དེ་རིང་གཟའ་ལྷག་པ་ཉིན་༸གོང་ས་མཆོག་གིས་ནོར་གླིང་འཆི་མེད་དགའ་ཚལ་གླིང་དུ་མང་ཚོགས་ལ་གསུང་ཆོས་བསྩལ་སྐབས། ༸གོང་ས་སྐུ་ཕྲེང་ ༡༤མཆོག་གིས་བོད་གཞུང་དགའ་ལྡན་ཕོ་བྲང་བསྡུ་གསོག་བརྒྱབ་པ་དེ་དུས་དང་འཚམ་པ་དང་། ༸གོང་ས་སྐུ་ཕྲེང་རིམ་བྱོན་ནི་ཆོས་ལུཊ་རིས་མེད་ཡིན་ཚུལ། ༸རྒྱལ་བ་གོང་མ་རྣམས་ཁམས་སྤྲུལ་རིན་པོ་ཆེ་དང་དམིཊ་བསལ་འབྲེལ་བ་ཡོད་སྐོར་སོཊ་གསུངས་སོང་།
ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཚེས་ ༤ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ དང་ཕྱེད་ཀའི་སྟེང་། ༸གོང་ས་མཆོག་གིས་བཞུགས་སྒར་ངྷ་སའི་ཉེ་འདབས་སུ་ཡོད་པའི་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་འཆི་མེད་དགའ་ཚལ་གླིང་དགོན་པའི་ཚོགས་རའི་ནང་། ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་རྣམ་གྲྭ་མཁན་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གཙོས་པའི་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་དང་། ཕྱི་རྒྱལ་དང་ས་གནས་བོད་རིགས་སེར་སྐྱ་མང་ཚོགས་ ༣༠༠༠ བརྒལ་བར་དུས་ཡུན་ཉིན་རིང་གསུམ་རིང་གསུང་ཆོས་གནང་མགོ་བཙུགས་ཡོད་ཅིང་། ཕྱི་ཚེས་ ༦ ཉིན་མང་ཚོགས་ལ་བཀའ་བརྒྱད་ཀྱི་དབང་བཅས་བསྩལ་རྒྱུ་ཡིན་འདུག
གསུང་ཆོས་མགོ་འཛུགས་མ་གནང་༸གོང་ས་མཆོག་གིས་མང་ཚོགས་ལ་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་བའི་འཆི་མེད་དགའ་ཚལ་གླིང་དགོན་པ་འདི་ནི། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་གསར་བཞེངས་གནང་བ་ཞིག་ཡིན་ཚུལ་དང་། ཁམས་སྤྲུལ་རིན་པོ་ཆེ་མཆོག་ནི་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་དམིགས་བསལ་འབྲེལ་བ་ཡོད་སྐོར་གསུངས་ཏེ། “ དགོན་པ་འདི་ཐོག་མར་རྒྱག་སྐབས་རིན་པོ་ཆེ་ངེད་གཉིས་བར་སྐད་ཆ་བྱུང་བ་རེད།དེ་ནས་ངས་མོ་བརྒྱབ་སྟེ་དགོན་པ་བརྒྱབ་ན་ཡག་པོ་འདུག་ཞུས་པའི་སྐབས་ལ། རིན་པོ་ཆེའི་སློབ་མ་དད་པ་ཅན་ཚོས་ཕྱག་རོགས་ཞུས་ཏེ་དགོན་པ་ལེགས་གྲུབ་བྱུང་བ་རེད། ཁ་སྔོན་རིན་པོ་ཆེ་མཆོག་གིས་གསང་བ་རྒྱ་ཅན་ནང་གི་བཀའ་བརྒྱད་ཀྱི་དབང་གི་ཆོས་འབྲེལ་བྱུང་ན་ཞུས་པ་རེད། མ་གཞི། རིན་པོ་ཆེ་མཆོག་༸རྒྱལ་བ་གོང་མ་རྣམས་དང་ཚེ་རབས་མང་པོར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་གསལ་པོ་རེད། ད་ལྟ་དགུང་ལོ་མཐོ་པོར་ཕེབས་ཏེ་སྐུ་གཟུགས་སྐྱོ་བོ་རེད། ཡིན་ནའང་། དེ་རིང་བཀའ་བརྒྱད་ཀྱི་དབང་བསྐུར་རྒྱུའི་གོ་སྐབས་བྱུང་བ་འདི་སྐལ་བ་བཟང་པོ་རེད། ” ཅེས་གསུངས་བྱུང་།
༸གོང་ས་མཆོག་གིས་རྒྱལ་བ་དགེ་འདུན་གྲུབ་པ་དང་དགེ་འདུན་རྒྱ་མཚོ། ༸གོང་ས་ལྔ་པ་ཆེན་པོ་དང་བཅུ་གསུམ་པ་ཆེན་པོ་རྣམས་ནི། དོན་དམ་ཐོག་ཆོས་ལུགས་རིས་མེད་གནང་མཁན་སྐྱེས་ཆེན་ཡིན་ཚུལ་ངོ་སྤྲོད་སྐོར་གནང་རྗེས། “ ང་རང་གིས་ཡོངས་འཛིན་རྣམ་པ་གཉིས་དང་། སྟག་བྲག་རིན་པོ་ཆེ་དང་སྐྱབས་རྗེ་ཕ་བོང་ཁ་སོགས་ཀྱི་མདུན་ནས་དགེ་ལུགས་གཙོ་བོ་བྱས་ཡོད་ཀྱང་། ངས་ཡོངས་འཛིན་རྣམ་པ་གཉིས་འཚོ་བཞུགས་སྐབས། ང་རང་༸རྒྱལ་དབང་གི་ཁྲིའི་སྒང་ལ་བསྡད་ཡོད་པའི་ཆ་ནས། ༸རྒྱལ་དབང་གོང་མ་ཚོའི་གནང་སྟངས་དེ་ང་རང་གིས་མཇུག་སྐྱོང་དགོས་ཀྱི་འདུག་ཅེས་ཞུས་སྐབས། ཡོངས་འཛིན་རྣམ་གཉིས་ཀྱིས་རྒྱབ་སྐྱོར་གཙང་མ་གནང་སོང་། དེ་ནས་རིམ་པས་རིས་མེད་སྐྱེས་ཆེན་དམ་པ་ཚོའི་མདུན་ནས་གསུང་ཆོས་མང་པོ་ཞུས་ཡོད་ལ། གསུང་ཆོས་ཞུས་ཐེངས་རེར་ཁ་ཐུག་ཡོངས་འཛིན་རྣམ་གཉིས་ལ་སྙན་སེང་ཞུས་པ་ཡིན། གསང་བ་རྒྱ་ཅན་དེ་སྟག་བྲག་རིན་པོ་ཆེའི་མདུན་ནས་ཞུས་པ་རེད། དེའི་རྒྱུད་པ་དེ་ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེ་ཡིན་པ་རེད། དེ་རིང་ཆོས་ཉན་མཁན་ཚོ་ཡང་སོ་སོའི་ཁོངས་ས་དགེ་བཀའ་རྙིང་གང་འདྲ་ཞིག་ཡིན་རུང། བོད་གངས་ཅན་གྱི་སངས་རྒྱས་བསྟན་པ་གཅིག་གྱུར་ཡིན་པའི་ཆ་ནས། ང་ཚོ་འདིར་འཛོམས་ཀྱི་ཡོད་པ་རེད། ང་རང་ལ་མཚོན་ན། ས་དགེ་བཀའ་རྙིང་ཚང་མའི་དབང་ལུང་ཁྲིད་གསུམ་གང་ཐུབ་ཀྱིས་ཉམས་ལེན་བྱེད་ཀྱི་ཡོད་ལ། རིས་སུ་མ་ཆད་པའི་བླ་མ་གོང་མ་ཚོའི་གསུང་མཇལ་བའི་སྐབས། གཅིག་གིས་གཞུང་གི་གོ་བ་ཆ་ཚང་མ་ལོན་པ་ཞིག་གཞུང་གཞན་ནས་གོ་བ་ལེན་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་འདུགདེ་ཡིན་དུས། རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་ཞབས་འདེབས་ཕྲན་བུ་བསྒྲུབ་ཐུབ་ན་བསམ་པ་ཡིན་ ” ཞེས་གསུངས་སོང་།
མཐར་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་བཅོས་བསྒྱུར་ཀྱི་གནས་བབ་ཐད་གསུངས་དོན། “ བོད་གཞུང་དགའ་ལྡན་ཕོ་བྲང་ཐོག་མར་འཛུགས་མཁན་༸གོང་ས་ལྔ་པ་ཆེན་པོ་རེད། ང་རང་དགའ་ལྡན་ཕོ་བྲང་བསྡུ་གསོག་རྒྱག་མཁན་དེ་ཆགས་ཡོད་པ་རེད། ༸གོང་ས་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དབང་ལུང་འཛིན་ཆེད་གསར་འཛུགས་བྱས་ཡོད་ཀྱང་། ༸གོང་ས་གོང་མའི་སྐྱེས་ཕྲེང་འཛིན་མཁན་སྐུ་ཕྲེང་ ༡༤ པ་བསྟན་འཛིན་རྒྱ་མཚོ་ང་རང་གིས། ལོ་ངོ་ ༤༠༠ ཙམ་གྱི་ལོ་རྒྱུས་ཡོད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་བསྡུ་གསོག་བརྒྱབ་པ་རེད། ད་ཆ་བླ་མས་གཞུང་གི་དབང་ཆ་འཛིན་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། འདོད་རུང་མ་འདོད་རུང་དངོས་ཡོད་གནས་ཚུལ་ཐོག་དུས་ཚོད་ཡོལ་ཟིན་པ་རེད། ཆོས་ཕྱོགས་ནས་བཤད་ན། ང་ཚོས་སེམས་ཅན་ཐམས་ཅད་བཤད་ཀྱི་ཡོད་པ་མ་གཏོགས་སེམས་ཅན་ཉུང་ཤས་ཤིག་གི་ཆེད་དུ་བཤད་ཀྱི་ཡོད་པ་མ་རེད། འཛམ་གླིང་གི་བདག་པོ་དེ་འཛམ་གླིང་མི་དམངས་རེད་མ་གཏོགས། འཛམ་གླིང་དེ་བླ་མ་ལ་བདག་ཡོད་པ་མ་རེད། དཔོན་པོ་ལ་བདག་ཡོད་པ་མ་རེད། རྒྱལ་པོ་དང་རྒྱལ་མོ་ལའང་བདག་ཡོད་པ་མ་རེད། འཛམ་གླིང་འདི་འཛམ་གླིང་མི་དམངས་ལ་དབང་ཡོད་པ་ནང་བཞིན། ཡུལ་གྲུ་སོ་སོའང་མི་དམངས་ལ་དབང་ཡོད་པ་རེད་མ་གཏོགས། ང་རང་བླ་མ་དཔོན་པོ་ཡིན་ཟེར་ས་རྩ་བ་ནས་ཡོད་པ་མ་རེད། ལོ་སུམ་བརྒྱ་བཞི་བརྒྱའི་གོང་གི་གནས་ཚུལ་ཁ་ཁ་རེད། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་བསླེབས་ཡོད་པ་རེད། ཡུལ་ལུང་དེ་དག་མི་དམངས་ལ་དབང་བ་ཡིན་སྟབས། ཡུལ་ལུང་དེ་དག་མི་དམངས་ཀྱིས་བདག་པོ་རྒྱག་སྟངས་དེ། མི་དམངས་ཀྱིས་འོིས་བསྡུ་བྱས་ཏེ་སྤྱི་མོས་ཐོག་ཡོང་བའི་མི་དེས་འགན་འཁུར་དགོས་པ་རེད། མི་དེ་མི་དམངས་འོས་བསྡུའི་ལམ་ནས་ཡོང་བ་ཡིན་སྟབས། གནས་ཚུལ་གང་ཡིན་རུང་མི་དམངས་ལ་གོ་བསྡུར་བྱ་དགོས་ཀྱི་ཡོད། མི་དམངས་ཀྱིས་བསྐོས་པའི་དཔོན་པོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། མང་གཙོའི་འགྲོ་སྟངས་དེ་ཡག་ཤོས་ཆགས་ཡོད་པ་རེད། ༸གོང་ས་ལྔ་པ་ཆེན་པོས་ལོ་ ༤༠༠ གོང་ལ་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་པ་རེད། ང་རང་གིས་དུས་རབས་ཉེར་གཅིག་པའི་དངོས་ཡོད་གནས་ཚུལ་ལ་བལྟས་ཏེ་བསྡུ་གསོག་བརྒྱབ་པ་རེད། ཡིན་ནའང་། ༸གོང་ས་ལྔ་པ་ཆེན་པོས་བཙུགས་པ་དེ་ངས་གཏོར་བཤིག་བཏང་བ་དེ་འདྲ་མ་རེད། ༸གོང་ས་མཆོག་ལྔ་པ་ཆེན་པོར་མཛད་རྗེས་ཡོད་བསྡད་པ་དེ། ང་རང་གིས་ད་ལྟའི་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་འགྱུར་བ་བཏང་བ་ཞིག་ཆགས་ཡོད། དེ་ཡིས་བོད་ཀྱི་བདེན་པའི་འཐབ་རྩོད་བྱ་རྒྱུའི་སྒྲིག་འཛུགས་ཇེ་བརྟན་དུ་བཏང་ཡོད་པ་རེད། སྒྲིག་འཛུགས་དེ་སྲ་བརྟན་ཕུགས་འཕེར་བཟོས་པ་རེད་མ་གཏོགས། དེ་ཤུགས་ཆུང་དུ་འགྲོ་བ་དེ་འདྲ་རྩ་བ་ནས་ཆགས་མེད། ” ཅེས་གསུངས་བྱུང་།
གནས་མཆོག་མཚོ་པདྨའི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡ པའི་སྟེང་༸གོང་ས་མཆོག་ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་ནོར་གླིང་ས་གནས་མང་ཚོགས་ཀྱིས་ཕེབས་བསུའི་ཁྲོད་འཆི་མེད་དགའ་ཚལ་གླིང་རྙིང་དགོན་དུ་ཆིབས་བསྒྱུར་གནང་ཡོད་ཅིང་། མདང་དགོང་དགོན་པ་དེར་ཞག་བཞུགས་གནང་ཡོད་འདུག
གསར་འགོད་པ། དཔལ་ལྡན།
འཆི་མེད་དགའ་ཚལ་གླིང་ལས་ཆེ་སྡུག་པ་རྡ་ས་ཚེ་མཆོག་གླིང་ནང་དུ་འདུལ་ཁྲིམས་ཉམས་ཆགས་སུ་སོང་ནས་ད་ཆ་དགོན་པ་འདི་ཁྱིམ་ཚང་ཞིག་ཏུ་གྱུར་ཡོད་པ་མ་ཟད་གྲྭ་རྒྱུན་ཞེ་དྲགས་མེད་པའི་གནས་ཚུལ་དྲྭ་ལམ་ཁ་ཤས་ནང་དུ་གསལ་འདུག
ཁམས་སྤྲུལ་རིན་པོ་ཆེའི་དགོན་པ་འཆི་མེད་དགའ་ཚལ་གླིང་དུ་༧གོང་ས་མཆོག་གདན་འདྲེན་བྱས་པ་དང་གསུངས་ཆོས་ཞུས་པ་སོགས་རྗེས་སུ་ཡི་རིང་དང་རྒྱབ་སྐྱོར་ཡོད་ཐུགས་རྗེ་ཆེ།
ཞར་བྱུང་དུ་ཞུ་འདོད་ཡོད་པ་ཞིག་ལ་༧གོང་ས་མཆོག་གདན་འདྲེན་བྱས་ནས་ཁོང་གི་མདུན་ནས་གསུང་ཆོས་ཞུ་པ་ཡིན་ན་ཁོང་གི་བཀའ་གསུང་དང་ལེན་བྱ་རྒྱུ་གལ་ཆེན་པོ་རེད། ༧གོང་ས་མཆོག་གིས་གསུང་དོན་འཛམ་གླིང་འདི་འཛམ་གླིང་མི་དམངས་ལ་དབང་ཡོད་པ་ནང་བཞིན། ཡུལ་གྲུ་སོ་སོའང་མི་དམངས་ལ་དབང་ཡོད་པ་རེད་མ་གཏོགས། ང་རང་བླ་མ་དཔོན་པོ་ཡིན་ཟེར་ས་རྩ་བ་ནས་ཡོད་པ་མ་རེད་གསུངས་བཞིན་ཁམས་སྤྲུལ་དགོན་པའི་བླ་སྤྲུལ་དང་གནད་ཡོད་མི་སྣ་གསུངས་ཆོས་ཞུ་ཡོངས་ཀྱི་ཐུགས་བསམ་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་ཤེས་རེད།
༢༠༡༡ཟླ་༡༠་བའི་ནང་རྡ་ས་གཏན་སྡོད་ཕོ་གསར་གཅིག་དང་བོད་ནས་གསར་དུ་སླེབ་པའི་གྲྭ་བ་ཞིག་ང་ཚོ་གསུམ་ནོར་གླིང་དུ་ལས་དོན་ཞིག་གི་ཆེད་དུ་འགྲོ་སྐབས་དེ་ཀའི་དགོན་པ་དང་སློབ་གྲྭ་ཚོར་ལྟ་སྐོར་ལ་སོང་བ་ཡིན།
ང་ཁམས་སྤྲུལ་དགོན་པ་རྒྱུས་མེད་ཡང་སྔོན་མ་ནས་གོ་མྱོང་ཡོད།
འཚམས་ཞིག་ལ་འཆི་མེད་དགའ་ཚལ་གླིང་ཟེར་བ་ཞིག་དགོན་པ་གསར་ཉམས་ཅན་སྤས་དག་ཞིག་གི་ནང་དུ་སླེབས་ནས་དགོན་འདིའི་སྤྱི་ནང་ཀུན་ལ་ཞིབ་ལྟ་བྱས་པ་ཡིན།
འདུ་ཁང་གི་སྒོ་ཕུག་ནང་གྱང་ལྷ་ནང་བཞིན་ཁྲི་ཆེ་ཆུང་ཁ་ཤེས་ཐོག་བོད་ཀྱི་བླ་མ་་རེའི་འདྲ་བྲིས་དང་གཡས་གཡོན་སོགས་ལ་སྐྱེ་དམན་སོགས་མི་ཁ་ཤེས་ཀྱི་འདྲ་བྲིས་ཞིག་མཐོས་སོང་།
སྐབས་དེར་ང་ཚོ་གསུམ་རང་རང་སར་སོ་སོའི་དཔྱད་པ་བྱས་ནས་ཅོང་ཙམ་འགོར་རྗེས་རྡ་སའི་ཕོ་སར་དེའི་གདོང་ལ་འཛུམས་ཞིག་ལང་ནས་འདི་ཁྱེད་གཉིས་ཀྱི་གང་ཡིན་ཤེས་ཀྱིན་འདུ་བེ་ཞེས་དྲི་བ་ཞིག་སླེབས་སོང་།
ངའི་བསམ་པར་དེ་ཡག་པོ་ཞིག་བཤད་རྒྱུ་ཡིན་ས་མ་རེད་བསམ་བཞིན་ངའི་མི་ཤེས་དེ་ག་རེ་རེད་དྲིས་པ་ཡིན།
དེའི་དཀྱིལ་ཏུ་ཁྲི་ཐོག་ལ་ཡོད་པ་དེ་ཁམས་སྤྲུལ་རིན་པོ་ཆེ་དང་ཁྲི་ཆུང་བ་ཚོའི་སྟེང་དུ་ཡོད་པ་དེ་ཚོར་ཁོའི་བུ་རེད། མཐའ་སྐོར་དུ་ཡོད་པ་དེ་ཚོ་ཁོང་སང་གི་བུ་དང་བུ་མོ་མནའ་མ་དམག་པ་ཚ་ཕྲུག་ཡང་ཕྲུག་དེ་ཚོ་རེད་ཟེར་ནས་རྒྱུས་ཡོད་མདོག་མང་པོ་བཤད་འདུག་ད་དུང་དེའི་ནང་ནས་བུ་མོ་གཅིག་ལ་འཛུབ་མོ་བཙུགས་ནས་དེ་ད་ལྟའི་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ཚང་གི་བུ་མོ་རེད་བུ་འདིའི་མ་མནའ་མ་རེད་ཁོ་ཡང་སྔོན་མ་བུ་མོ་འདི་ལ་དགའ་བོ་བྱེད་འདོད་ཡོད་ལ་རྗེས་སུ་འདི་སང་གི་མནའ་མ་ཆག་འདུག་ཞེས་རྩེད་མོའི་ཚུལ་བཤད་སོང་།
དེ་དུས་ངས་མཐོང་ཐོས་ཡོད་པའི་རྒྱ་བལ་འབྲུག་གསུམ་སོགས་ལ་དགོན་པ་ཆུང་ཆུང་རེ་རྒྱབ་ནས་བལ་ཡུལ་འཕྲུ་གུ་ཁ་ཤེས་བླང་ནས་སྒེར་ཆོད་རང་ལུགས་བྱས་ནས་དགོན་ནང་ལ་དགེ་རྒན་སྤས་དག་གཅིག་ཀྱང་མེད་པ་མ་ཟད། ཁོས་སྐྱེ་དམན་ལ་མཁའ་འགྲོ་དང་སྤུན་མཆེད་ལ་སྐུ་མཆེད་ཟེར་ནས་སྟོད་ཚིགས་རྐྱང་རྐྱང་དགོས་པ་དང་སྟོད་ཚིག་མང་པོ་མི་བྱེད་མཁན་མི་དྲང་མོ་དང་སྤྱི་སེམས་ཡོད་མཁན་དག་ལ་སྡང་ཟུག་དང་བཅས་དགོན་པར་འདུག་མི་ཐུབ་པའི་ཆར་གཞི་བང་སྒྲིག་ནས་རིན་པོ་ཆེའི་མཁའ་འགྲོ་དང་སྐུ་མཆེད་སོགས་ཀྱི་འཆར་གཞི་ལྡན་པའི་སྒོ་ནས་ལྟ་བ་མི་མཐུན་མཁན་ཆོས་འདུལ་བའི་ཕྱག་སྲོལ་རྒྱུན་སྐྱོང་བྱེད་འདོད་ཡོད་མཁན་ཚོར་དགྲ་བོ་ནང་བཞིན་ཕྱིར་ཕུད་ནས་རིན་པོ་ཆེའི་གྲྭ་ཚང་བཙོང་ནས་སྒོར་མོ་མང་དག་ཞིག་བསོག་ཐབས་ལ་འབད་རྩོན་བྱས་ནས་ཁོང་སང་གི་གཟའ་མི་དང་ཉེ་འབྲེལ་ཚོའི་མ་འོངས་པའི་འཚོ་བ་སྐྱེལ་སའི་ཚོང་རྭ་ལྟ་བུ་ཡོད་པ་དེ་ཚོའི་བྱ་སྤྱོད་དེ་ངས་གླིང་བ་ཡིན།
དེ་དུས་བོད་ནས་ཕེབས་པའི་གྲྭ་དེའི་བོད་ནང་ལ་རྒྱ་བླ་ཟེར་མཁན་དེ་ཚོ་མང་ཆེ་བ་དེ་འདྲ་རང་རེད། མ་ཟད་ཡུལ་ཁམས་ཀྱི་ཤི་སོན་གཉིས་ཀྱི་རེ་བ་བྱེད་ས་དེ་ཚོའི་ནང་ལ་བྱ་སྤྱོད་འཇིག་སུ་རུང་བ་དང་་མགོ་མ་ཚོས་མཁན་མང་པོ་ཡོད་པ་རེད་ཟེར་ནས་མགོ་འཕྲེད་ལ་གཡུག་ཞོར་དུ་ང་ཚོ་བོད་པའི་མི་འཇོན་པ་སེམས་སྐྱོ་དགོས་པ་ཞིག་རེད་ཟེར།
དགོན་པ་དེ་དེ་འདྲ་ཞིག་ཡིན་དང་མི་ངས་གསར་བོ་ཞིག་རྒྱུས་ལོན་མེད་ལ་འདུ་ཁང་སྒོ་ཕུག་ནང་པར་བྲིས་དེའི་ང་ཚོ་ཚོར་སྣ་ཞིག་བྱུང་བའི་ལོ་རྒྱུས་ངས་འདི་ནས་བཤད་འདོད་བྱུང་སོང་དགོངས་འགལ་མེད་པར་ཞུ།
དགོན་པ་དེར་འཛིན་སྐྱོང་སྤེལ་གསུམ་དང་འཆད་རྩོན་རྩོམ་གསུམ་ཐོས་བསམ་སྒོམ་སོགས་ངན་པ་ཞི་ཡིན་ན་བཟང་བོ་ཡོང་བ་དང་བཟང་བོ་ཞིག་ཡིན་ན་གོང་ནས་གོང་དུ་འཕེལ་བས་རེ་འདུན་ཡོད།
བཀའ་དྲིན་ཆེའོ་དགའ་ལྡན་ཕོ་བྲང་གཞུང་། །
ས་ཡི་སྲོག་ཡིན།།
སྐྱེ་འགྲོའི་དབུགས་ཡིན།།
མཁའ་ཡི་འོད་ཡིན།།
མི་ཡི་སྙིང་ཡིན།།
དུས་རྟག་ཏུ་བརྟན།།
འགྲོ་ཀུན་ལ་ཕན།།
ནམ་ཡང་མཇལ་ཤོག།
གསོལ་བ་འདེབས་སོ།།
དགའ་ལྡན་ཕོ་བྲང་༸གོང་ས་ལྔ་པས་བཙུགས། །
གསང་བ་རྒྱ་ཅན་༸གོང་ས་ལྔ་པའི་ཆོས། །
ཆོས་ལུགས་རིས་མེད་༸གོང་ས་ལྔ་པས་གནང་། །
དགེ་རྙིང་རིས་མེད་༸གོང་ས་ལྔ་པ་ཡིན། །
༸གོང་ས་ལྔ་པས་གུ་རུ་ཡི་དམ་བསྟེན། །
༸གོང་ས་ལྔ་པས་གུ་རུའི་ལུང་བཞིན་སྒྲུབ། །
༸གོང་ས་ལྔ་པས་གཏེར་མའི་ལུང་བཞིན་དུ། །
༸གོང་ས་ལྔ་པས་པོ་ཊ་ལ་ཡང་བཞེངས། །
༸གོང་ས་ལྔ་པའི་མངའ་ཐང་མཐའ་ལ་རྒྱས། །
༸གོང་ས་ལྔ་པའི་ཕོ་བྲང་བོད་མིའི་རྒྱན། །
༸གོང་ས་ལྔ་པ་མཛད་རྗེས་བོད་ལ་ཆེ། །
༸གོང་ས་ལྔ་པ་ནང་བཞིན་བྱོན་པར་དཀའ། །