དེ་རིང་ཉིན་རྒྱབ་དུས་འཁོར་དབང་ཆེན་ཐེངས་ ༣༣ པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཐེངས་འདིའི་དུས་དབང་སྐབས་དགོན་པ་ཆེ་ཆུང་གང་གིས་ཀྱང་ཞལ་འདེབས་བསྡུ་སློང་རིགས་བྱེད་མི་ཆོག་པ་དང་། གཞས་སྣ་འཁྲབ་སྟོན་གྱིས་དངུལ་འཚོལ་སྒྲུབ་རིགས་མི་ཆོག་པ། དེ་བཞིན་ཆོས་རྭའི་ཉེ་འཁོར་དུ་ཟ་ཁང་དང་ཚོང་ཁང་རིགས་ཉར་མི་ཆོག་ཅེས་བསྒྲགས་སོང་།
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣ ནས་ ༡༤ བར་༧གོང་ས་མཆོག་གིས་ལ་དྭགས་སུ་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་གནང་རྒྱུ་ཡིན་པ་ལྟར། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ ཐོག འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལས་ཁུངས་སུ། དུས་དབང་སྐབས་ཀྱི་ཆོས་ཞུ་བའི་སྡོད་གནས་དང་འགྲིམ་འགྲུལ། སྣེ་ལེན་གནང་ཕྱོགས་སོགས་ཀྱི་ཐོག་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་བ་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གསལ་བསྒྲགས་གནང་བའི་ནང་། ཐེངས་འདིའི་དུས་དབང་སྐབས་སེར་སྐྱ་མི་མང་གི་སྡོད་གནས་ལ་རིགས་ ༤ ཡོད་པ་ལས།
ཀ༽གྲྭ་བཙུན་རྣམས་ཀྱི་སྡོད་གནས།
ལ་དྭགས་དགོན་པ་ཚོགས་པའི་ཆོས་ཚོགས་ལྟེ་གནས་ཁང་༼Dharma Centre༽ཞེས་པར་གྲྭ་བ་རྣམས་ཀྱི་བཞུགས་གནས་དང་། མ་ཧཱ་བྷོ་དཱི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་ ༼Mahabodhi Int. Meditation Centre༽ཞེས་པར་བཙུན་མ་རྣམས་ཀྱི་བཞུགས་གནས་གོ་སྒྲིག་བྱས་ཡོད་པ་དང་།ཞོགས་པ་ དང་དགོང་མོར་བཞེས་ལག་གང་ནུས་གོ་སྒྲིག་བྱེད་རྩིས་ཡོད་པ་དང་། དེ་བཞིན་བཞུགས་གདན་ཡང་རེག་པར་ཐབས་ཤེས་བྱེད་བཞིན་ཡོད་ཀྱང་ད་དུང་གཏན་ཁེལ་ཐུབ་མེད་པས། སོ་སོའི་ངོས་ནས་ཉལ་གདན་དང་ཉལ་ཆས་གོ་སྒྲིག་བྱེད་རོགས། ས་ཆ་དེ་གཉིས་ནི་གསུང་ཆོས་རྭ་བ་ནས་སྤྱི་ལེ་༡.༥ མཚམས་ལ་ཡོད་པས། ལམ་སྐབས་གོམ་པ་བརྒྱབ་ནས་སླེབ་ཐུབ།
ཁ༽ མགྲོན་ཁང་དང་གསོལ་མགྲོན་ཁང་།
དཔལ་འབྱོར་ལ་དཀའ་ངལ་མེད་རིགས་དག་ལ་ང་ཚོས་མགྲོན་ཁང་དང་གསོལ་མགྲོན་ཁང་གོ་སྒྲིག་བྱས་ཡོད། གླེ་གྲོང་ཁྱེར་ནང་མགྲོན་ཁང་དང་གསོལ་མགྲོན་ཁང་ཁྱོན་བསྡོམས་ ༣༠༠ ལྷག་ཙམ་ཡོད་ལ། དེ་དག་གི་ཁ་བྱང་དང་ཁ་པར་ཨང་གྲངས་དྲ་རྒྱའི་ཁ་བྱང་ (http:leh.nic.in/pages/tourism.html) ཐོག་ཏུ་བཞག་ཡོད། ཁྱེད་ཀྱིས་ཐད་གར་དེ་ལ་འབྲེལ་བ་བྱས་ན་ཡང་ཆོག་ལ། ཡང་ན་ས་གནས་ཀྱི་འགྲིམ་འགྲུལ་ལས་ཁུངས་ཁག་ལ་འབྲེལ་བ་བྱས་ནའང་ཆོག ཁོང་ཚོའི་ཁ་བྱང་ (www.ladakhaltoa.com) དྲ་ཚིགས་འདིའི་ཐོག་ནས་རག་གི་རེད། དེ་མིན་སྡོད་གནས་གྲྭ་སྒྲིག་ཚོགས་ཆུང་ (Accommodation Committee) ལ་འབྲེལ་བ་བྱས་ན་ཡང་ཆོག ས་གནས་ཀྱི་མགྲོན་ཁང་དང་གསོལ་མགྲོན་ཁང་དག་ལ་ང་ཚོས་འབྲེལ་བ་བྱས་ཏེ་རིན་གོང་གཏན་འབེབས་བྱས་ཡོད་ལ། གོང་ཚད་ང་ཚོས་དྲ་ཚིགས་སྟེང་བཞག་ཡོད་སྟབས། དེ་ལས་ལྷག་གི་གོང་ཚད་བཤད་ན་ང་ཚོར་འབྲེལ་བ་བྱོས་དང་རོགས་རམ་བྱེད་ཆོག
ག༽ གུར་གྱི་སྡོད་ཁང་།
ང་ཚོས་ས་འབུར་ཐང་ཞེས་པར་རས་གུར་ ༡༠༠༠ ཙམ་གྱི་སྡོད་གནས་གྲ་སྒྲིག་བྱས་ཡོད་ལ། ས་ཆ་དེ་གསུང་ཆོས་རྭ་བ་ནས་སྤྱི་ལེ་ ༡.༥ མཚམས་ལ་ཡོད། སྡོད་གུར་དེ་དག་ནི་ཧི་མ་ལ་ཡའི་རི་རྒྱུད་དང་། དྷ་ས་སོགས་ནས་ཕེབས་པའི་ཐག་རིང་གི་ཆོས་ཞུ་བ་རྣམས་ཀྱི་ཆེད་དུ་གོ་སྒྲིག་བྱས་པ་ ཞིག་ཡིན། སྡོད་གུར་དེ་དག་རིན་མེད་ཡིན་ལ། གུར་གཅིག་གི་ནང་ལ་མི་གྲངས་ ༨ ནས་ ༡༠ འདུག་དགོས། གདན་དང་མལ་ཆས་རྣམས་ཆོས་ཞུ་བ་རང་ཉིད་ཀྱིས་འཁྱེར་ནས་ཡོང་དགོས་པའི་འབོད་སྐུལ་ ཞུ། སྡོད་གུར་ནང་བསྡད་འདོད་ཡོད་ཚེ། ཟླ་འདིའི་ཕྱི་ཚེས་ ༢༥ སྔོན་དུ་ཐོ་འགོད་བྱེད་དགོས། ཐོ་འགོད་སྔ་ཕྱི་ལྟར་གུར་སྤྲོད་རྒྱུ་ཡིན།
ང༽ གྲོང་སྡེ་ཁག་ཏུ་སྡོད་གནས།
གསུང་ཆོས་ར་བའི་ཉེ་འཁོར་གྱི་གྲོང་གསེབ་ཁག་ཏུ་ཆོས་ཞུ་བ་རྣམས་ལ་གནས་ཚང་གཡར་རྒྱུའི་རེ་སྐུལ་ཞུས་ཡོད་པ་ལྟར། ད་བར་དུ་ཁང་པ་བཞི་བརྒྱ་ལྷག་མི་མང་སྡོད་གནས་སུ་གཏན་ཁེལ་བྱུང་ཡོད། ༡. ས་བྷོ་ནས་ཁང་པ། ༩༣ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༤ ཡོད། ༢. ཤིང་སི་པ་ནས་ཁང་པ། ༤༧ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༨ ཡོད། ༣. སི་པའེ་ཏོག་ནས་ཁང་པ། ༡༩ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༦ ཡོད། ༤. ཤེ་ནས་ཁང་པ། ༤༠ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༣ ཡོད། ༥. ཆོས་ཆོ་ཁྲི་ཡོག་མ་ནས་ཁང་པ། ༤༨ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༢ ཡོད། ༦. གངས་ལེ་ནས་ཁང་པ། ༡༥ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༡༠ ཡོད། ༧. པ་ལམ་ནས་ཁང་པ། ༢༦ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༥ ཡོད། ༨. བཀྲ་ཤིས་དགའ་ཚལ་ནས་ཁང་པ། ༡༥ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༣ ཡོད། ༩. ཁྲིག་སེ་ནས་ཁང་པ། ༥༢ ཡོད། གསུང་ཆོས་ར་བར་སྤྱི་ལེ་ ༥ ཡོད། ཁྱིམ་ཚང་ནང་དུ་ཞག་སྡོད་བྱས་ཚེ་རིན་མེད་ཡིན། ང་ཚོའི་དྲ་རྒྱའི་ནང་དུ་ཁྱིམ་ཚང་སོ་སོར་འབྲེལ་གཏུགས་བྱེད་སའི་རེའུ་མིག་རྣམས་གསལ་བོར་བཀོད་ཡོད་སྟབས། ཁྱེད་ཀྱིས་གནས་ཚང་གཡར་མཁན་གྱི་ཁྱིམ་ཚང་ལ་ཐད་ཀར་འབྲེལ་བ་བྱས་ན་འགྲིག་ལ། ས་གནས་ཀྱི་སྐུ་ཚབ་མི་སྣ་ལའང་འབྲེལ་བ་བྱས་ན་འགྲིག གལ་སྲིད་ཁྱེད་རང་ཁྱིམ་ཚང་ཞིག་ལ་གནས་ཚང་གཡར་ནས་སྡོད་ཀྱི་ཡོད་ཚེ་བཟའ་ཆས་དང་། མལ་ཆས་སོ་སོས་འཁྱེར་དགོས་མིན་ཐད་ཀར་གནས་ཚང་དང་མཉམ་དུ་གྲོས་བསྡུར་གནང་དགོས། གཞན་ཡང་། སློབ་གྲྭ་ཁག་གི་ཚོགས་ཁང་དང་། འཛིན་ཁང་སོགས་སུ་ཡང་མི་མང་སྡོད་གནས་གོ་སྒྲིག་བྱེད་བཞིན་ཡོད་ལ། ད་དུང་མི་མང་སྡོད་གནས་ལ་དཀའ་ངལ་འཕྲད་ཚེ་སྡོད་གུར་གྲ་སྒྲིག་བྱེད་འཆར་ཡིན།
འགྲིམ་འགྲུལ་སྐོར།
ཉིན་རེར་རྒྱལ་ས་ལྡི་ལི་ནས་གླེ་ལ་མཁའ་ལམ་བརྒྱུད་ནས་གནམ་གྲུ་གསུམ་ཉིན་ལྟར་གཏོང་རྒྱུ་དང་། ཇཱ་མུ་ནས་གླེ་བར་གཟའ་ཟླ་བ་དང་པ་སངས་ལ་གནམ་གྲུ་ཡོད། དེ་བཞིན། ཤྲི་རིས་ན་གཱར་ནས་གླེ་བར་རེས་གཟའ་ལྷག་པའི་ཉིན་གནམ་གྲུ་ཡོད། གླེ་ཡི་གནམ་ཐང་ནས་གསུང་ཆོས་རྭ་བའི་བར་སྤྱི་ལེ་ ༡༠ ཙམ་ཡོད་ལ། གནམ་ཐང་དུ་ལ་དྭགས་གླ་གཏོང་རླངས་འཁོར་ལྷན་ཚོགས་ཀྱིས་དོ་དམ་བྱེད་བཞིན་པའི་གླ་གཏོང་རླངས་འཁོར་གང་མང་མང་ཞིག་ གོ་སྒྲིག་བྱས་ཡོད། གཞན་ཡང་། མ་ནཱ་ལེ་དང་ཇཱ་མུ། ཤྲི་ནཱ་གཱར། ཀཱར་གིལ་བཅས་ནས་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར་སོགས་ཐད་ཀར་གླེ་ བར་དུ་འགྲོ་མཁན་ཡོད། བཞི་བ། སྣེ་ལེན་བྱེད་སྟངས་དང་གསུང་ཆོས་ཕྱག་ཁྱེར། དད་ལྡན་ཆོས་ཞུ་བ་ཁག་ས་གནས་སོ་སོ་བརྒྱུད་ལ་དྭགས་སུ་ཕེབས་སྐབས། ས་མཚམས་སོ་སོར་རོགས་སྐྱོར་བྱེད་མཁན་བཞག་ཡོད། ལྡི་ལི་དང་། དྷ་ས། ཇཱ་མུ། མཱ་ནཱ་ལེ། ཁཱལ་ཚི། ཁཱ་རུ། གླེ་བཅས་སུ་སྣེ་ལེན་བྱེད་མཁན་ཡོད། དེ་དག་ལ་འབྲེལ་བཏུག་བྱེད་ཡུལ་ང་ཚོས་དྲ་ཚིགས་སུ་གསལ་བོར་བཀོད་ཡོད་པས་དེར་གཟིགས་རོགས།
ཁ༽ གསུང་ཆོས་ཕྱག་ཁྱེར།
དད་ལྡན་ཆོས་ཞུ་བ་རྣམས་གསུང་ཆོས་ར་བའི་ནང་ཕེབས་པར་ངེས་པར་དུ་ཐོ་འགོད་བྱས་ཏེ་གསུང་ཆོས་ཕྱག་ཁྱེར་བཟོ་དགོས་སྟབས། ཕྱི་རྒྱལ་ཡུལ་མི་ཚོས་རང་ཉིད་ཀྱི་ཕྱི་སྐྱོད་ལམ་ཡིག་གི་པར་བཤུས་དང་ཕྱེད་པར་གཉིས། དེ་བཞིན་དུ་ས་གནས་ཡུལ་མི་དང་། བོད་རིགས་སོགས་ཀྱིས་རང་ཉིད་ཀྱི་ལག་ཁྱེར་བྱང་བུ་ (ID) དང་ཕྱེད་པར་གཉིས་འཁྱེར་ནས་དེབ་སྐྱེལ་བྱེད་དུ་ཡོང་དགོས། ང་ཚོས་ཁྱེད་རང་ལ་དེབ་སྐྱེལ་ཡིག་བྱང་བཟོས་གླར་ཧིན་སྒོར་ཕྲན་བུ་རེ་ལེན་གྱི་ཡིན། དེབ་སྐྱེལ་བྱེད་ས་ནི་ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཀྱི་ལས་ཁུངས་ཡོད་ས་དང་གསུང་ཆོས་ར་བ། དེ་མིན་ས་གནས་གཞན་ཁག་ཏུ་གྲྭ་སྒྲིག་བྱེད་བཞིན་ཡོད།
འཕྲོད་བསྟེན་སྐོར།
གསུང་ཆོས་གནང་སྐབས་ཀྱི་འཕྲོད་བསྟེན་གནང་སྟངས་ནི་ང་ཚོས་ཧ་ཅང་གལ་ཆེར་བརྩིས་ཏེ་གྲ་སྒྲིག་བྱེད་བཞིན་ཡོད། སྡོད་གུར་གྱི་ཉེ་འཁྲིས་དང་། གསུང་ཆོས་ར་བའི་ཉེ་འགྲམ་དུ་མྱུར་སྐྱོབ་སྨན་བཅོས་ལྟེ་གནས་ཁང་འགའ་ཤས་གསར་ འཛུག་བྱ་རྒྱུ་དང་། ནད་པ་ཚབས་ཆེན་བྱུང་ཚེ་ས་ཁུལ་གྱི་སྨན་ཁང་ཆེ་ཤོས་བསོད་ནམས་ནོར་བུའི་དྲན་ གསོའི་སྨན་ཁང་ཞེས་པར་ཐད་ཀར་མྱུར་སྐྱོབ་རླངས་འཁོར་ཐད་གཏོང་བྱེད་རྒྱུའི་གྲྭ་སྒྲིག་བྱེད་བཞིན་ཡོད། དེ་བཞིན་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་ཕེབས་ནས་ཕྲལ་སེལ་གྱི་སྨན་ཁང་ཡང་འཛུག་རྒྱུ་བྱས་ཡོད། འདིར་ངེས་པར་དུ་ཤེས་དགོས་པ་ཞིག་ནི། དད་ལྡན་ཆོས་ཞུ་བ་རྣམས་གནམ་གྲུའི་ནང་ནས་གླེ་ལ་འབྱོར་བའི་ཉིན་དེར་ངལ་གསོ་བརྒྱབ་ནས་སྡོད་དགོས། རྒྱུ་མཚན། གླེ་ནི་རྒྱ་མཚོའི་ངོས་ནས་མི་ཊར་༣༥༠༠ (ཕི་ཊི་༡༡,༤༨༣) ལྷག་ཡོད་པའི་ས་མཐོའི་ཁ་ལ་ཆགས་ཡོད་པས། གླེ་ལ་འབྱོར་མ་ཐག་ཡར་མར་རྒྱུག་ན་ས་མཐོའི་ནད་བྱུང་ཉེན་ཆེ། ཁྱེད་ཀྱིས་ངེས་པར་དུ་ཆུ་གང་མང་འཐུང་དགོས། དེ་ལྟར་བྱས་ན་ས་མཐོའི་དབུགས་རྔུབ་གཏོང་བྱེད་སླ་པ་དང་ཕན་ཐོགས་ཆེན་པོ་ཡོད། དོ་སྣང་བྱེད་དགོས་པ་གཞན་ཞིག་ནི་ལ་དྭགས་ལ་སླེབས་པའི་ཆུ་ཚོད་ ༢༤ ནས་ ༤༨ རིང་ཆང་རག་འཐུང་མི་རུང་། དེས་གཟུགས་པོའི་ནང་གི་ཆུ་རྣམས་སྐམ་སྟེ་མིའི་སེམས་ཁམས་ངར་པོ་ཆགས་པའི་ཉེན་ཁ་ཆེ། དེ་བཞིན་ཕྱི་ཟླ་བདུན་པའི་ལ་དྭགས་ཀྱི་གནམ་གཤིས་ཀྱི་དྲོད་གྲང་སྙོམ་པོ་ཡིན་ཀྱང་། མཚན་མོ་གནམ་གཤིས་ཇེ་གྲང་དུ་འགྲོ་བས་གྱོན་ཆས་མཐུག་པོ་རེ་དང་། ཉི་མས་མི་འཚིག་པའི་ངོ་སྣུམ། ཉི་གདུགས། ཉི་འགོག་མིག་ཤེལ། འཐུང་ཆུ་གཙང་བཟོའི་སྨན། འཆམ་པ་སོགས་སྤྱིར་བཏང་གི་ནད་རིགས་ཀྱི་སྨན། རླུང་འཕྲིན། གདན་སོགས་མཉམ་ཁྱེར་བྱེད་ཐུབ་ན་བཟང་།
ཁ༽ གསང་སྤྱོད་ཀྱི་མཐུན་རྐྱེན།
ཞི་བའི་ཚལ་གསུང་ཆོས་ར་བའི་གཡས་ཕྱོགས་སུ་སྐུ་མགྲོན་དང་བླ་སྤྲུལ་ཁག་གི་གསང་སྤྱོད་དང་། དེ་བཞིན་དུ་མི་མང་དཀྱུས་མའི་གསང་སྤྱོད་སོགས་ཁྱོན་གསང་སྤྱོད་ ༡༨༠ ལྷག་གོ་སྒྲིག་བྱས་ཡོད་ལ། དེ་བཞིན་དུ་གསུང་ཆོས་ར་བའི་གཡོན་ཕྱོགས་སུ་ཡང་དེ་བཞིན་བཟོས་ཡོད། དེ་མིན་གྲྭ་བཙུན་སྡོད་གནས་ལ་དྭགས་དགོན་པ་ཚོགས་པའི་ཆོས་ཚོགས་ལྟེ་གནས་ཁང་དང་། མ་ཧཱ་བྷོ་དཱི་རྒྱལ་སྤྱིའི་སྒོམ་སྒྲུབ་ལྟེ་གནས་ཁང་གཉིས་སུ་ཡང་གསང་སྤྱོད་མང་པོ་གསར་རྒྱག་དང་། མི་མང་སྡོད་གནས་གུར་ཀྱི་ཉེ་འཁྲིས་སུ་ཡང་གསང་སྤྱོད་གསར་རྒྱག་བྱས་ཡོད།
ཐེངས་འདིའི་དུས་དབང་སྐབས་གནང་མི་ཆོག་པ་གསུམ་ནི། དང་པོ། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ལ་དྭགས་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་དང་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གང་མང་རིན་མེད་ཐོག་གོ་སྒྲིག་ཞུ་རྒྱུ་ཡིན་པ་ལས། དུས་འཁོར་དབང་ཆེན་གྱི་སྔ་གཞུག་ཏུ་གཞས་སྣ་འཁྲབ་སྟོན་གྱི་ལམ་ནས་མ་དངུལ་བསྡུ་རུབ་བྱ་མི་ཆོག རྒྱུ་མཚན། གཞས་སྣ་འཁྲབ་སྟོན་སོགས་འདྲ་མིན་བྱུང་ཚེ། དེ་དག་གི་ཁྲོད་ལ་དྭགས་དང་བོད་ཀྱི་སྲོལ་རྒྱུན་དང་མི་མཐུན་པ་དང་། ལ་དྭགས་དང་བོད་ཀྱི་ཡ་རབས་བཟང་སྤྱོད་དང་མི་མཐུན་པའི་གཞས་སྣ་འཁྲབ་སྟོན་སོགས་ཡོང་སྲིད་པ་དང་། ༸གོང་ས་མཆོག་གི་དུས་འཁོར་དབང་ཆེན་གནང་སྐབས་དེ་ལྟ་བུའི་བྱ་སྤྱོད་མི་འབྱུང་ཆེད་དང་། ལ་དྭགས་ནི་རྒྱ་དཀར་ནག་གི་ས་མཚམས་སུ་ཁེལ་ཡོད་སྟབས་གཞས་སྣ་འཁྲབ་སྟོན་སྐབས། མང་ཚོགས་ཁྲོད་ཆང་རག་འཐུང་མཁན་དང་རྙོག་ཟིང་བཟོ་མཁན་འབྱུང་སྲིད་པས། གལ་སྲིད་དེའི་རིགས་བྱུང་ཚེ་དབང་ཞུ་མཁན་སྤྱི་བྱིངས་ལ་བརྡབ་གསིག་འགྲོ་གཞིར་གྱུར་བ་སོགས་ཀྱིས་སྔོན་ཚུད་ནས་བཀག་འགོག་བྱས་པ་ཡིན།
གཉིས་པ། དགོན་པ་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་ཞལ་འདེབས་ཀྱི་རིགས་ཁྱོན་ནས་བསྡུ་རུབ་བྱ་མི་ཆོག རྒྱུ་མཚན། དེ་སྔར་གྱི་དུས་འཁོར་དབང་ཆེན་གནང་སྐབས་སུ་ཞལ་འདེབས་སློང་མཁན་དགོན་སྡེ་ཆེ་མ་ཆུང་གསུམ་སུམ་བརྒྱར་ཉེ་བ་བྱུང་ཡོད་ལ། དེ་དག་གི་གྲས་སུ་དངོས་བདེན་ཡིན་མིན་གྱི་ཞལ་འདེབས་སློང་མཁན་ཅི་རིགས་ཤིག་བྱུང་མྱོང་བ་དང་། དུས་འཁོར་དབང་ཆེན་སྐབས་མང་ཚོགས་ལ་བརྡབ་གསིག་དང་ཁྲ་ཁྲ་ཟང་ཟིང་མེད་པར་དབང་ལེགས་པར་ཐོབ་རེ་བཅས་ཀྱིས་ཡིན།
གསུམ་པ། གསུང་ཆོས་རྭ་བ་ནས་མི་ཊིར་བརྒྱའི་ནང་ཚུན་དུ་ཟ་ཁང་དང་ཚོང་ཁང་རིགས་གཉེར་མི་ཆོག རྒྱུ་མཚན། གསུང་ཆོས་རྭ་བའི་ནང་དུ་ཡར་མར་འཛུལ་སྐབས་ལམ་བར་ནས་འཚང་ཁ་མི་ཡོང་བ་དང་། ༸གོང་ས་མཆོག་གི་ཕོ་བྲང་གི་ཐག་ཉེ་ས་ནས་འུར་འུར་ཟང་ཟིང་མེད་པར་ཞི་འཇམ་ལྷིང་འཇགས་ཡོང་རེ་བཅས་ཀྱི་ཆེད་དུ་ཡིན། ཞེས་བཀོད་འདུག
གནས་ཚུལ་ཞིབ་ཕྲ་དགོས་ཚེ་ལ་དྭགས་དུས་དབང་དྲ་བ་(ladakhkalachakra2014.com) ནང་དུ་གཟིགས་རྒྱུ་དང་། གུར་སོགས་སྡོད་གནས་རིགས་དགོས་ཚེ་འབྲེལ་གཏུག་ཁ་བྱང་། བསོད་ནམས་སྟོབས་ལྡན། +91-9857633271 མཁའ་འགྲོ་སྐྱིད། +91-9882069113
དེ་མིན་དོགས་འདྲིའི་རིགས་ཡོད་ཚེ་ཇོ་ནང་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོར་འབྲེལ་གཏུག་བྱ་དགོས། འབྲེལ་གཏུག་ཁ་བྱང་། +91-8894481513 ཞོགས་པ་དུས་ཚོད་ ༩:༠༠ ནས་ཉིན་གུང་ ༡:༠༠ བར་དང་། ཉིན་རྒྱབ་དུས་ཚོད་ ༢:༠༠ ནས་ ༥:༠༠ བར་འབྲེལ་བ་བྱེད་ཆོག་ལ། རེས་གཟའ་སྤེན་པ་གཉིས་པ་དང་གཟའ་ཉི་མར་གུང་གསེང་ཡིན་འདུག
གསར་འགོད་པ། པདྨ་མཚོ།
ད་ལོའི་དུས་དབང་འདི་སྒེར་དང་ཚོགས་པ་རེ་ཟུང་གི་ཆབ་སྲིད་ཀྱི་ལག་ཆར་འགྱུར་དོགས་ཆེ་བས་ཚང་མས་ཀུན་སློང་ཡང་དག་ཞིག་གིས་བསྒྲུབ་པ་ལ་འབད་པར་འཚལ།་་ཅེས་རེ་སྐུལ་ཞུ།
ང་ཡང་དེ་ལ་དོགས་པ་ཞིག་འདུག སྔོན་ལ་དྭགས་ནང་པའི་ལྷན་ཚོགས་དང་དགོན་ཚོགས། ཀོང་པོ་གཞིས་བྱེས་གཉིས། ཇོ་ནང་ཆོས་བརྒྱུ་བཅས་སྦྱིན་བདག་གཙོ་བོ་གསུམ་ཡོད་པའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་བ་རེད། དེ་རིང་འདིར་གློ་བུར་དུ་ཇོ་ནང་གི་ཚོགས་གཙོ་གཅིག་པུས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་དོན་གང་ཡིན་ནམ། འདི་གནས་ཚུལ་ཆེན་པོ་ཡིན་དུས་སྒང་ལ་གསལ་བཤད་ཡག་པོ་དགོས་པ་རེད། རྗེས་མ་གནས་ཚུལ་གང་ཞིག་བྱུང་ཡང་ཁྱོད་ཚོས་འགན་འཁུར་ཐུབ་བམ། ཉིས་སྟོང་བཅུ་གཉིས་ཀྱི་རྡོར་གདན་དུས་དབང་སྐབས་གསར་འགོད་གསལ་བསྒྲགས་གང་ཞིག་སྤེལ་ཡང་སྦྱིན་བདག་ཚང་མའི་སྣེ་འཁྲིད་སྐུ་ཚབ་ཡོད་པ་མ་ཟད་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་སོགས་ཀྱང་ཡོད་པ་རེད། གཅིག་བྱས་ན་ཉམས་མྱོང་གིས་འདང་གི་མེད་པའི་རྟགས་ཤིག་རེད་བསམ་གྱི་འདུག འདི་རིགས་ལ་གཟབ་གཟབ་གནང་གལ་ཆེན་པོ་རེད།
་་་་་་ ཐག་རིང་གི་ཆོས་ཞུ་བ་རྣམས་ཀྱི་ཆེད་དུ་གོ་སྒྲིག་བྱས་པ་ ཞིག་ཡིན། སྡོད་གུར་དེ་དག་རིན་མེད་ཡིན་་་་་་་
https://tibettimes.net/wordpress/news.php?showfooter=1&id=8944
གོང་གསལ་གྱི་གནས་བབ་ལ་གཞིགས་ཏེ། གལ་ཏེ་ཁྱེད་ལ་སྡོད་གུར་གྱི་ཐུགས་མཁོ་མཆིས་ཚེ། གཤམ་གྱི་ཨང་གྲངས་སྒང་ལ་འབྲེལ་བ་གནང་རོགས། རྡ་ས། +919882868732 ལ་དྭགས། +9196-22-992331 ལ་དྭགས། +91 96-22-988503
https://tibettimes.net/wordpress/news.php?cat=18&&id=8864
གོ་ཐོས་ལྟར་ན་དུས་དབང་ཐེངས་ ༣༣ པར་བསྟན་པའི་སྦྱིན་བདག་ཁ་ཤེས་ཡོད་པ་ཞིག་གོ་སོང་། འོན་ཀྱང་དེ་རིང་གློ་བུར་ཐོག་རྒྱག་གི་གསར་འགོད་གསལ་བསྒྲགས་སྟེང་ཇོ་ནང་གི་སྐུ་ཚབ་གཅིག་པུ་ལས་མེད་དོན་ཅི་རེད།
དུས་དབང་སྐབས་ཀྱི་སྡོད་གུར་གསལ་བསྒྲགས།
འདོན་སྤེལ། ༢༠༡༤/༠༥/༡༠
རྒྱ་ཆེ་བའི་དད་ལྡན་ཆོས་ཞུ་བ་ཡོངས་ཀྱི་སྙན་ལམ་དུ་ཆེད་ཞུ།
ད་ལམ་༸གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་སོ་གསུམ་པ། ལ་དྭགས་རྒྱལ་ས་གླེ་རུ་བསྩལ་བའི་དུས་དང་བསྟུན་ཏེ། ངེད་ཅག་གིས་སྡོད་གུར་ཞིག་གོ་སྒྲིག་ཞུས་ཡོད། དེ་ནི་དུས་དབང་གསུང་ཆོས་རྭ་བ་ནས་སྤྱི་ཁྲི་/meter/ཉིས་བརྒྱའི་མཚམས་ཏེ། ལྕོག་ལམ་སར་བརྒྱ་ཤོག་གཉིས་པའི་ཟམ་པར་༽ཡོད་པ་དང་། ཆུ་དང་གློག་གསང་སྤྱོད་སོགས་ཀྱི་མཐུན་རྐྱེན་ཚད་དང་ལྡན་ཞིང་། སྡོད་གུར་རེ་རེའི་ནང་དུ་མང་ཤོས་སུ་མི་ལྔ་བསྡད་ཆོག་པ་དང་། སྡོད་མཁན་གྱི་གྲངས་འབོར་ལ་ལྟོས་ཏེ། གདན་གྱི་ཆ་རྐྱེན་སྟབས་བདེ་དང་སྤུས་ལེགས་བསྐྲུན་གང་ཐུབ་ཞུས་ཡོད། ད་དུང་སྡོད་གུར་གྱི་ནང་དུ་ས་གདན་དང་། དུས་དབང་སྐབས་སུ་ཆེད་མངགས་ཅ་ལག་སོགས་ལ་ལྟ་སྲུང་བྱེད་མཁན་ཡང་ཡོད་པས། དེ་དོན་དགོངས་འཇགས་ཡོད་པ་ཞུ། དེས་ན་སྡོད་གུར་གྱི་རིན་གོང་དང་། དུས་ཡུན་གྱི་འགྲོ་སྟངས་ནི་གཤམ་གསལ་ལྟར་ཡིན།
ཉིན་ལྔ་ཡི་བར་དུ་བསྡད་ན། སྡོར་གུར་རེར་ཉིན་རེ་ཧིན་སྒོར་2000 ཡིན།
ཉིན་བརྒྱད་ཀྱི་བར་དུ་བསྡད་ན། སྡོད་གུར་རེར་ཉིན་རེ་ཧིན་སྒོར་1300 ཡིན།
ཉིན་བཅུའི་བར་དུ་བསྡད་ན། སྡོད་གུར་རེར་ཉིན་རེ་ཧིན་སྒོར་1100 ཡིན།
ཉིན་བཅུ་ལྔའི་བར་དུ་བསྡད་ན། སྡོད་གུར་རེར་ཉིན་རེ་ཧིན་སྒོར་900 ཡིན།
ཉིན་ཉི་ཤུའི་བར་དུ་བསྡད་ན། སྡོད་གུར་རེར་ཉིན་རེ་ཧིན་སྒོར་700 ཡིན།
ཉིན་སུམ་ཅུའི་བར་དུ་བསྡད་ན། སྡོད་གུར་རེེར་ཉིན་རེ་ཧིན་སྒོར་500 ཡིན།
གོང་གསལ་གྱི་གནས་བབ་ལ་གཞིགས་ཏེ། གལ་ཏེ་ཁྱེད་ལ་སྡོད་གུར་གྱི་ཐུགས་མཁོ་མཆིས་ཚེ། གཤམ་གྱི་ཨང་གྲངས་སྒང་ལ་འབྲེལ་བ་གནང་རོགས། རྡ་ས། +919882868732 ལ་དྭགས། +9196-22-992331 ལ་དྭགས། +91 96-22-988503
་་་་་་་་་་་
ག༽ གུར་གྱི་སྡོད་ཁང་།
ང་ཚོས་ས་འབུར་ཐང་ཞེས་པར་རས་གུར་ ༡༠༠༠ ཙམ་གྱི་སྡོད་གནས་གྲ་སྒྲིག་བྱས་ཡོད་ལ། ས་ཆ་དེ་གསུང་ཆོས་རྭ་བ་ནས་སྤྱི་ལེ་ ༡.༥ མཚམས་ལ་ཡོད། སྡོད་གུར་དེ་དག་ནི་ཧི་མ་ལ་ཡའི་རི་རྒྱུད་དང་། དྷ་ས་སོགས་ནས་ཕེབས་པའི་ཐག་རིང་གི་ཆོས་ཞུ་བ་རྣམས་ཀྱི་ཆེད་དུ་གོ་སྒྲིག་བྱས་པ་ ཞིག་ཡིན། སྡོད་གུར་དེ་དག་རིན་མེད་ཡིན་ལ། གུར་གཅིག་གི་ནང་ལ་མི་གྲངས་ ༨ ནས་ ༡༠ འདུག་དགོས། གདན་དང་མལ་ཆས་རྣམས་ཆོས་ཞུ་བ་རང་ཉིད་ཀྱིས་འཁྱེར་ནས་ཡོང་དགོས་པའི་འབོད་སྐུལ་ ཞུ། སྡོད་གུར་ནང་བསྡད་འདོད་ཡོད་ཚེ། ཟླ་འདིའི་ཕྱི་ཚེས་ ༢༥ སྔོན་དུ་ཐོ་འགོད་བྱེད་དགོས། ཐོ་འགོད་སྔ་ཕྱི་ལྟར་གུར་སྤྲོད་རྒྱུ་ཡིན།
་་་་་་་་་་་་