འཇིཊ་མེད་བསྟན་འཛིན་སྐུ་གྲོངས།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྨ་ལྷོ་རྩེ་ཁོག་ཏུ་རང་ལུས་མེར་བསྲེགས་གནང་མཁན་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཉིན་དེར་སྐུ་གྲོངས་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སོ་ནག་དགོན་གྱི་ཉེ་འཁྲིས་སུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། སྐབས་དེར་རྒྱ་གཞུང་གིས་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེར་བྱས་རྐྱེན། རང་ལུས་མེར་བསྲེགས་གནང་མཁན་གྱི་མཚན་དང་ཤི་གསོན་གང་ཡིན་ཤེས་རྟོགས་ཐུབ་མེད། དེ་རིང་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རང་ལུས་མེར་བསྲེགས་གནང་མཁན་ཁོང་རྩེ་ཁོག་སོ་ནག་དགོན་པའི་གྲྭ་འཇིགས་མེད་བསྟན་འཛིན་ཡིན་པ་དང་། ཁོང་གིས་སོ་ནག་དགོན་པའི་གླིང་གི་ཕྱི་རོལ་དུ་རང་ལུས་མེར་བསྲེགས་གནང་བ་དགོན་པའི་དགེ་འདུན་པ་ཚོས་མཐོང་སྟེ། དེ་མ་ཐག་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་ཡོད་ཀྱང་ཅུང་མ་འགོར་བར་སྐུ་གྲོངས་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ས་གནས་ཉེན་རྟོག་པས་རང་ལུས་མེར་བསྲེགས་བྱུང་བ་ཤེས་རྟོགས་བྱུང་མ་ཐག་སོ་ནག་དགོན་པར་དམ་དྲག་དང་། རྩེ་ཁོག་ཕྱོགས་ཀྱི་ཁ་པར་དང་དྲ་ཁང་སོགས་ལ་བཀག་སྡོམ་བྱས་ཏེ་གནས་ཚུལ་ཕྱི་ལ་ཐོན་མི་ཐུབ་པར་བཟོས་ཡོད་པ་མ་ཟད། དགོན་པའི་གྲྭ་བ་ཕོན་ཆེན་བཙན་འཁྲིད་ཀྱིས་རང་སྲེག་གནང་མཁན་དང་འབྲེལ་བ་ཡོད་མེད་འདྲི་རྩད་བྱས་ཡོད་ཀྱང་། ནག་ཉེས་ཀྱི་ཁུངས་སྣེ་ཅི་ཡང་མ་རྙེད་པར་ཁོ་ཚོ་མང་ཆེ་བ་ཕྱིར་དགོན་པར་བཏང་ཡོད་ནའང་། དགེ་འདུན་པ་ ༤ ལ་མུ་མཐུད་འདྲི་རྩད་བྱེད་བཞིན་ཡོད་འདུག ད་ལྟའི་ཆར་སོ་ནག་དགོན་གྱི་གྲྭ་བ་རྣམས་དགོན་པའི་ཕྱི་རུ་འགྲོ་མི་ཐུབ་པ་དང་། ཕྱི་ནས་ཡོང་བའི་མཆོད་མཇལ་བ་ཚོའང་དགོན་པའི་ནང་གཏོང་གི་མེད་པ་རེད། འཇིགས་མེད་བསྟན་འཛིན་ལགས་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སོ་ནག་ཚོ་བ་ལྔ་ཡོད་པ་ལས་ངག་རིགས་འཚོ་བ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༩ ཡིན་འདུག དེ་སྔོན་རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ལོ་བཅུའི་རིང་ཕྱག་དཔེ་ཚུལ་བཞིན་གཟིགས་ནས་འཛིན་གྲྭ་སྐབས་དང་པོའི་བར་དུ་སླེབས་ཡོད་ཅིང་། ཕྱིས་སུ་སོ་ནག་དགོན་པར་ཕེབས་ཡོད་འདུག ཁོང་ནི་ནམ་རྒྱུན་ཉམ་ཆུང་ཚུལ་མཐུན་དང་དཀར་ཟས་ཁོ་ནར་བསྟེན་མཁན་ཞིག་ཡིན་འདུག སོ་ནག་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་ནི་རྩེ་ཁོག་རྫོང་སོ་ནག་སྡེ་བ་རུ་ཆགས་ཡོད་པ་དང་། ༡༦༦༠ ལོར་གཡུ་རྔོག་བསམ་གཏན་རྒྱ་མཚོས་སོ་ནག་འབྲོག་ཏུ་ཟླ་བརྒྱད་པའི་ནང་མ་ཎིའི་ཆོས་ཐོག་བཙུགས་པ་ནས་བཟུང་སྟེ། གནས་དེར་གུར་མཚམས་པ་འགའ་འདུས་སྡོད་བྱས་ཡོད་པ་དང་། ༡༧༤༠ ལོར་མཁན་ཆེན་དགེ་འདུན་རྒྱ་མཚོས་རྒྱ་བསྐྱེད་གནང་སྟེ་དེང་སང་དགེ་འདུན་པ་ ༩༠ ལྷག་ཡོད་འདུག གསར་འགོད་པ། པདྨ་མཚོ།