དེ་རིང་དབུས་གཙང་ཆོལ་ཁས་གསལ་བསྒྲགས་སྤེལ་ཏེ་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་ཆེད་སྲོག་བླུ་དང་དམར་ཟས་སྤོང་ཐབས་སོགས་གཞན་ཕན་སེམས་བཟང་གི་བྱ་བ་གང་མང་བསྒྲུབ་རྒྱུ་ཡིན་སྐོར་བརྗོད་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༠༠ སྟེང་དྷ་ས་མེག་གྷན་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་ཡིག་ཚང་དུ། ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། དྲུང་ཆེ་དབང་འདུས་ཚེ་རིང་ལགས་ཀྱི་གཙོས་རྒྱུན་ལས་ལྷན་འཛོམས་ཐོག འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཚོགས་པའི་དབུས་གཙང་ཆོལ་ཁའི་ཚོགས་ཆེན་སྟེང་གྲོས་ཆོད་བཞག་ཡོད་པ་ལྟར། ༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་དམིགས་བསལ་གྱ་སྟོན་སྲུང་བརྩི་ཞུ་ཕྱོགས་དང་། ཚོགས་ཆེན་སྐབས་གཏན་འབེབས་བྱུང་བའི་སྐུ་ཕྱྭའི་གནད་དོན་བཅས་ཀྱི་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་སོང་།
ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་བརྗོད་དོན། ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དམིགས་བསལ་གྱ་སྟོན་སྐབས་འབུལ་བསྟེན་སྣ་ཚོགས་ཤིག་འདེགས་འབུལ་ཞུ་སྲོལ་ཡོད་ཀྱང་། ད་རེབ་དབུས་གཙང་ཆོལ་ཁའི་ངོས་ནས་གཙོ་བོ་ཕྱིའི་ཞབས་རིམ་དང་། ལྷག་དོན་དུ་དབུས་གཙང་མི་རེ་ངོ་རེ་དང་། ཚོགས་པ་སྐྱིད་སྡུག ས་གནས་རྒྱུན་ལས་ཐུན་མོང་ཐོག་ནས་ལོ་འདིའི་ནང་གཞན་ཕན་སེམས་བཟང་གི་བྱ་བ་གང་མང་བསྒྲུབ་སྟེ། ཐོ་གཞུང་༧གོང་ས་མཆོག་གི་གྱ་སྟོན་སྐབས་མཎྜལ་ཚོམ་བུར་འབུལ་རྒྱུའི་འཆར་གཞི་ཡོད་ཅེས་བརྗོད་སོང་།
གསར་འགོད་གསལ་བསྒྲགས་ནང་། སྐབས་ ༡༣ པའི་དབུས་གཙང་ཆོལ་ཁའི་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས་ལ་ཟླ་ ༤ ཚེས་ ༣ ཉིན་༧གོང་ས་མཆོག་གི་དགྱེས་བརྩེའི་གསུང་མཇལ་བཀ་དྲིན་ཆེ་ཐོབ་སྐབས། དབུས་གཙང་གཞིས་བྱེས་གཉིས་ཀྱི་སེར་སྐྱ་མང་ཚོགས་དང་། བགྲེས་ཡོལ་དུ་བཞུགས་པའི་མི་རབས་རྒན་པ་བཅས་སྤྱི་མགྲིན་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་འཐུས་གསོལ་བ་བཏབ་པར། མགོན་པོ་གང་ཉིད་ཀྱིས་དེ་དོན་དགྱེས་བཞེས་བཟང་ཐོབ་བྱུང་བ་ལྟར། གྱ་སྟོན་བརྟན་བཞུགས་ཆེན་མོའི་སྔོན་འགྲོས་སུ། ༧སྐུ་ཕྱྭར་དམིགས་པའི་ཕྱིའི་ཞབས་རིམ་ཇི་ཞུས་ཀྱི་བསྒྲུབས་ཐོ་དང་། ལྷག་དོན་ནང་གི་ཞབས་རིམ་བཀའ་བཞིན་སྒྲུབ་པའི་མཆོད་པ་གཙོ་གལ་ཆེ་བར་སོང་། ༧གོང་ས་མཆོག་དགྱེས་མཉེས་ཆེན་པོ་ཡོང་ཐབས་སུ་དབུས་གཙང་སེར་སྐྱ་མི་རེ་ངོ་རེས་རང་ཉིད་ཀྱི་ནུས་བབས་ལ་གཞིགས་པའི་འཆི་ངེས་ཀྱི་སྲོག་བླུ་དང་། དམར་ཟས་སྤོང་ཐབས་སོགས་གཞན་ཕན་ལྷག་བསམ་གྱི་ལས་འགུལ་སྣ་མང་རང་མོས་ངང་སྤེལ་བའི་བསྒྲུབས་ཐོ་ཁག་ཕྱོགས་བསྡོམས་ཀྱིས་གསོལ་འདེབས་མཎྜལ་གྱི་ཚོམ་བུར་སྨིན་འབུལ་ཞུ་གཏན་དང་འབྲེལ། ཚང་མས་འཕྲལ་ཡུན་ལེགས་ཚོགས་དུ་མའི་གཞི་སྒོར་རྣམ་དཀར་གཞན་ཕན་གྱི་ལས་འགུལ་རྒྱ་གང་ཆེན་སྤེལ་གནང་ཡོང་བ་ཞུ་ཞེས་འཁོད་འདུག
ཡང་གསལ་བསྒྲགས་ནང་ཚོགས་པའི་ལས་དོན་བྱེད་ཕྱོགས་འཁོད་ཡོད་པའི་ནང་། འདི་ལོ་ནས་བཟུང་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཀྱིས་འཆར་ཅན་རྒྱུན་གྲོན་དང་། དམིགས་བསལ་དངུལ་རྩིས་བཅས་ཚོགས་ཆེན་ནས་བཀའ་འཁྲོལ་ཞུས་ཏེ་གཏན་འབེབ་དང་འབྲེལ། དབུས་ས་ཁག་གི་བྱུང་སོང་འདས་གསུམ་གྱི་རྩིས་ཁྲར་ཡང་ལོ་དུས་སོ་སོར་རྩིས་ཞིབ་ཚད་འཕེར་བྱ་རྒྱུའི་ལམ་སྲོལ་གསར་གཏོད། སླད་ཆར་དབུས་གཙང་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་སྐབས་སོ་སོར་རྒྱ་ཆེའི་གཞི་རིམ་མང་ཚོགས་དང་རྒྱུན་གཏན་འབྲེལ་བ་ཡོད་པའི་ས་གནས་རྒྱུན་ལས་དང་འབྲེལ་མཐུད་ཁག་སྨོས་མེད་ཐོག་དགོན་སྡེ་གྲྭ་ཚང་དང་། ཆོལ་ཁོངས་ཚོགས་སྐྱིད་ཁག་གི་སྐུ་ཚབ་ཀྱང་མཉམ་ཞུགས་ཐུབ་ཐབས་ལ་ཤུགས་གནོན་རྒྱག་རྒྱུ་ཡིན་སྐོར་འཁོད་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ལ་མཐུན་འགྱུར་བྱེད་ཕྱོགས་ཐད། བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་བོད་མིའི་འོས་འགན་ཆེ་ཤོས་དང་། ཡང་སྒོས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཁྲིམས་མཐུན་གཏན་འབེབས་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ལས་ལྷག་པའི་བོད་དོན་བདེན་མཐའ་གསལ་ཐབས་ལམ་ཕྱོགས་བཟང་ཆ་གཞན་དུ་མ་མཆིས་པའི་ངོས་འཛིན་བརྟན་པོ་དང་འབྲེལ། བསྐྱར་ནན་ཡང་ནན་གྱིས་རྒྱབ་སྐྱོར་དང་སྦྲགས་དབུ་འོག་དཔུང་འདེགས་ལྷག་བློ་ཆེ་བསྐྱེད་རྒྱུན་སྲིང་ཞུ་རྒྱུ་ཡིན་སྐོར་འཁོད་འདུག
མཇུག་ཏུ་ཚོགས་གཙོ་མཆོག་གིས། བོད་གཞིས་བྱེས་གཉིས་ཀྱི་རྒྱ་ཆེའི་དབུས་གཙང་མི་མང་ཚོས་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་དུས་དྲན་སྐབས་མགོན་པོ་གང་ཉིད་ཀྱི་ཐུགས་དགྱེས་ཆེ་ཤོས་གནང་ཡུལ་ཏེ། གཞན་ཕན་བྱ་བཟང་བསྒྲུབ་རྒྱུར་འབོད་སྐུལ་ཞུ་རྒྱུ་དང་འབྲེལ། བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ཚོགས་སྐྱིད་དང་དགོན་སྡེ་གྲྭ་ཚང་གི་ངོ་ཚབ་རྣམ་པས་ཆད་ལུས་མེད་པར་འཕྱར་གྲུ་མཉམ་འདེགས་ཐོག་མཉམ་ཞུགས་གནང་སྟེ། རྒན་གཞོན་བར་གསུམ་གྱི་སེར་སྐྱ་མང་ཚོགས་ཚོས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་ཐབས་སུ་མཐུན་འགྱུར་རོགས་རམ་གང་མང་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་སྐོར་བརྗོད་སོང་།
མཇུག་ཏུ་དྲི་བ་དྲིས་ལན་སྐབས་མདོ་སྨད་ཆོལ་ཁའི་ངོས་ནས་ལོ་རྗེས་མར་སྐུའི་གྱ་སྟོན་ཞིག་གོ་སྒྲིག་ཞུ་འཆར་ཡོད་སྟབས། དབུས་གཙང་ཆོལ་ཁས་དེ་དང་མཉམ་འབྲེལ་ལྟ་བུར་དུས་ཚོད་གཅིག་པ་ཡིན་མིན་དྲིས་པའི་ལན་དུ་ཚོགས་གཙོ་ལགས་ཀྱིས། མདོ་སྨད་ཆོལ་ཁའི་གྱ་སྟོན་དང་དབུས་གཙང་ཆོལ་ཁའི་གྱ་སྟོན་གོ་སྒྲིག་གི་དུས་ཚོད་ཕལ་ཆེར་གཅིག་པ་འཁེལ་རྒྱུ་མ་རེད་བསམ་གྱི་འདུག ཡིན་ནའང་ད་ལྟའི་འཆར་ང་ཚོའི་གྱ་སྟོན་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་དུས་ཚོད་གཏན་འཁེལ་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གྲུབ།
དྲ་གྲོགས་ལྷུན་པོའི་གཏམ་ལ་ལྗིད་ཅིག་འདུག དེ་ལྟར་གནང་གལ་ལས།
ང་ཚོ་བོད་པ་ཉུང་ཤས་ལས་མེད་པ་དེའང་ཁ་ཐོར་དགུ་འཐོར་གྱིས། རང་ངོམ་བསྟན་པའི་ལས་རིམ་སྣ་ཚོགས་ཤིག་བསྒྲིགས་ཏེ། རྒྱལ་བའི་དུས་ཚོད་ཆུད་ཟོས་སུ་བཏང་ན་ཉེས་པ་རེད་བསམས།
ཆོལ་གསུམ་གྱ་སྟོན་ཟེར་བ་དེ་ལ་མོས་མཐུན་བརྒྱ་ཆ་བརྒྱ་ཡོད།
སྐུའི་གྱ་སྟོན་དེ་ཆོལ་ཁ་གསུམ་མཉམ་འབྲེལ་ཐོག་སྲུང་བརྩི་ཞུས་ན་ཡག་པོ་འདུག་བསམ་སོང་། དེ་མ་གཏོགས་མདོ་སྨད་ལྟ་བུའི་ཆོལ་ཁ་གཅིག་གིས་བྱས་པ་ཡིན་ན་ཡག་པོ་མ་རེད། ལྷག་པར་དུ་ཆོལ་ཁ་གཅིག་གིས་བྱས་ཏེ་ཆོལ་ཁ་གཞན་གཉིས་ཀྱིས་ཟུར་ནས་བལྟ་བསྡད་པ་དང་། ཡང་ན་ལོགས་སུ་དུས་ཚོད་མ་འདྲ་བ་ཞིག་ལ་ཆོལ་ཁ་རེ་རེ་ཡིས་གྱ་སྟོན་གོ་སྒྲིག་བྱས་ན་དེ་༧གོང་ས་མཆོག་ལ་མ་གུས་པ་དང་མཐུན་སྒྲིལ་གྱི་རྣམ་པ་མེད་པ་ལྟ་བུ་ཞིག་ཆགས་ཀྱི་འདུག་བསམ་སོང་། ལྷན་རྒྱས་ནས་དགོངས་པ་ཡག་པོ་བཞེས་གནང་རོགས།