ཉིན་བཀང་བོར་ལྡི་ལུ་གྲོང་ཁྱེར་གྱི་ཚ་བའི་ཁྲོད་དུ། ཡར་མར་མྱུལ་ནས་བསྡད། ཟ་ཁང་བརྫིག་པོ་ཞིག་ནང་དུ་ཕྱི་རྒྱལ་གྱི་ཟ་མ་ཟོས་ཤིང་། མཐོང་སྣང་དུ་འདྲ་མིན་དང་ལས་རིགས་ཀྱི་སྣེ་ལེན། ཁོར་ཡུག་གི་ཉོག་འཛིང་སོགས་ནས་འཛམ་གླིང་གི་བྱ་དངོས་ཡོད་ཚད་ཀྱི་འབྱུང་གནས་མི་རང་ཉིད་ཀྱི་བསགས་པའི་ལས་དབང་དང་འབྲེལ་བ་ཏན་ཏན་ཡོད་པའི་ངེས་ཤེས་རྟོགས་སུ་བཅུགས་སོང་།
ང་དང་གངས་དཀར་ལྷ་མཚོ་གཉིས་ཀྱི་བར་ན་སྐད་ཡིག་མི་འདྲ་བའི་དབང་གིས་དཀའ་ངལ་ཁ་ཤས་སམ་ཕན་ཚུན་གྱི་སེམས་གཏིང་གི་གསང་བ་ཡོད་ཚད་གླེང་མ་ཐུབ་པའི་སྐད་ཀྱི་མི་འདང་བ་བདེན་པ་ཡིན་མོད། འོན་ཀྱང་། ཕོ་མོ་ཕན་ཚུན་ལ་ཧ་ཅང་ཞེན་དྲགས་པའི་འདོད་སྲེད་ཀྱི་ཚོར་སྣང་དེའི་ངེད་གཉིས་ཇེ་དམ་ནས་ཇེ་དམ་དུ་འགྲོ་བའི་ལམ་ཐུན་མོང་མ་ཡིན་པར་གྱུར་ཡོད། དེ་ནི་འཁྲིག་སྲེད་ཀྱི་སྐབས་སུ་ངོ་ཚ་ཡོད་ཚད་སྤང་ཐུབ་པའི་ལྷན་སྤྱོར་བདེ་བ་སྤྱོད་སྟངས་ཁྱད་དུ་འཕགས་པ་ཞིག་གི་འཇིག་རྟེན་ལས་འདས་པའི་ཕ་རོལ་གྱི་ཚོར་སྣང་འགྲེལ་མེད་ནས་གཟུགས་མེད་དེ་རེད།
འགྲེལ་མེད་ནས་གཟུགས་མེད་ཀྱི་ཚོར་བ་འདི་ལ་བསྟེན་ནས་ངེད་གཉིས་ཀྱི་འཚོ་ལམ་གསར་བའི་ལམ་ཁར་བསྙེགས་ཀྱིན་ཡོད། འདི་ནི་ག་ཚོད་བར་ནས་ཇི་སྲིད་དུ་གནས་ཐུབ་མིན་དེ་ཡང་འབྱུང་འགྱུར་གྱི་འཚོ་བའི་ནང་གི་དཀའ་ངལ་དག་ལ་བསམ་ཤེས་དང་གདོང་ལེན་བྱེད་ཐུབ་མིན་གྱི་བསམ་བློའི་སྟོབས་ཤུགས་སམ་རང་དབང་གི་ཚོད་འཛིན་བྱེད་ཐུབ་ཀྱི་ཐག་གཅོད་ཅིག་ལ་བརྟེན་དགོས་སོ།
གནམ་འོག་འདིར་མི་མང་བོ་ཞིག་ལ་ཆོས་ལུགས་དང་མི་རིགས་རིང་ལུགས་ཀྱི་ལྟ་བའི་འཁྱེར་ཕྱོགས་སམ་གོམ་གཤིས་མཁྲེགས་པོ་ཞིག་གིས་མིའི་རིགས་ཀྱི་སེམས་ནང་གི་བཙན་ས་བཟུང་ཡོང་སྟབས། འདི་ཡང་མི་དང་མིའི་བར་གྱི་ལས་སླ་བོར་ཐག་གཅོད་བྱེད་དཀའ་བའི་གནད་དོན་ཞིག་ཆགས་ཡོད་ལ། མཁྲེགས་འཛིན་གྱི་བསམ་བློ་ལ་བརྟེན་ནས་འཚོ་མཁན་ཆེས་མང་བོ་ཞིག་གིས་རང་ཉིད་ཀྱི་བདེན་སྣང་ཁོ་ནའི་གནམ་འོག་འདིའི་དོན་རྐྱེན་སློང་གི་ཡོད་སྟབས། གནས་བབས་འདི་ཡང་བཟོད་བསྲན་དང་བསམ་ཤེས་ལ་བརྟེན་མིན་ལ་རེག་ལས་པ་ཡིན་པ་རེད།
གང་ལྟར། བསྟུན་ཤེས་དང་བཟོད་བསྲན། ཆོག་ཤེས་དང་མཐུན་སྒྲིལ། བརྩི་བཀུར་བཅས་ནི་མི་ཚེའི་གནད་དོན་ཐག་གཅོད་བྱེད་པའི་རང་དབང་གི་བདེ་སྐྱིད་བསྐྲུན་བྱེད་ཀྱི་ཐབས་ཤེས་དང་ལྡེ་མིག་ཁོ་ན་བསམ་ཞོར་དུ་ཉིན་གཅིག་དེ་ལྟར་སྟོང་འདང་ཆེས་མང་བོ་ཞིག་ཁྲོད་ནས་བསྐྱལ། ༡༣།༨།༠༨
སེམས་ཀྱི་དབྱངས་རྟ་འགྱུར་བའི་གཞུང་ལམ་ཞིག་ནས། རང་དབང་ནི་གཞན་དབང་གི་བྱེད་སྟངས་དང་བསྟུན་ནས་འགྲོ་དུས་ཀྱི་དེ་རིང་གི་ང་རང་ནི། ཉིན་མ་འདི་དག་གི་རིང་དུ། རྒྱ་གར་རྒྱལ་ས་ལྡི་ལུའི་ནང་གི་སྐད་གྲགས་ཆེ་བའི་ཚོང་རྭ་དང་མགྲོན་ཁང་། འཚིག་ཇ་འཐུང་ས་ནས་ཇ་ཁང་། ཟ་ཁང་ཆེས་མང་བོ་ཞིག་དུ་སོང་ན་ཡང་། རང་ཉིད་ལ་སྒོར་མོ་གཅིག་ཀྱང་མེད་སྟབས། ཁོ་མོ་ལ་བརྟེན་ནས་མི་ཚེ་བསྐྱལ་བཞིན་ཡོད་པའི་ང་རང་ནི། དེང་སྐབས་བོད་པ་མང་བོ་ཞིག་གི་རེ་བ་རྒྱགས་བཞིན་པའི་གསལ་ལེ་རྒྱལ་ཞེས་པའི་མི་ཚེ་བསྐྱེལ་ལུགས་ཤིག་རེད། འདི་ལྟར་ཁོ་མོ་ལ་བརྟེན་པའི་ང་རང་ཉིན་ནས་ཟླ། ཟླ་ནས་ལོ་མཐུད་དེ་ཁོ་མོ་ལ་བསྟེན་དགོས་སམ། དེ་འདྲ་ཞིག་མིན་པར་སྨོན། ང་རང་ལ་ཡང་རྐང་ལག་གཉིས་ཀ་ཡོད་ལ། གཟུགས་གཞི་བདེ་ཐང་ཡིན་པས་ངས་ཀྱང་རང་གི་ཁ་ལྟོ་ཙམ་ཞིག་གང་དུ་ཡང་བྱེད་མི་ཐུབ་པ་ག་ལ་སྲིད། ངས་རང་ཉིད་ལ་བཅིངས་པའི་ཡིད་ཆེས་ཧ་ཅང་ཟབ་མོ་ཡོད། འདང་ནུབ་ང་རང་ལ་རྨི་ལམ་ཡ་མཚར་ཞིག་བྱུང་། ཧ་ཅང་གི་རི་མཐོན་པོ་ཞིག་གི་ནང་ནས་ཐང་ག་མང་བོ་ཞིག་གི་ཁྲོད་དུ་ངས་ངོ་ཤེས་པ་ནི་༧་རྩ་བའི་བླ་མའི་སྐུ་ཐང་གཅིག་བུ་རེད།
ངས་ནམ་རྒྱུན་དུ་གང་ཞིག་བོར་ཟིན་པ་ལྟ་བུ་ཞིག་འཚོལ་གྱིན་པ་ལྟ་བུའི་ཚོར་བ་ཞིག་གིས་ང་རང་གི་མི་ཚི་འདི་བསྐྱལ་གྱིན་འདུག འདི་ནི་རང་ཉིད་འཇིག་རྟེན་ལ་ཞེན་ཆགས་ཆེ་བའི་མ་ཡིན་སྙམ། དེས་ན་གཞན་ཞིག་འདུག དེ་ཡང་གསལ་བོ་ཞིག་བཤད་ཤེས་ཐབས་ཁག་པོ་ཆགས་ཡོད།
ང་རང་དུས་རྒྱུན་དུ་བརྩེ་དུང་གི་སྐོར་ལ་བསམ་བློ་མང་བོ་གཏོང་བ་ནས་བརྩེ་དུང་གི་ལ་རྒྱ་ཡོད་མཁན་ནས། མི་དང་མིའི་བར་གྱི་བརྩེ་དུང་ལ་འགན་ལེན་བྱེད་མཁན་གྱི་སེམས་ཚོར་ཞིག་ཡོད་ཀྱང་། དེ་རིང་ནི་ང་དང་གསར་དུ་འགྲོགས་པའི་དགའ་རོགས་གངས་དཀར་ལྷ་མཚོ་དང་ངེད་གཉིས་ཀྱི་བར་དུ་སྐད་ཆ་བཤད་མཚམས་བཞག་ནས་ཆུ་ཚོད་ཁ་ཤས་ཤིག་སོང་བའི་རིང་དུ། ངས་ཁོ་མོ་ལ་སེམས་གསོ་ཇི་ལྟར་བྱེད་དགོས་པའི་གནས་ལུགས་དང་རྒྱུ་མཚན་ཅི་ཡང་རྙེད་ཀྱི་མི་འདུག་ལ། ཁོ་མོས་ཀྱང་ང་རང་ལ་སྐད་ཆ་ཚིག་གཅིག་གྱང་ཚུར་གླེང་བའི་འགོ་རྩོམ་གྱི་མི་འདུག ཕྱོགས་གཅིག་ནས་ཁོ་མོའི་གྲོད་ཁོག་ན་ཟུག་གི་རྐྱེན་དང་ཕྱོགས་གཉིས་ནས་ངས་ཁོ་མོ་ལ་སྐད་ཆ་ཚིག་གཅིག་བཤད་ནོར་ཐེབས་སྟབས། ཁོ་མོ་ཁོང་ཁྲོ་སྐྱེས་ནས་དེ་རིང་གི་ཉིན་མ་འདིར་ངེད་གཉིས་ལ་ཉིན་གུང་དང་དགོང་ཟས་ཀྱང་མེད་པར་ལུས་སོང་།
རྒྱུ་མཚན་ནི་ང་རང་གྲོད་ཁོག་ལྟོགས་ཀྱང་། ཁོ་མོས་ང་རང་ལ་ཟ་མ་ཟ་རུ་འགྲོ་བར་མ་སྐུལ་ན། ང་རང་ལ་སྒོར་མོ་གཅིག་གྱང་མེད་པར་ཁོ་མོ་ལ་བསྟེན་མཁན་གྱི་གསལ་ལེ་རྒྱལ་དུ་འབོད་པའི་མི་དེ་ཆགས་ནས་འཚོ་བ་བསྐྱེལ་བཞིན་ཡོད་སྟབས། ངས་ཁོ་མོ་ལ་ངོ་དགའ་དང་སྤྲེལ་ལད་ཇི་ལྟར་བྱེད་དགོས་མིན་མ་ཤེས་པར་ལུས་ཡོད།
ཕྱིར་མགྲོན་ཁང་དུ་སླེབས་པ་ནས་ཁོ་མོས་ང་རང་ལ་སྐད་ཆ་ཚིག་གཅིག་གིས་ཀྱང་ང་རང་གྲོད་ཁོག་ལྟོགས་ཀྱི་ཡོད་དྲིས་མ་སོང་ལ། ངས་ཀྱང་ཁོ་མོ་ལ་ཇི་ལྟར་སྐད་ཆ་བཤད་དགོས་པ་ཡང་མ་ཤེས་པར། རང་རང་གི་ས་ནས་སང་ཉིན་གྱི་ཉིན་མ་ཤར་བར་སྒུག་རྒྱུ་དེ་རེད། འདི་ནི་གཞན་དབང་གི་འཚོ་བ་དེ། རང་ཉིད་ལ་མེད་ན་གང་དུ་ཡང་མེད་ཟེར་བའི་སྡུག་བསྔལ་དེ་ང་རང་གི་ཐོག་དུ་འབབས་སོང་པ་ལོས་ཡིན་སྙམ་བཞིན་དུ་ཉལ་དུ་སོང་། ༡༦།༠༨།༠༨
མུ་འགོད།
ངས་རྩོམ་འཁྱོགས་རེ་གཉིས་ཤིག་བྲིས་ཡོད་པས་ཁྱེད་ཀྱིས་ཀློག་པ་དང་བལྟ་ཚུལ་གསུངས་པར་རེ་བ་ཡོད།
སྙན་པོ་བྱུང་ཐུགས་རྗེ་ཆེ་གནང།