གྲོས་ཚོགས་ཚོགས་དུས་དྲུག་པ་ཕྱི་ཚེས་ ༡༨ ཉིན་ནས་མགོ་འཛུགས་གནང་རྒྱུ་ཡིན་པ་དང་། ད་རེབ་ལས་དོན་གཙོ་བོ་གསུམ་ཡོད་པ་དག་ནི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་དང་བཀའ་ཤག་གི་ལས་བསྡོམས་ལ་དྲི་བ་དྲིས་ལན། མང་གཙོ་རྩིས་ཁྲ་ཚོགས་ཆུང་སྐབས་ལྔ་པའི་ལས་བསྡོམས་བསྐྱར་ཞིབ་བཅས་གནང་རྒྱུ་ཡིན་འདུག
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་ཟླ་འདིའི་ཚེས་ ༡༨ ནས་ ༢༨ ཉིན་བར་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་འཚོགས་ལ་ཉེ་བའི་སྐབས་འདིར། གསར་འགོད་པས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ད་རེབ་གྲོས་ཚོགས་ཀྱི་ལས་རིམ་དང་། སྤྱི་འཐུས་ལྷན་ཁང་གི་ཚོགས་ཁང་གསར་རྒྱག་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད། གསར་འགོད་པས་ཚོགས་གཙོ་མཆོག་ལ་ཐེངས་འདིར་ལས་རིམ་གཙོ་བོ་གང་དག་ཡོད་མེད་དྲིས་པར་ཁོང་གིས། “ ཐེངས་འདིའི་གྲོས་ཚོགས་སྐབས་ནམ་རྒྱུན་ལས་དོན་གལ་ཆེ་བ་གཙོ་བོ་གསུམ་ཆགས་ཡོད། གཅིག་གྲོས་ཚོགས་སྐབས་ལྔ་བ་ནས་དྲུག་པའི་བར་གྱི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་གྲོས་བསྡུར་གནང་རྒྱུ་དེ་ཉིན་དང་པོའི་ལས་རིམ་ནང་ཚུད་ཡོད། གཉིས་པ། ཕྱི་ཟླ་དགུ་བའི་གྲོས་ཚོགས་དེ་འདས་པའི་བཀའ་ཤག་གི་ལས་དོན་ག་རེ་གནང་གི་ཡོད་མེད་ཀྱི་ལས་བསྡོམས་རྒྱས་པ་སྤྱི་འཐུས་རྒྱུན་ལས་ལ་སྔོན་ནས་ཕུལ་ཏེ་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་བརྒྱུད་དྲི་བ་འདོན་དགོས་པ་ཁག་ཅིག་དང་། ཐེངས་འདིའི་གྲོས་ཚོགས་ནང་བཀའ་ཤག་གི་ལས་བསྡོམས་བསྡུས་པ་སྙན་སྒྲོན་ཞུ་དགོས་པ། ལས་བསྡོམས་རྒྱས་པར་ཞིབ་འཇུག་བྱས་བཞག་པའི་ཐོག་དྲི་བ་གཏོང་རྒྱུ་དང་བགྲོ་གླེང་གནང་རྒྱུ་དེར་ཉིན་ལྔ་དྲུག་འགྲོ་དགོས་མདོག་ཁ་བོ་རེད། གསུམ་པ། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ལྔ་བའི་ལས་བསྡོམས་ད་རེབ་ཀྱི་གྲོས་ཚོགས་ནང་བསླེབས་ཡོང་གི་ཡོད་པ་དེར་ཉིན་གཉིས་ཙམ་གཏོང་དགོས་ཆགས་སྲིད་པ་རེད”ཅེས་གསུངས་སོང་།
ཡང་ཁོང་ལ་ད་རེབ་ལས་རིམ་སྒྲིག་སྟངས་ལ་འགྱུར་བ་འདྲ་ཕྱིན་ཡོད་མེད་དྲིས་པར། ཁོང་གིས། “ ལས་རིམ་བང་སྒྲིག་སྟངས་ལ་འགྱུར་བ་ཞིག་བཏང་ཡོད། ད་སྔ་ཡིན་ན་འཛིན་སྐྱོང་བཀའ་ཤག་གི་ལས་བསྡོམས་བསྡུས་པ་དེ་ཉིན་གང་བོར་ལྷན་ཁང་རེ་རེ་བཞིན་སྙན་སྒྲོན་ཞུ་ཡི་ཡོད་རེད། དེའི་སྟེང་སྤྱི་འཐུས་ཀྱི་བགྲོ་གླེང་ཉིན་གཉིས་གསུམ་འགྲོ་ཡི་ཡོད། མཐར་བཀའ་ཤག་གིས་ལན་འདེབས་གནང་སྟེ་མཇུག་སྒྲིལ་གྱི་ཡོད་པ་རེད། ད་རེབ་ལས་རིམ་ཕྲན་བུ་འགྱུར་བ་བཏང་སྟེ། ཆོས་རིག་ལས་ཁུངས་ནས་མགོ་བཙུགས་ཏེ་ལས་བསྡོམས་བསྡུས་པ་སྙན་སྒྲོན་ཞུས་ཚར་པ་དང་། ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་རྒྱས་པ་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བཞག་པ་དེ་སྙན་སྒྲོན་དང་། ཆོས་རིག་ལས་ཁུངས་རང་གི་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་རྗེས། ལྷན་ཁང་ཁག་རིམ་པ་བཞིན་གོང་གསལ་ལྟར་འགྲོ་རྒྱུ་བང་བསྒྲིགས་ཡོད། འདི་ཕྱོགས་གཅིག་ནས་དྲི་བ་ཚང་མ་གསལ་བོ་ཆགས་རྒྱུ་དང་། ཕྱོགས་གཉིས་ནས་རྒྱ་ཆེའི་མང་ཚོགས་གཟིགས་མཁན་དང་གསན་མཁན་ཚོས་གནད་དོན་ཆ་ཚང་བ་མགོ་ཚོས་རྒྱུར་ཐུགས་ཕན་སོས་པ་ཡོང་གི་རེད” ཅེས་གསུངས་སོང་།
གསར་འགོད་པས་ད་རེབ་གྲོས་ཚོགས་ནང་བོད་རྒྱ་འབྲེལ་མོལ་སྐོར་ལ་ལས་རིམ་གང་འདྲ་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས་ “ ད་ལྟ་འབྲེལ་མོལ་ཚོགས་འདུ་འགྲོ་བཞིན་པ་རེད། གྲུབ་འབྲས་དང་གནས་སྟངས་ག་རེ་ཆགས་ཀྱི་ཡོད་མེད་ལ་གཞི་བཅོལ་ནས་འཛིན་སྐྱོང་བཀའ་ཤག་གིས་གྲོས་ཚོགས་ལ་གསལ་བཤད་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། གསལ་བཤད་ཏན་ཏན་གནང་མདོག་ཁ་བོ་རེད་བསམ་གྱི་ཡོད། ང་ཚོ་ཚོགས་གཙོ་གཞོན་གཉིས་ཀྱི་ངོས་ནས་ཚོགས་དྲུང་ལས་ཁུངས་བརྒྱུད། བཀའ་ཤག་ལ་གྲོས་ཚོགས་མ་འཚོགས་གོང་ག་དུས་ཡིན་ན་དུས་ཚོད་ངེས་ཅན་ཞིག་གི་ནང་འཛིན་སྐྱོང་བཀའ་ཤག་ལ་གསལ་བཤད་ཡོད་མེད་དང་། བཀའ་ཤག་གི་སྒྲིག་གཞི་བསྐྱར་བཅོས་དང་གཞུང་འབྲེལ་གྲོས་གཞིའི་གྲོས་འཆར་རིགས་ཡོད་མེད་ཡར་འབྲེལ་བ་ཞུས་ཀྱང་། ད་སྔ་གསལ་བཤད་འདི་འདྲ་ཡོད། སྒྲིག་གཞི་བསྐྱར་བཅོས་དང་གཞུང་འབྲེལ་གྲོས་གཞིའི་གྲོས་འཆར་འདི་ཡོད་ཅེས་གསུང་རྒྱུ་བྱུང་མ་སོང” ཞེས་དང་། ཁོང་གིས་མུ་མཐུད་དུ་ “ ང་རང་ཚོའི་རྩ་དོན་དང་ཐད་གར་འབྲེལ་བ་ཆགས་བསྡད་པ་དེ་བོད་རྒྱ་འབྲེལ་མོལ་ཆགས་ཡོད་དུས། དེ་སྔ་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གསལ་བསྒྲགས་གནང་པ་དང་གསར་འགྱུར་བརྒྱུད་ལམ་ཀྱི་ཐོག་ནས་གསུངས་བཞག་པ་དེ་འདྲའི་ཉེར་ལེན་ལ་བརྟེན་ཏེ། ཐེངས་འདིའི་གྲོས་ཚོགས་ནང་ཏན་ཏན་དེའི་སྐོར་ལ་བགྲོ་གླེང་དེ་འདྲ་ཡོང་མདོག་ཁ་བོ་རེད་བསམ་བསྡད་ཡོད། བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་རང་འཇགས་འགྲོ་བསྡད་ཡོད་རེད། དེའི་རྩ་བའི་སྲིད་ཇུས་ང་ཚོའི་དབུ་མའི་ལམ་ཟེར་བ་འདི་རེད། དབུ་མའི་ལམ་ཟེར་པ་དེ་ལ་ཚད་བཀག་ཡོད་མ་རེད། ཁོ་ལམ་དབུ་མ་རང་རེད། དེ་ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་མང་པོ་ཞིག་ལ་གཞི་བཅོལ་ནས་སྲིད་བྱུས་འཛིན་སྟངས་ལ་འགྱུར་བ་འགྲོ་རྒྱུ་དེ་རང་བཞིན་ཞིག་རེད”ཅེས་བཀའ་ལན་གནང་བྱུང་།
མཐར་ཚོགས་གཙོ་མཆོག་ལ། ད་ལྟ་འགྲོ་བཞིན་པའི་སྤྱི་འཐུས་ལྷན་ཁང་གི་ཚོགས་ཁང་གསར་རྒྱག་གི་གནས་སྟངས་གང་འདྲ་ཆགས་ཡོད་མེད་དང་། འགྲོ་སོང་ག་ཚོད་ཤོར་ཡོད་མེད་དྲིས་པའི་ལན་དུ་ཁོང་གིས་ “ སྐབས་རྗེས་མའི་གྲོས་ཚོགས་ཚོགས་ཁང་གསར་པའི་ནང་འཚོགས་ཐུབ་ངེས་རེད། ང་ཚོའི་ཚོད་རྩིས་ལ་འདི་ལོའི་ཕྱི་ཟླ་ ༡༠ མཇུག་ཏུ་འཛུགས་སྐྲུན་གྱི་ཕྱི་ནང་ཆ་ཚང་འགྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། བྱུང་པ་ཡིན་ན་༸གོང་ས་མཆོག་གིས་དབུ་འབྱེད་གནང་རྒྱུ་དང་། གལ་སྲིད་༸གོང་ས་མཆོག་ལ་མཛད་འཕྲིན་གྱི་དབང་གིས་མ་བྱུང་པ་ཡིན་ན་ཁང་པ་བརྒྱབ་ཚར་པ་དང་དབུ་འབྱེད་སྔོན་ལ་བྱས། རྗེས་སུ་༸གོང་ས་མཆོག་གིས་རབ་གནས་གནང་རྒྱུ་ཕོ་བྲང་ལ་ཞུས་ཡོད། དེ་ཕལ་ཆེར་ཕྱི་ཟླ་ ༡༢ ནང་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་དང་། ཡང་ཁོང་གིས་ “སྤྱི་འཐུས་ལྷན་ཁང་གི་ཁང་པ་རྙིང་བ་དེ་ ༡༩༨༢ ལོར་གྲུབ་པའི་ཁང་པ་ཞིག་རེད། འཆར་འགོད་དང་རྒྱུ་ཆ་སོགས་མང་པོ་ཞིག་གིས་རྐྱེན་པས་ཁང་པའི་ཐོག་ངོས་མང་པོ་ཞིག་ལ་སེར་ཁ་བྱུང་སྟེ་ཉེན་ཁའི་གནས་སུ་ལྷུང་སྟབས། ཚོགས་ཁང་གསར་རྒྱག་བྱ་གཏན་འཁེལ་བ་རེད། ད་ལྟའི་ཆར་འཛུགས་སྐྲུན་ཆ་ཚང་འགྲུབ་མེད་སྟབས་ཚོད་རྩིས་བྱས་ན། ཁང་པ་དང་འཛིན་ཆས་ཆ་ཚང་སྡོམ་པས་ཧིན་སྒོར་འབུམ་ ༢༩༠ ཡས་མས་ཤིག་འགྲོ་ས་རེད་བསམ་བསམ་འདུག སྤྱི་འཐུས་ལྷན་ཚོགས་རང་གི་ངོས་ནས་ཧིན་སྒོར་འབུམ་ ༨༠ ལྷག་ཅིག་ཐབས་ཤེས་གནང་ཡོད་རེད། དེའི་ལྷག་མ་ཆ་ཚང་འཛིན་སྐྱོང་བཀའ་ཤག་གི་མཐུན་འགྱུར་གནང་བ་རེད། ཐོག་མའི་འཆར་གཞི་ལས་ཕྲན་བུ་མང་དུ་ཕྱིན་སོང་”ཞེས་གསུངས་སོང་།
གསར་འགོད་པ། བནྡེ་སྐྱབས།
ད་ཐེངས་ཞབས་འདྲེན་པ་ཀརྨ་ཆོས་འཕེལ་སྐོར་གྲོས་ཚོགས་ནང་གླེང་སློང་མང་ཙམ་བྱེད་ཐུབ་ན་ལེགས་སྙམ།
ལས་རིམ་སྒྲིག་སྟངས་ལ་འགྱུར་བ་བཏང་བ་ཤིན་ཏུ་ལེགས། དངོས་གནས་བསྔགས་པར་འོས་པ་ཞིག་རེད།
ངས་འདི་ནས་གོང་འོག་བར་གསུམ་ལ་དྲན་སྐུལ་ཞིག་ཞུ་འདོད་བྱུང་། དེ་ནི་དྲང་ཚིགས་ཟོངས་ཞེས་པའི་ཚིག་འདི་གསུམ་ཡིན། གང་ཡིན་ཞེ་ན། གང་ཟག་གིས་གང་ཟག་ལ་ཡོ་སྲང་དང་དག་ཐེར་བྱེད་པའི་དུས་ལ་དབབ་པ་རེད།
ལས་རིམ་གསར་བ་དེ་ངོ་མ་ཕན་ཐོག་ཆེན་པོ་ཡོད་ངེས་རེད།་དཔལ་ལྡན་ཚོགས་གཙོ་མཆོག་ལ་སྙིང་ནས་གུས་འདུད་ཞུ
དུས་བབ་གསར་འགོད་པས་གནས་ཚུལ་གལ་ཆེན་ཞིག་མཁོ་སྤྲོད་བྱས་པར་བཀའ་དྲིན་ཆེ། ཚོགས་གཙོ་མཆོག་གིས་ལས་རིམ་བང་སྒྲིག་སྟངས་ལ་འགྱུར་བ་ཞིག་བཏང་ཡོད། ད་སྔ་ཡིན་ན་འཛིན་སྐྱོང་བཀའ་ཤག་གི་ལས་བསྡོམས་བསྡུས་པ་དེ་ཉིན་གང་བོར་ལྷན་ཁང་རེ་རེ་བཞིན་སྙན་སྒྲོན་ཞུ་ཡི་ཡོད་རེད། དེའི་སྟེང་སྤྱི་འཐུས་ཀྱི་བགྲོ་གླེང་ཉིན་གཉིས་གསུམ་འགྲོ་ཡི་ཡོད། མཐར་བཀའ་ཤག་གིས་ལན་འདེབས་གནང་སྟེ་མཇུག་སྒྲིལ་གྱི་ཡོད་པ་རེད། ད་རེབ་ལས་རིམ་ཕྲན་བུ་འགྱུར་བ་བཏང་སྟེ། ཆོས་རིག་ལས་ཁུངས་ནས་མགོ་བཙུགས་ཏེ་ལས་བསྡོམས་བསྡུས་པ་སྙན་སྒྲོན་ཞུས་ཚར་པ་དང་། ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་རྒྱས་པ་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བཞག་པ་དེ་སྙན་སྒྲོན་དང་། ཆོས་རིག་ལས་ཁུངས་རང་གི་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་རྗེས། ལྷན་ཁང་ཁག་རིམ་པ་བཞིན་གོང་གསལ་ལྟར་འགྲོ་རྒྱུ་བང་བསྒྲིགས་ཡོད། འདི་ཕྱོགས་གཅིག་ནས་དྲི་བ་ཚང་མ་གསལ་བོ་ཆགས་རྒྱུ་དང་། ཕྱོགས་གཉིས་ནས་རྒྱ་ཆེའི་མང་ཚོགས་གཟིགས་མཁན་དང་གསན་མཁན་ཚོས་གནད་དོན་ཆ་ཚང་བ་མགོ་ཚོས་རྒྱུར་ཐུགས་ཕན་སོས་པ་ཡོང་གི་རེད་ཟེར་ནས་གསུངས་པར་བཀའ་དྲིན་ཆེ་ཞུ། གོ་ཐོས་ལ་ལྷན་ཁང་གཅིག་ནང་ཟུར་དངུལ་མང་པོ་ཉར་ནས་འཛིན་སྐྱོང་རང་གིས་དབང་ཆ་བདེ་སྤྱད་སྟེ་འཛིན་སྐྱོང་ཁོང་རང་གི་སྡོད་ས་དང་སྐུ་མགྲོན་སྣེ་ལེན་ཞུ་པར་སོགས་རྒྱས་སྤྲོས་བྱས་ནས་གཞུང་དངུལ་འགྲོ་འགྲོན་ཧ་ཅང་ཆེ་པོར་བཏང་པ་འདྲ་དེ་ཚོའི་རིགས་ད་ལན་གྲོས་ཚོགས་ནང་སྐད་མོལ་སླེབས་པར་རེ་བ་ཡོད། །
ཚོགས་ཁང་གསར་པ་ལེགས་གྲུབ་ཡོང་ལ་ཉེ་བར་དགའ་ཡོད། ང་ཚོ་ཡུལ་གྱར་བ་ཡིན་ཡང་མང་གཙོ་ཚད་ལྡན་གྱི་སྒྲིག་འཛུགས་ཡོད་པས་དགའ་འོས་པ་ལོས་ཡིན།
དུས་བབ་གསར་འགོད་པས་དུས་ལ་བབ་པའི་གནས་ཚུལ་གལ་ཆེན་ཞིག་མཁོ་སྤྲོད་བྱས་པར་བཀའ་དྲིན་ཆེ། ལྷག་པར་དུ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གནད་ལ་སྨིན་པའི་དྲིས་ལན་ཞིག་གསུངས་པ་མ་ཟད། གསར་གཏོད་རང་བཞིན་གྱིས་ལས་རིམ་ལ་འགྱུར་བ་བཏང་བ་དེ་དངོས་གནས་ཡག་པོ་འདུག ཐུགས་རྗེ་ཆེ།
ད་ཐེངས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་ཚེས་༡༨ནས་ ༢༦ ཉིན་བར་འཚོགས་རྒྱུ་རེད་ལ། ལས་རིམ་གཙོ་བོ་གསུམ་ཡོད་པ་ནིའང་།
༡) བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་དང་།
༢) བཀའ་ཤག་གི་ལས་བསྡོམས་ལ་དྲི་བ་དྲིས་ལན།
༣) མང་གཙོ་རྩིས་ཁྲ་ཚོགས་ཆུང་སྐབས་ལྔ་པའི་ལས་བསྡོམས་བསྐྱར་ཞིབ་གནང་རྒྱུ་བཅས་རེད་འདུག
དེའི་སྟབས་ཀྱིས། ད་རེས་ཀྱི་གྲོས་ཚོགས་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། གང་གིས་ཟེར་ན། གྲོས་གཞི་རྣམས་ད་ལྟའི་འཐབ་རྩོད་ཀྱི་ལག་ལེན་དང་འཐབ་རྩོད་ཀྱི་སྒྲོམ་གཞི་ལ་ཟབ་འབྲེལ་ཡོད་པ་དང་། རྣམ་དཔྱོད་དང་ཆིག་སྒྲིལ་གྱི་ནུས་ཤུགས་གཅིག་ཏུ་སྤུངས་དགོས་པའི་མཁོ་གལ་ཆེན་པོ་ཞིག་ཡིན་པ་དགོངས་འཇགས་གནང་རོགས།
དེ་མཚུངས་བཀུར་འོས་སྤྱི་འཐུས་རྣམ་པའི་ངོས་ནས་ཀྱང་། གྲོས་གཞི་དང་འབྲེལ་བ། གནད་ལ་འཁེལ་བ། ཐབས་བྱུས་ལྡན་པ། རྒྱབ་ལྗོངས་ཡོད་པ། དངོས་ཡོད་ཀྱི་སྤྱི་ཚོགས་གནས་ཚུལ་སྔོག་འདོན་བྱས་ནས། སྣེ་ཁྲིད་དང་ལམ་སྟོན་རང་བཞིན་ཅན་གྱི་ཕྱོགས་སུ་བསྐྱོད་ནས་འགན་འཁུར་དང་ཆིག་སྒྲིལ་གྱི་ནུས་སྟོབས་ཇེ་གསལ་དུ་གཏོང་རོགས།
དེ་བས་ཀྱང་གལ་འགངས་ཆེ་བ་ཞིག་ཡོད་པ་ནི། འཐབ་རྩོད་ཀྱི་བརྒྱུད་རིམ་ལ་ཕྱོགས་སྡོམ་དང་དཔྱེ་ཞིབ་གནད་སྨིན་ཞིག་བྱས་ཏེ། ད་ལྟའི་འཐབ་རྩོད་ཀྱི་སྟོབས་ཤུགས་དང་འབྱུང་ཁུངས་གསལ་འདོན། མ་འོངས་པའི་ཁ་ཕྱོགས་ལ་ཕན་པའི་ལོ་རྒྱུས་དང་རྒྱབ་ལྗོངས། རིགས་ལམ་དང་འགན་འཁུར་ལྡན་པའི་གྲོས་བསྡུར་ཞིག་བྱེད་རོགས།
ལས་རིམ་སྙན་སྒྲོན་དང་ལན་འདེབས་བགྲོ་བསྡུར་ལ་འགྱུར་བ་བཏང་བ་དེ་དངོས་གནས་སྣང་བར་འགྲོ་བོ་བྱུང་སོང་། ལེགས་སོ།།