ད་ནིང་ཞོགས་པ་ནང་པའི་གནས་ཆེན་རྡོ་རྗེ་གདན་གྱི་མཆོད་རྟེན་ཕྱི་ནང་དུ་འགད་རྫས་ ༨ གཏོར་བའི་དོན་རྐྱེན་བྱུང་འདུག
དེ་རིང་ཞོགས་པའི་ཆུ་ཚོད་ ༥ དང་སྐར་མ་ ༡༥ ཙམ་ལ་ནང་པའི་གནས་ཆེན་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ར་བའི་ནང་གི་བྱང་ཆུབ་ཤིང་གི་འཁྲིས་སུ་དུས་བཀག་འགད་རྫས་གཅིག་འཐོར་ཡོད་ཅིང་། དེའི་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་། མཆོད་མེ་ལྷ་ཁང་དང་སྟོན་པ་སངས་རྒྱས་ས། གྲྭ་མང་གི་ཚོགས་རའི་ཉེ་འགྲམ། གཏེར་སྒར་དགོན་པའི་ཉེ་འཁྲིས། ཉི་ཧོང་གི་སྟོན་པའི་སྐུ་བརྙན་འགྲམ་བཅས་སུ་གཅིག་རྗེས་གཉིས་མཐུད་ཐོག་འགད་རྫས་ ༧ འཐོར་འདུག་ལ། འགད་རྫས་དེ་དག་ལས་ ༤ མཆོད་རྟེན་ར་བའི་ནང་དང་ ༤ ར་བའི་ཕྱི་ལོགས་སུ་འཐོར་འདུག གཞན་འགད་རྫས་ར་བའི་ནང་ནས་དུས་བཀག་ལྟར་མ་འཐོར་གོང་ཤེས་རྟོགས་དང་ཉེན་འགོག་ཐུབ་ཡོད་པ་དང་། འགད་རྫས་གཅིག་ར་བའི་ཕྱི་ལོགས་ནས་དུས་ལྟར་ལམ་ལྷུང་མ་བྱུང་པར་ལྷག་ཡོད་པ་རྙེད་གསོན་བྱུང་འདུག
འགད་རྫས་དོན་རྐྱེན་ཁྲོད་འབར་མའི་གྲྭ་བ་ཞིག་ཚུད་པའི་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག འགད་རྫས་འཐོར་སྐབས་ཞོགས་པ་སྔ་མོ་ཡིན་སྟབས། མཆོད་མཇལ་བ་མང་པོ་མེད་པས་ཤི་རྨས་ཚབས་ཆེན་གྱི་བྱུང་མི་འདུག དོན་རྐྱེན་བྱུང་ཡུལ་དུ་མངའ་སྡེ་བློན་ཆེན་གཟིགས་སྐོར་དུ་ཕེབས་ཡོད་པ་མ་ཟད། མངའ་སྡེ་དང་དབུས་གསང་པའི་མི་སྣ་ཞིབ་བཤེར་དུ་ཡོང་ཡོད་འདུག
ཐེངས་འདིའི་དོན་རྐྱེན་དེ་མ་བྱུང་པའི་ཟླ་ ༨ གོང་རྒྱ་གར་གསང་པའི་ལས་ཁུངས་ཀྱིས་རྡོ་རྗེ་གདན་གྱི་མཆོད་རྟེན་ལ་དྲག་སྤྱོད་པས་འགད་རྫས་གཏོར་སྐྱོན་གཏོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག ཉེན་བརྡ་བཏང་རྗེས་བདེ་སྲུང་མི་སྣ་ཁ་སྣོན་བྱས་ཡོད་འདུག གནད་དོན་དེའི་ཐད་ཕྱོགས་འགལ་ཚོགས་པས་གཞུང་ལ་ཤེས་རྟོགས་ཡོད་བཞིན་དུ་དྲག་ སྤྱོད་པའི་གཏོར་རྒོལ་བྱུང་པ་དེ་ནི། གཞུང་གིས་སྣང་མེད་དང་འཐུས་ཤོར་དུ་བཏང་པའི་སྐྱོན་བརྗོད་ཤུགས་ཆེར་བྱེད་ཀྱི་ཡོད་འདུག
རྒྱ་གར་གྱི་གསར་ལམ་ཁག་གི་ནང་ཐོན་བཞིན་པའི་གནས་ཚུལ་ནང་། དེ་སྔོན་ལྡི་ལི་ཉེན་རྟོག་པས་མུམ་བྷཡེ་(Mumbai) འགད་རྫས་དོན་རྐྱེན་དང་འབྲེལ་བའི་དྲག་སྤྱོད་པ་འཇུ་བཟུང་པ་ཞིག་གིས། ལྡི་ལི་དང་རྡོ་རྗེ་གདན་གཉིས་ལ་འགད་རྫས་གཏོར་རྒོལ་བྱ་འཆར་ཡོད་ལུགས་བརྗོད་ཡོད་ཚུལ་ཞིག་དང་། ཡང་གསར་ལམ་ཁག་ཅིག་ཏུ་དོན་རྐྱེན་འདི་ནི་ཉེ་ཆར་འབར་མའི་ནང་པ་ཚོས་ཁ་ཆེ་བར་དྲག་རྒོལ་རྡུང་རྡེག་ཚབས་ཆེན་བཏང་པ་དེར་འཁོན་ལན་སློག་པ་ཞིག་ཡིན་ཚུལ་བཅས་རྒྱུ་རྐྱེན་གཉིས་ཀྱི་ཐད་ནས་གླེང་བཞིན་འདུག
སྲིད་བློན་མན་མོ་ཧན་སེན་གྱིས་ “འདི་ལྟ་བུའི་ཆོས་ལུགས་ཀྱི་གནས་ཆེན་ཞིག་ལ་གཏོར་རྒོལ་བཏང་པ་ནི་བཟོད་ཐབས་མེད་པ་དང་། གཏོར་རྒོལ་དང་འབྲེལ་བའི་དྲག་སྤྱོད་པ་རྒྱ་ཡན་དུ་གཏོང་ཐབས་མེད་པ་ཞིག་ཡིན་”ཞེས་བརྗོད་འདུག
གསར་འགོད་པ། བནྡེ་སྐྱབས།
གཅིག་བྱས་ན་རྡོ་རྗེ་གདན་གྱི་མི་མང་གིས་བྱས་པ་ཡིན་སྲིད།