུན་ལ་ཕུལ། རིམ་བཞིན་ཆོས་བྱེད་ཀྱི་གྲངས་འབོར་ཇེ་ཆེ་དང༌། འབངས་ཀྱི་དཔལ་འབྱོར་གྱི་དཀའ་ངལ་ཇེ་མཐུག་ཏུ་གྱུར། རྐྱེན་དེ་དག་གིས་བན་བོན་གྱི་བློན་ཆེན་དང་དམག་དཔོན། མི་དམངས་དབར་འཐབ་རྩོད་ཀྱི་རྣོ་ངར་ཉིན་རེར་ཇེ་ཆེར་གྱུར་ཏེ་བཙན་པོའི་ཕོ་བྲང་གི་ནང་འཁོར་དུ་མཐོ་རིམ་གྱི་འགལ་ཟླ་རྩེ་མོར་སོན། བཙན་པོ་དང་བློན་ཆེན་གཙོ་བོ་རྣམས་ཀྱི་སེམས་ནུས་ཡོད་དགུ་ཆོས་ལ་ཐིམ་པ་དང༌། བན་སྡེ་རྣམས་ཀྱི་བྲལ་ཁོལ་ལྟ་བུ་ཡིན། ཆབ་སྲིད་དང་ལྷག་དོན་དམག་འཁྲུག་ལ་ཞེ་ལོག་སྟེ་ཐང་བོད་གཉིས་འདུམ་འགྲིགས་ཀྱི་གྲོས་བཏོན་ཏེ་སྤྱི་ལོ་༨༢༣ ལོར་ཆིངས་བཞག དུས་དེ་ནས་བཙན་པོའི་རྒྱལ་ཁབ་ཀྱི་དམག་གི་སྟོབས་ཤུགས་ཀྱང་ཤུགས་ཆེར་ཉམས་འགོ་ཚུགས་ཏེ་སྔར་བོད་ཀྱིས་དབང་བསྒྱུར་བྱས་པའི་ས་སྡེ་ཚང་མ་རྒྱ་ནག་གི་ལག་ཏུ་ཤོར། དེབ་དམར་ལས། དེའི་དུས་སུ་ཧ་ཅང་ཆོས་ལ་དད་ཆེ་བས་སྦས་སྟག་སྣ་ཅན་ལ་སོགས་སྡིག་པ་ལ་དགའ་བའི་བློན་པོ་རྣམས་ཀྱིས་བན་ཆེན་པོ་བཀུམ། ཞེས་པས་དེ་སྐབས་མིང་ཙམ་ཀྱི་ཆབ་སྲིད་ཀྱི་དབང་ཆ་བཙན་པོ་ཁྲི་རལ་ལ་ཡོད་ཀྱང་དོན་དངོས་སློབ་སྟོན་པ་དང་ལག་སྟར་བ་གཙོ་བོ་བན་སྡེ་ཉང་དང་བྲན་ཁ་ཡིན་པར་སྙམ། ཆོས་ལུགས་ཀྱི་དཀའ་རྙོག་དེས་བོན་གྱི་བློན་ཆེན་དང་དེའི་སྡེར་གཏོགས་པ་རྣམས་མི་དགའ་སྟེ་རྒྱལ་བློན་དབར་དབྱེན་བཅུག མཐར་བཙན་པོ་ཁྲི་རལ་པ་ཅན་ལྐོག་ཏུ་བཀྲོངས་པས་སྔར་བས་བན་བོན་གཉིས་ཀྱི་འཐབ་རྩོད་ཛ་དྲག་གི་ངོ་བོར་གྱུར།
དེ་རྗེས་བཙན་པོ་དར་མ་ཨུ་དུམ་བཙན་རྒྱལ་ཁྲིར་འཁོད། དེ་སྐབས་ཁྲི་རལ་སྐབས་ཀྱི་བློན་ཆེན་བན་སྡེ་ཉང་དང་བྲན་ཁ་གཉིས་སྤྱུགས་ཟིན་དུས་བོན་གྱི་བློན་ཆེན་ཁག་ལ་དབང་ཚད་ཤུགས་ཆེ་བར་ཡོད་སྟབས། དེའི་ཤུགས་རྐྱེན་འོག་བཙན་པོས་ནང་ཆོས་ཡོངས་སུ་སྙུབ་པར་བརྩོན། དེའི་རྒྱུ་རྐྱེན་གཙོ་བོ་ཡང༌། ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྒྱལ་སྲིད་ཆོས་ལ་ཤོར་དོགས་པས་རྗེ་མིས་ཆོས་སྤངས། ཞེས་གསུངས་པ་དང༌། དེ་བཞིན་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ལྟར་ན། བཙན་པོ་དར་མས་ཆོས་རྦད་དེ་བསྣུབས་མེད་པར་སྣང༌། འོན་ཀྱང་ཡབ་མེས་སྐབས་རྒྱལ་ཁབ་ཀྱི་ནུས་ཤུགས་ཡོད་དགུ་ཆོས་ལུགས་སུ་སྤུངས་པས། བོད་ཀྱི་ས་མཚམས་ཁག་ཏུ་དམག་ཤུགས་ཆེན་པོ་ཡོད་སྟབས་དམག་མིར་འགྲོ་གྲོན་མི་འདང་བ་དང༌། འབངས་རྣམས་དཀའ་ངལ་གྱི་གནས་སུ་ལྷུང་གཤིས། བན་སྡེ་རྣམས་ཀྱི་ཐོབ་ཐང་སྔོན་བཞིན་མ་སྩལ་བར་རྡོག་རོལ་ཤུགས་ཆེ་བཏང་ཡོད། གལ་ཏེ་ད་དུང་ཆོས་ལུགས་ཀྱི་དབང་ཤུགས་འོག་འདི་ལྟར་ཚུད་ན་སྔར་བས་ཆབ་སྲིད་དང་དམག་དོན། དཔལ་འབྱོར་སོགས་ལ་ཉེན་ཚབས་འཕྲད་རྒྱུ་ཡིན་པ་དང༌། བློན་ཆེན་དང་དམག་དཔོན་དབངས་ཀྱི་ཁྲོད་དུ་འཐབ་རྩོད་ཀྱང་མུ་མཐུད་གནས་ངེས་ཡིན་པས་རེད། དེ་ལྟར་ཡོང་ངེས་པའི་རྒྱུ་མཚན་ཡང༌། ནང་ཆོས་ཀྱི་སློབ་གསོ་གཙོ་བོ་ཁག་ནི། འདོད་ཆུང་ཆོག་ཤེས་དང༌། བསམ་བློའི་གྲུ་ཟུར་དུའང་གཞན་ལ་གནོད་པའི་སེམས་མི་བསྐྱེད་པ། འགྲོ་བ་ཀུན་བྱམས་བརྩེས་སྐྱོང་དགོས་པ། ཚེ་འདི་ལས་ཕྱི་མ་གལ་ཆེ་བ། མདོར་ན་ཇི་སྐད་དུ། མཁེ་དང་རྒྱལ་ཁ་གཞན་ལ་སྟེར། །གྱོང་དང་ཕུང་ཁ་རང་གིས་ལེན།། ཞེས་གསུངས་ཡོད་དུས། གནས་ལུགས་དེའི་ནང་སྟོབས་ཤུགས་འགྲན་རྩོད་དང་དཔལ་འབྱོར་ཡར་རྒྱས། དམག་དོན་རྒྱ་བསྐྱེད། ལྡོག་ཕྱོགས་ཀྱི་ཆབ་སྲིད་བསམ་བློ། རིགས་ཞེན་དང་རྒྱལ་ཞེན་ཞེས་པའི་ལྟ་གྲུབ་ཡེ་ནས་མེད་ལ། མདོར་ན་དོན་གྱི་བདེ་སྐྱིད་ཅེས་པ་དེ་ཡང་མི་སྡེའི་སྤྱི་ཚོགས་ནས་ནམ་ཡང་མི་ཐོབ་ཅེས་པ་དེ་རེད། དྲང་ཕྱོགས་ནས་བཤད་ན་ཇི་སྲིད་ང་ཚོར་ཡར་རྒྱས་ཀྱི་བསམ་བློ་མེད་ན་དེ་སྲིད་ང་ཚོ་མཐའ་རུ་ལྷུང་ངེས་ཡིན། སྐབས་དེར་བཙན་པོའི་སྙིང་སྟོབས་དེ་ལྟར་ལགས་ཀྱང་སུས་ཀྱང་འདོར་ཐབས་མེད་པའི་བན་བོན་གྱི་འཐབ་རྩོད་ཀྱི་མདུང་རྩེ་དེའི་འོག་ནས། ཨུ་དུམ་བཙན་པོའི་རྒྱལ་ཞེན་དང་རིགས་ཞེན་གྱི་བླ་སྲོག་གི་བྲག་རི་དེ་ཡང་ཆོས་ལུགས་ཀྱི་ཞེ་འཁོན་ནག་པོ་དེས་ཧྲུལ་པོར་བཏོར།
དེ་རྗེས་རྒྱལ་པོའི་གདུང་བརྒྱུད་ཀྱི་ཆབ་སྲིད་དབང་ཆའི་ཐད་མི་མཐུན་པ་བྱུང་སྟེ། བོད་བཙན་པོའི་རྒྱལ་ཁམས་ལ་གཅིག་གྱུར་གྱི་དབང་བསྒྱུར་མཁན་བྱུང་མེད་ལ། མདོ་དབུས་ཁམས་གསུམ་དུ་ཁེང་ལོག་ཅེས་འབངས་གྱེན་ལོགས་ཀྱི་དུས་ཟིང་ཟམ་མི་ཆད་པ་བྱུང་སྟེ་བོད་འདི་ཉིད་སིལ་བུ་ནས་སིལ་བུར་ཡོངས་སུ་ཐོར་སོང་བ་རེད། དེ་བཞིན་དེ་སྔ་བོད་ཀྱི་བྱང་ཕྱོགས་དང་ཤར་ཕྱོགས་སུ་རྒྱ་ནག་གི་མགོ་བོ་གནོན་པའི་དྲག་པོའི་དམག་དཔུང་རྣམས་ལ། དབྱར་དགུན་གྱི་དམག་གོས་དང་དམག་ཕོགས། དམག་གསར་རྙིང་བརྗེ་སྤོར། གོ་མཚོན་སོགས་དམག་གི་དགོས་མཁོ་སྐོང་ཐུབ་པ་ཅི་ཡང་མ་བྱུང་གཤིས། ཉིན་རེ་ནས་ཉིན་རེར་དམག་གི་ནུས་སྟོབས་ལྟག་ཆུ་ཆད་པའི་རྫིང་བཞིན་སྐམ་པོར་གྱུར། ཉིན་དེ་ནས་བྱང་ཤར་གཉིས་ཀྱི་མཚམས་ནས་རྒྱ་ནག་གི་དམག་གིས་བོད་དུ་ཚུར་རྒོལ་བྱས་ཡོད་ལ། སྐྱབས་མེད་མགོན་མེད་ཀྱི་བོད་དམག་དེ་ཚོས་ཇི་ལྟར་བཀག་ཀྱང་ནམ་ཡང་ཁོག་མི་ཐུབ་ལ། དེ་སྔ་བོད་ཀྱིས་བཙན་བཟུང་བྱས་པའི་ས་ཆ་རྣམས་ཡོངས་སུ་འཕྲོག་པ་མ་ཟད་ཧན་མི་རིགས་ཀྱིས་བོད་ཐོག་བཙན་འཛུལ་བྱེད་པའི་འགོ་སྔ་ཡིན་ལ། དེ་ནས་རྒྱ་ནག་གི་མེས་པོ་ཚོས་བོད་དུ་ཞི་དྲག་གཉིས་ཀྱིས་བཙན་འཛུལ་བྱེད་རྒྱུའི་བསམ་བློར་མཚམས་འཇོག་ནམ་ཡང་བྱེད་མ་མྱོང༌། འོན་ཀྱང་སྤྱི་ལོ་༩༠༧ ཙམ་ནས་ཐང་རྒྱལ་རབས་ཉམས་ཉེས་བྱུང་ནས་རྒྱ་ནག་ཀྱང་སིལ་བུར་ཐོར། བོད་ཕྱོགས་ནས་ཀྱང་རང་མགོ་གང་འཐོན་ལས་སྤྱི་པའི་ཆབ་སྲིད་ཐོག་དོ་སྣང་མ་བྱས་པ་མ་ཟད། བཙན་པོའི་སྐབས་ལྟར་སྒྲིག་གཞི་མེད་དུས་བན་སྡེ་དང་དེ་མིན་གྱི་ཆོས་ལུགས་མི་སྣ་ཆེས་མང་པོ་རྒྱ་གར་དང་བལ་ཡུལ་ཕྱོགས་སུ་བསྐྱོད་ནས་ལོ་ཙཱ་དང་ཆོས་ལུགས་སྦྱང་སྟེ་བོད་དུ་ཡོངས། སྔར་ལྷག་བཞིན་ཆོས་ལུགས་ཁྱབ་སྤེལ་བཏང༌། བཙན་པོ་ཁྲི་སྲོང་དང་ཁྲི་རལ་སྐབས་ལྟར་གཞུང་ཞིག་གིས་ཁྲིམས་ཐོག་ནས་བན་སྡེར་རྒྱས་སྤྲོས་ཀྱི་ཐོབ་ཐང་མེད་ཀྱང༌། ཆོས་ལུགས་ཀྱི་མི་སྣ་རྣམས་ཀྱིས་སློབ་གསོ་ཤུགས་ཆེའི་འོག་བོད་ཁམས་ཡོངས་སུ་རྫོགས་པ་ནང་ཆོས་ཀྱིས་ཕྱི་ཚོས་ནང་ཚོས་སུ་གྱུར། གྲྭ་བཙུན་དང་དགོན་སྡེ་ཆོས་གཞིས་གོང་འཕེལ་གཏོང་རྒྱུ་ལས། དེ་མིན་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གོང་འཕེལ་གཏོང་རྒྱུ་དང༌། ཆབ་སྲིད་ཀྱི་སློབ་གསོ་བརྒྱུད་བོད་ཀྱི་ཆབ་དཔལ་དམག་གསུམ་ཉམས་པ་སླར་གསོ་དང་མི་ཉམས་ཡར་རྒྱས་ཀྱི་བསམ་བློའི་སྙིང་སྟོབས་འདི་རྦད་དེ་ཉམས་དམས་སུ་གྱུར། དེ་རྗེས་ས་སྐྱ་པའི་སྐབས་ཡོན་གྱིས་སྟོབས་ཤུགས་དང༌། དགའ་ལྡན་ཕོ་བྲང་པའི་སྐབས་གུར་ཤི་ཁང་གི་སྟོབས་ཤུགས་ལས་བོད་ཁམས་གཅིག་གྱུར་གྱི་གོང་བུ་ཞིག་གྲུབ་ཡོད་ཀྱང་དེ་མིན་ཕག་གྲུ་དང་རིན་སྤུངས། སྡེ་པ་གཙང་པ་ཡི་སྐབས་གང་དུ་ཡང་བོད་ཁམས་ཡོངས་སུ་རྫོགས་པ་ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་གྱུར་པའི་གནས་བབ་ཚད་ལྡན་ཞིག་བྱུང་མྱོང་མེད་པར་སྙམ། མདོར་ན་འདས་སོང་བ་དང་ད་ལྟའི་དུས་རབས་འདི་འདྲར་རང་མཁེ་ལས་གཞན་མཁེ་གཙོ་བོར་འཛིན་པའི་ཆོས་ལུགས་ཀྱིས་སྐྱོང་བའམ་ཆོས་ལུགས་གཙོ་བོར་འཛིན་པའི་གཞུང་ཞིག་གིས་རྒྱལ་ཁབ་ནམ་ཡང་སྲུང་སྐྱོབ་མི་ཐུབ་པ་ནི། ཆོས་ལུགས་ཀྱི་རྩ་བའི་དགོངས་དོན་དེ། གཞན་ལ་ཁ་གཏད་ཀྱི་དམག་ཤུགས་སོགས་ལས་གནོད་འཚེ་ཕྲ་མོ་ཙམ་ཡང་སྤོང་བ། རང་ཉིད་ལས་གཞན་གཙོ་བོར་འཛིན་པ། འབྱོར་ཕྱུག་གི་བསམ་བློ་ལས་ཆོག་ཤེས་གཙོ་བ། ཚེ་འདི་ལས་ཕྱི་མ་འགངས་ཆེ་བ། མི་ལས་ལྷ་བརྩི་ཆེ་བ། དོན་དངོས་ལས་མོས་གུས་ལ་ཁ་ཕྱོགས་པ། འདོད་དོན་དང་དྲོ་སྐྱིད་ལས་ངེས་འབྱུང་དང་སྐྱོ་ཤས་ཐུ་བ་རྣམས་ནི་ནང་བསྟན་ཆོས་ལུགས་ཀྱི་གཞི་རྩའི་ཕྱག་ལེན་གལ་ཆེ་ཞིག་ཡིན་སྟབས། ད་ལྟའི་དུས་རབས་དང་ལྷག་དོན་རང་དབང་དང་རྒྱལ་ཁབ་ཡོངས་སུ་ཤོར་ཟིན་པའི་མི་རིགས་ཤིག་ལ་མཚོན་ན། ལྐོག་གྱུར་ལས་མངོན་གྱུར་གལ་ཆེ་བ། དག་སྣང་དང་མོས་གུས་ལས་དོན་དངོས་ལྷག་པ། མདོར་ན་གོང་དུ་བཤད་པ་རྣམས་ནི་སོ་སྐྱེ་བ་ཞིག་གི་ལྕེ་རྩེ་ལས། ཆོས་ལུགས་ཀྱི་བསམ་བློའི་དབང་བསྒྱུར་འོག་བན་བོན་གཉིས་ཀྱི་འཐབ་རྩོད་དང༌། ཀུན་ཁྱབ་ཆོས་ལུགས་ཀྱི་བསམ་བློའི་འདུ་ཤེས་ཟབ་མོས་མི་སྡེའི་སྤྱི་ཚོགས་ནང་མི་གཙོ་བོར་འཛིན་པའི་འཚོ་གནས་དང་དགོས་མཁོ། རིགས་ཞེན་དང་གསར་གཏོད་ཀྱི་ལམ་བུ་ཁེགས་པའི་དོན་རྐྱེན་འགའ་གླེང་བ་ཡིན་ནོ།།
༢༠༠༩ ༤ ༣༠
མི་ལོ་བརྒྱ་ཕྲག་དང་སྟོང་ཕྲག་གི་ཡར་སྔོན་ལ་བོད་མི་རིགས་ཞེས་བའི་མི་རིགས་འདི་བྲག་སྲིན་ལས་བྱུང་ཚུལ་གྱི་གཏམ་བརྒྱུད་སྙན་མོ་ཞིག་རང་མི་རིགས་འདིའི་སེམས་ཁམས་སུ་འཇགས་ཡོད་ལ་དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་དེབ་ཕྲེང་མང་བོ་ཞིག་ཀྱང་ང་ཚོའི་མིག་མདུན་དུ་བཤམས་ཡོད །
གདོད་མའི་མི་རིགས་ཀྱི་སེམས་ངོག་ན་ཡོད་ཚད་ལྷའི་འཕྲུལ་གྱི་བྱུང་བ་ལྟར་བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙན་པོ་ཡང་གནམ་ནས་བབས་པའམ་གནམ་གྱིས་བསྐོས་བའི་ཆོད་སེམས་ཤིག་གི་ཁྲོད་མཚན་ལ་ཡང་གཉའ་ཁྲི་བཙན་པོ་ཞེས་འབོད་ཀྱིན་ཡོད། དེའི་སྐབས་ཀྱི་བོད་མི་རིགས་འདིའི་སེམས་ཁམས་ལ་ང་ཚོས་རྒྱུས་ལོན་བྱེད་འོས་ལ་དུས་རབས་ཉེར་གཅིག་པའི་མི་རབས་འདིའི་འོས་འགན་ཡང་རེད་བསམ་གྱི་ཡོད། དེའི་སྐབས་ཀྱི་བོད་མི་རིགས་ཀྱི་འཚོ་གནས་ནི་ཕལ་ཆེར་རི་དྭགས་རྔོན་པ་ལས་གཞན་འབྲུ་རིགས་དང་ཤིང་འབྲས་སོགས་ཀྱི་ཐོན་ཁུངས་དེ་ཙམ་མེད་ཤས་ཆེ་ལ་མཐོ་སྒང་ན་རི་དྭགས་བཞིན་འཚོ་གནས་ཀྱི་དུས་དུས་ད་ལྟ་བར་མི་རིགས་དེའི་ཁྲག་རྒྱུན་དྭངས་མ་དེ་ད་དུང་རྩ་བརླག་ཏུ་སོང་མེད་པས་དེ་ནི་ང་ཚོ་ཡིན །
ལྷ་ཐོ་ཐོ་རུ་གཉན་བཙན་གྱི་དུས་སྐབས་ཤིག་ནས་བོད་ལ་ནང་བའི་ཆོས་ཀྱི་དབུ་བརྙེས་ཚུལ་དེ་མདོ་སྡེ་ཟ་མ་ཏོག་རླུང་གིས་ཁུར་ཡོང་ནས་ཕོ་བྲང་གི་ཡང་ཐོག་ཏུ་བབས་པར་གསུང་འདུག་ཀྱང་དེ་ནི་ཅུང་ཡ་མཚར་དགོས་བ་ཞིག་རེད ། དེའི་སྐབས་སུ་བོད་ལ་བོན་ཆོས་དར་ཡོད་པ་ལོ་རྒྱུས་སུ་གཅིག་གྱུར་ཡིན་ན་སྐབས་དེར་བོད་ཡིག་མེད་པས་བོན་ཆོས་དེ་ཡིག་རིགས་གང་གི་ནང་གནས་མུས་ང་ཚོས་ཁ་ཚུན་གཅོད་མི་ཐུབ་མོད། བོད་ཡིག་མ་དར་སྔོན་ལ་བོད་ལ་ཡིག་རིགས་ཤིག་ཡོད་ན་དུས་ནམ་ཞིག་ལ་ཉམས་ཆགས་སུ་སོང་མིན་མི་གསལ་བས་དཔྱད་གཞི་ཞིག་འདུག །
བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་བོད་ཡིག་འདི་གསར་བཟོ་དང་ནང་བསྟན་བོད་བསྒྱུར་དང་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་ཀྱི་་ཁྲིམས་བསྟན་ལ་ཕབ་པར་མ་ཟད་མཐའ་འཁོབ་ཀྱི་རྒྱལ་ཕྲན་མང་བོ་དབང་དུ་བསྒྱུར་བ་སོགས་ཀྱི་སྒྲུང་ཧ་ཅང་དགའ་འོས་བ་རེ་འདུག་ཀྱང་མི་ཚེ་གཅིག་གི་ནང་དེ་འདྲའི་རླབས་ཆེན་གྱི་བྱ་བ་མང་བོ་ཞིག་འགྲུབ་ཐབ་མིན་གྱི་ཐད་ལ་དེང་རབས་པ་ཚོས་དངོས་ལུགས་ཀྱི་ལམ་དཔྱད་རྒྱུ་ཡོད་པར་སེམས །
འདིའི་ཕྱོགས་སུ་ཡང་བསམ་བློ་གཏོང་རྒྱུ་གལ་ཆེན་རེད་བསམ།
སྐུ་ཞབས་རྩོམ་འབྲི་མཁན་ལགས།
༡་ ཁྱེད་ཀྱིས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནས་བཟུང་སྟེ་བན་བོན་གཉིས་བར་འགལ་བ་ཧ་ཅང་ཛ་དྲག་ཏུ་གྱུར་སྐོར་ཞིག་བྲིས་འདུག བན་དེ་ཚོར་དབང་ཆ་གུས་བཀུར་ཆེན་པོ་སྤྲད་པ་ལ་རྩོད་པ་མེད། ཡིན་ན་ཡང་བན་བོན་གཉིས་ཀྱི་འཐབ་རྩོད་སྐོར་དེ་ལོ་རྒྱུས་ཡིག་ཆ་རྙིང་པ་གང་དང་གང་ལ་ཁུངས་གཏུག་ཡོད། དེ་འབྲེལ་བཙན་པོ་ཁྲི་རལ་དང་དར་མ་སྐུ་མཆེད་ཀྱི་ནང་འཁྲུགས་སོགས་ཀྱང་བན་བོན་འཐབ་རྩོད་ལ་འབྲེལ་བ་ཡོད་སྐོར་སོགས་ལ་ལན་ཞིག་གནང་རོགས།
༢་ ཁྱེད་ཀྱིས་གསུངས་པ་ལྟར་དུ་བོན་ཟེར་བ་དེ་དེ་ལྟ་བུའི་སྤྱི་ཚོགས་ཁྲོད་དུ་དད་མོས་བག་ཆགས་ཟབ་མོ་ཡོད་པ་དང་བཙན་པོའི་གཞུང་གིས་བན་དེ་ཚོར་ཞབས་ཏོག་སྲི་ཞུ་ཞུས་པ་དེ་མི་དམངས་ཀྱིས་དགའ་བསུ་མེད་ན་སྲིད་གཞུང་མེད་པའི་བོད་སིལ་བུའི་དུས་སུ་ག་རེ་བྱས་ནས་དམངས་ཁྲོད་ནས་བོན་སླར་གསོ་བྱ་མི་ཐུབ་པར་ཚང་མ་སངས་རྒྱས་པའི་ལུགས་ཀྱི་རྗེས་འབྲངས་སུ་གྱུར་སོང་བ་རེད།
༣་ ཁྱེད་ཀྱིས་ཆོས་ལུགས་ཀྱི་དགོང་དོན་ཉམས་ལེན་གྱི་མ་འགྲིགས་པར་བོད་ཉམས་རྒུད་དུ་ཕྱིན་མདོག་ཅིག་གསུང་གིན་འདུག དཔེར་ན། ཉེ་རབས་ཀྱི་དགའ་ལྡན་ཕོ་བྲང་པ་ལ་མཚོན་ན་སྲིད་གཞུང་དེའི་དབང་འཛིན་པ་སྡེ་དཔོན་མི་དྲགས་སུ་ཞིག་གིས་འཁོར་བ་ལ་ངེས་འབྱུང་དང་། འདོད་ཆུང་ཆོག་ཤེས། བདག་ལས་གཞན་གཅེས། ལས་དང་ལས་ཀྱི་འབྲས་བུ་ལ་ཡིད་ཆེས་བྱས་རྐྱེན་གྱིས་བོད་རྒྱལ་ཁབ་ལ་གྱོང་རག་སོང་བ་རེད། དེའི་དཔེ་མཚོན་གསལ་པོ་རེ་འགོད་རོགས།
༤་ ཁྱོད་ཀྱིས་ཆོས་ལུགས་གཙོ་བོར་འཛིན་པའི་གཞུང་ཞིག་གིས་རྒྱལ་ཁབ་ནམ་ཡང་སྐྱོབ་མི་ཐུབ་ཅེས་ཚིག་ཐག་ཆོད་པོས་བཤད་པ་དེའི་དོན་ག་རེ་རེད། ཆོས་ལུགས་གཙོ་བོར་འཛིན་པའི་ཚད་དེ་ག་འདྲ་ཞིག་ལ་འཇོག་གིན་ཡོད། ཡུལ་གང་དུ་ཆོས་ལུགས་གཙོ་བོར་འཛིན་བཞིན་ཡོད་པ་རེད། དཔེ་མཚོན་གསལ་པོ་རེ་འཇོག་རོགས།
རང་ཁེ་ལས་གཞན་ཁེ་གཙོ་བོར་འཛིན་མི་རུང་ཞེས་པ་དེ་འདྲའི་བཀའ་སློབ་ཟབ་མོ་དེ་འདྲ་མ་གནང་རོགས། ཁར་སང་དེ་རིང་བོད་མི་ཚོས་གཞན་གཅེས་འཛིན་ཕར་ཞོག་མི་རིགས་དང་རྒྱལ་ཁབ་ཀྱི་སྤྱི་སེམས་ཅན་ཡང་མེད་པར་ཁྱེད་ཀྱི་ཚད་མཐོའི་རེ་སྨོན་གྱི་ཡུལ་ངོ་མ་དེར་གྱུར་ནས་རང་མགོ་གར་ཐོན་གྱི་ཆེད་དུ་འཛམ་གླིང་ཤར་ནུབ་ཚང་མར་རྒྱུག་རྒྱུག་མདུར་མདུར་རེད། རང་བཙན་ལག་དེབ་ཀྱི་མ་དངུལ་ཡང་མི་སྤྲོད་ཟེར་ནས་མནའ་སྐྱེལ་མཁན་དྲྭ་ཐོག་འདིར་བྱུང་བ་མ་མཐོང་ངམ།