ངག་དབང་ཐར་པ་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་སྔོན་མའི་ཚེས་ ༡༠ ཉིན་ནས་བཟུང་རྒྱ་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་དུ་ཉེན་རྟོག་པ་དང་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། ཉེ་བའི་དུས་ནས་ལྷ་ས་གྲོང་ཁྱེར་དཀྱིལ་སྙིང་ས་ཁུལ་བཀོད་འདོམས་པུའུ་ཟེར་བས་བཀའ་རྒྱ་ཞིག་བཀྲམས་ཏེ། ནག་ཆུ་ས་ཁུལ་གྱི་རྫོང་ཁག་དང་མི་མང་བཅས་ལ་གསང་བརྡ་བེད་སྤྱོད་ཀྱིས་བོད་མི་ཚོ་རྩིས་སྤྲོད་རྩིས་ལེན་གྱིས་སྟངས་འཛིན་ལྟ་རྟོག་བྱེད་དགོས་ཚུལ་བསྒྲགས་འདུག
བཀའ་རྒྱའི་ནང་གྲོང་ཁྱེར་དཀྱིལ་སྙིང་དུ་ཡོད་པའི་ཉེན་རྟོག་ས་ཚུགས་ཁག་གིས། གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་རྒྱ་ཆེ་བའི་སྒོ་ནས་བདེ་འཇགས་ལེགས་འགྲུབ་དང་ལག་བསྟར་ཡོང་བའི་དགོངས་དོན་དང་། ཉེན་རྟོག་ཡན་ལག་རུ་ཁག་གི་མགོ་ཁྲིད་ཀྱིས་བཀོད་འདོམས་ལྟར། གྲོང་ཁྱེར་དཀྱིལ་སྙིང་གི་བདེ་འཇགས་སྔར་བཞིན་གནས་ཆེད་ནང་ཁུལ་ཁ་པར་ (walkie-talkie) ཐོག ནག་ཆུའི་ཤར་ཕྱོགས་ཀྱི་རྫོང་ཁག་གསུམ་གྱི་མི་སྣ་རྩིས་སྤྲོད་རྩིས་ལེན་སྐབས། བུ་ལ་སྐུ་མགྲོན་བུ་དང་། བུ་མོར་སྐུ་མགྲོན་བུ་མོ་ཞེས་གསང་བརྡ་བེད་སྤྱོད་དང་། ནགས་ཤོད་འབྲི་རུ་རྫོང་ལ་ (A) ཨེ་ཆུས་དང་། སོག་རྫོང་ལ་(B) སྦེ་ཆུས། སྦྲ་ཆེན་རྫོང་ལ་ (C) སེ་ཆུས་བཅས་དང་། གལ་སྲིད། ཉེན་རྟོག་ས་ཚུགས་ཨང་ ༨༩ པས་ནགས་ཤོད་འབྲི་རུའི་བུ་གསུམ་ས་ཚུགས་ ༩༡ ནང་འཛུལ་བ་ཤེས་ཚེ། ཁ་པར་ཐོག་ས་ཚུགས་ ༩༡ ( A ) ཨེ་ཆུས་སྐུ་མགྲོན་བུ་གསུམ་ཁྱེད་ཀྱི་ས་ཁུལ་དུ་འཛུལ་སོང་། དོ་སྣང་བྱེད་རོགས་ཞེས་བརྡ་སྤྲོད་དགོས་ཀྱི་ཡོད་སྐོར་བསྒྲགས་འདུག
བར་སྐོར་ནང་ཁུལ་གྱི་ཉེན་རྟོག་ས་ཚུགས་ཁག་གིས། བདེ་འཇགས་ཞིབ་བཤེར་ས་ཚུགས་ཀྱིས་རྩིས་སྤྲོད་བྱས་པའི་ནག་ཆུའི་མི་རྩིས་ལེན་བྱས་རྗེས། མྱུར་ཞིབ་དང་རྗེས་འདེད། ལྟ་རྟོག་ནན་མོ་བྱེད་དགོས་པ་མ་ཟད། ས་ཁུལ་དེ་ནས་ཁ་བྲལ་སྐབས་ཁ་པར་བརྒྱུད་ཉེན་རྟོག་ས་ཚུགས་གཞན་ལ་ངེས་པར་རྩིས་སྤྲོད་བྱེད་དགོས་པ་དང་། ཨང་དང་པོ་དང་གཉིས་པའི་བདེ་འཇགས་ཞིབ་བཤེར་ས་ཚུགས་ནས་གྲོང་ཁྱེར་དཀྱིལ་སྙིང་དུ་འཛུལ་མཁན་ནག་ཆུའི་མི་རྣམས་ཨང་ ༨༩ པ་གཙུག་ལག་ཁང་ཐང་ཆེན་གྱི་ཉེན་རྟོག་ས་ཚུགས་ཀྱིས་རྩིས་ལེན་རྩིས་སྤྲོད་དང་འགན་འཁུར་དགོས་རྒྱུ་དང་། ཨང་གསུམ་པས་ཨང་ ༩༢ པ་ཤ་གསར་ཟུར་གྱི་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད། ཨང་བཞི་པས་ཨང་ ༩༣ པ་བར་སྐོར་བྱང་ཁྲོམ་ཉེན་རྟོགས་ས་ཚུགས་ལ་རྩིས་སྤྲོད། ཨང་ལྔ་པས་ཨང་ ༩༤ ཚེ་རྟེན་ཁང་གསར་གྱི་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད། ཨང་དྲུག་པ་དང་བདུན་པས་ཨང་ ༩༥ པ་བར་སྐོར་ཤར་ཁྲོམ་གྱི་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད། ཨང་བརྒྱད་པས་ཨང་ ༩༦ པ་བར་སྐོར་ལྷོ་ཁྲོམ་གྱི་ཉེན་རྟོག་ས་ཚུགས་ལ་རྩིས་སྤྲོད། ཨང་དགུ་པས་ཨང་ ༩༧ པ་གཙུག་ལག་ཁང་ལྷོ་སྒོའི་ཉེན་རྟོག་ས་ཚུགས་བཅས་ལ་རྩིས་སྤྲོད་རྩིས་ལེན་དང་འགན་ཁུར་བྱེད་དགོས་ཚུལ་བཀོད་འདུག
བར་སྐོར་ཕྱི་སྐོར་བདེ་འཇགས་ཞིབ་བཤེར་ས་ཚུགས་ཀྱིས། ཉེ་ཁུལ་ས་ཚུགས་ཁག་གི་རྩིས་སྤྲོད་བྱས་པའི་ནག་ཆུའི་མི་རྣམས་རྩིས་ལེན་བྱས་རྗེས། མྱུར་ཞིབ་དང་རྗེས་འདེད། ལྟ་རྟོགས་བཅས་བྱེད་དགོས་པ་མ་ཟད། ས་ཁུལ་ཁག་ནས་ཁ་བྲལ་སྐབས་ནང་ཁུལ་ཁ་པར་བརྒྱུད་ཕན་ཚུན་ལ་རྩིས་སྤྲོད་དགོས་པ་དང་། གསང་བརྡ་དེ་དག་ནང་ཁུལ་ཁར་པར་ནང་ནན་ཏན་གྱིས་བེད་སྤྱོད་དང་། མིའི་བྱ་སྤྱོད་ལ་ལྟ་རྟོག་ནན་མོ་དང་དོགས་པ་ཡོད་རིགས་ལ་གཟབ་དགོས་སྐོར་སོགས་བཀོད་ཡོད་འདུག
ཤ་རུས་གཅིག་པའི་སྤུན་ཟླ་ཚོ། ད་ལྟའི་དུས་ཚོད་ལ་བོད་ནང་དུ་སྐད་འཕྲིན་ནམ།་༼we chat)གང་བྱུང་མ་གཏང་ན་ལེགས་པ་མཐོང། སྐབས་རེ་ང་ཚོའི་བོད་མི་འགའ་ཤས་ནས་སྐད་འཕྲིན་འདིའི་བདག་པོ་ངོ་མ་སུ་ཡིན་ངོ་མི་ཤེས་པར་པར་སྐད་ཆ་འདྲ་མིན་གསུངས་ཀྱི་འདུག ་དེས་བོད་ནང་ལ་བཞུགས་ལ་དཀའ་ཚེགས་འཕྲད་བཞིན་ཡོད་པས་དེ་དོན་དགོངས་བཞེས་ཡོད་པ་ཞུ།
སྐད་འཕྲིན་གྱི་བདག་པོ་དགྲ་བོ་རྒྱ་དམར་ཡིན་ནོ།