དྷ་ས་གཙུག་ལག་ཁང་གི་༧གོང་ས་མཆོག་གི་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོའི་སྟེང་། ཧི་མ་ཅལ་མངའ་གཞུང་འགྲིམ་འགྲུལ་བློན་ཆེན་གྱིས་རྒྱ་གར་དབུས་དང་མངའ་སྡེའི་གཞུང་དམངས་ཡོངས་ཀྱིས་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས་བཞིན་ཡོད་པ་དང་། མ་འོངས་པར་བོད་པ་ཚོར་འབྲས་དང་གྲོ་ཡི་རིན་གོང་ཆུང་དུ་གཏོང་རྒྱུ་དང་དྷ་ཤོད་ནས་མེག་ལོར་བར་ལམ་ཁ་བཟོ་རྒྱུར་ཧིན་སྒོར་འབུམ་ ༣༠༠ སྤྲོད་རྒྱུ་ཡིན་ཚུལ་སོགས་བརྗོད་སོང་།
དེ་རིང་ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་ཕྱི་ལུགས་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་ཐོག་དཔལ་རྒྱལ་བ་ཀརྨ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག ཧི་མ་ཅལ་མངའ་སྡེའི་ཟ་འབྲུ་དང་འགྲིམས་འགྲུལ་བློན་ཆེན་ཤཱ་རི་གྷ་སི་བྷ་ལི་(Shri G.S.Bali)མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ཀྱིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་ཉེ་འཁོར་སློབ་གྲྭ་ཁག་གི་སློབ་ཕྲུག་བཅས་མི་མང་ ༣༠༠༠ ལྷག་འདུ་འཛོམས་བྱུང་སོང་།
མཛད་སྒོ་དབུ་འཛུགས་ཐོག་ཤེས་རིག་ལས་ཁུངས་ནས་བཟོ་སྐྲུན་གནང་བའི་འཛིན་རིམ་ ༢ པ་ནས་ ༥ པའི་བར་གྱི་བོད་ཡིག་སློབ་དེབ་བརྙན་སྡེར་དང་བརྡ་ཆད་གཏན་འབེབས་ལས་འཆར་གྱི་དེབ་ཕྲེང་དང་པོ་ནས་དྲུག་པའི་བར་གྱི་དེབ་ཕྲེང་བཅས་སྐུ་མགྲོན་གཙོ་བོ་མཆོག་གིས་དབུ་འབྱེད་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་ ༢༥ འཁོར་བ་གཉིས་ལ་སྲིད་སྐྱོང་མཆོག་གིས་ཕྱག་འཁྱེར་དང་གཟེངས་བསྟོད་བྱ་དགའ་བཅས་གནང་སོང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱངས་གནང་སྟེ། དེ་རིང་གི་དུས་ཆེན་ཁྱད་པར་བ་འདི་ནི་ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་གི་མི་མང་སྤྱི་དང་། སྒོས་སུ་གཞིས་བྱེས་བོད་མི་ཡོངས་ཀྱིས་དགའ་གུས་ཆེན་པོའི་སྒོ་ནས་འཛམ་གླིང་ས་ཕྱོགས་གང་སར་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད། ཅེས་སོགས་འཁོད་འདུག
བཀའ་ཤག་གི་གསུང་བཤད་ནང་། བོད་རྒྱའི་དབར་གྱི་གནད་དོན་འདི་བཞིན་རྒྱ་ནག་གཞུང་དང་མཉམ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་སྟབས། ༧གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཕྱོགས་ཐམས་ཅད་ནས་དངོས་ཡོད་གནས་སྟངས་དང་འཚམས་པའི་སྲིད་བྱུས་བཟང་ཤོས་ཡིན་པ་མ་ཟད། བོད་རྒྱ་མི་རིགས་གཉིས་ཀར་ཁེ་ཕན་ལྡན་པ་ཞིག་ཡིན་པར་སོང་། རྒྱ་ནག་གཞུང་གི་འགོ་འཁྲིད་གསར་པ་ཚོས་སྲིད་བྱུས་འདིའི་གཉིས་ཕན་གྱི་རང་བཞིན་གང་མྱུར་ངོས་འཛིན་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།
དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞིས་བྱེས་བོད་མིའི་རྒྱབ་སྐྱོར་ཤུགས་ཆེ་ཡོད་མུས་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག དེ་བཞིན་རྒྱ་རིགས་མང་ཚོགས་བཅས་ཀྱི་རྒྱབ་སྐྱོར་ཆེ་རུ་འགྲོ་བཞིན་པ་ཡིན་ཞིང་། སླད་མར་ཡང་རྒྱབ་སྐྱོར་གྱི་གནས་ཚད་སྔར་ལྷག་ཡར་རྒྱས་གོང་འཕེལ་ཡོང་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་མགོ་ཚུགས་ཟིན་པའི་ཁོངས་ཀྱི་ཆ་ཤས་སུ། སྐད་རིགས་འདྲ་མིན་ཐོག་དབུ་ལམ་གྱི་སྐོར་དྲ་རྒྱ་གསར་བཟོ་ཞུས་པའི་ནང་དབུ་མའི་ལམ་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་དང་བཀའ་སློབ་ཁག་ལྟ་བདེ་ཡོང་ཆེད་ཟུར་འཇོག་ཞུས་ཡོད། དེ་མཚུངས་བཀའ་བློན་དང་དྲུང་ཆེ་རྣམ་པ་ས་གནས་ཆ་བགོས་ཀྱིས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་ཆེད་ཕེབས་ཀྱིས་མང་ཚོགས་ཁྲོད་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུའི་ལས་གཞི་རིང་མིན་སྤེལ་རྒྱུ་ཡིན་ན་ཚང་མས་མཉམ་ཞུགས་གནང་བའི་རེ་བ་ཡོད།
ཡང་གསུང་བཤང་ནང་། ༧གོང་ས་མཆོག་གིས་ད་བར་དགོངས་གཞི་དང་བཀའ་སློབ་ལམ་སྟོན་ཕེབས་པ་རྣམས་རྨང་གཞིར་བཟུང་སྟེ། བཀའ་ཤག་གི་རྩ་བའི་ལྟ་གྲུབ་གཅིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་བྱ་རྒྱུའི་སྲིད་བྱུས་ལ་བརྟེན་ནས་བོད་དོན་བདེན་མཐའ་མ་གསལ་གྱི་བར་མུ་མཐུད་འབད་རྩོལ་ལྷོད་ཞུས་དང་ཞུ་མུས་ཡིན་ཞིང་། ཕྱི་ལོ་ ༢༠༡༡ ལོར་ ༧གོང་ས་མཆོག་གིས་འཕྲལ་ཕུགས་དགག་དགོས་ཀྱི་རྒྱུ་མཚན་དུ་མར་གཟིགས་ནས་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ཟློག་མེད་ཕེབས་པ་ལ་བརྟེན་ནས་རང་གཞན་རོགས་གསུམ་ཚང་མར་སེམས་འཚབ་ཤུགས་ཆེན་བྱུང་ཡོད་རུང་། ད་བར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེ་འཕྲིན་ལས་དང་། རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་གཞིས་བྱེས་བོད་མི་ཡོངས་ནས་གདུང་སེམས་མཉམ་སྐྱེད་དང་ཕྱར་གྲུ་མཉམ་འདེགས་གནང་བ་ལ་བརྟེན་ནས་འཐུས་ཤོར་མེད་ཙམ་དུ་གནས་བཞིན་པ་ནི་དགའ་སྒོམ་བྱ་འོས་པར་སྣང་། ཞེས་སོགས་བཀོད་འདུག
དེ་རྗེས་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྤྱི་འཐུས་ཀྱི་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱངས་གནང་བའི་ནང་། འཇིག་རྟེན་ཡོངས་གྲགས་ཀྱི་དམ་པ་སུ་ཞིག་གི་འཁྲུངས་སྐར་སྲུང་བརྩི་བྱེད་ནའང་། སྟོན་པ་དེ་དང་དེའི་མཛད་པ་ལ་དྲན་གསོ་དང་། བླང་དོར་ལམ་སྟོན་ལ་བརྩི་འཇོག་དང་རྗེས་སུ་སློབ་རྒྱུ་ནི། འཁྲུངས་སྐར་སྲུང་བརྩི་བྱས་པའི་དགོས་དོན་གྱི་སྙིང་པོ་ཡིན་པ་ལྟར། གལ་གནད་ཆེ་བའི་ཉིན་མོ་འདིར་མཉམ་ཞུགས་གནང་མཁན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་སྤུན་ཟླ་མི་རིགས་ཡོངས་དང་། ལྷག་པར་དུ་གཞིས་བྱེས་བོད་མི་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་འོས་ཐོག ཁོང་གི་ཀུན་ཁྱབ་མཛད་འཕྲིན་དང་། བླང་དོར་ལམ་སྟོན་ཐོག་ཤར་སྐྱོད་ཞུ་རྒྱུའི་དམ་བཅའ་དྲན་གསོ་དང་སྒྲུབ་པ་ཉམས་ལེན་བྱ་རྒྱུ་ནི་སྐུའི་འཁྲུངས་སྐར་གྱི་ལེགས་སྐྱེས་གལ་ཆེན་ཞིག་ཡིན། ཞེས་དང་།
ཡང་གསུང་བཤད་དུ། བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་འགྲོ་ལུགས་གང་ཅིར་རང་དབང་དམངས་གཙོར་འགྱུར་ཐབས་ སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཟུར་བཙུགས་གནང་ཐོག་བུན་རྙིང་རྩ་ཆག་གནང་བས་མཚོན། ཆབ་འབངས་རྣམས་བདེ་ཐབས་འཚོ་སྐྱོང་སོགས་དུས་བསྟུན་ལེགས་ཆའི་བསྒྱུར་བཀོད་ཕྱག་བཞེས་གནང་། འོན་ཀྱང་། རྒྱ་དམར་དབང་ཤུགས་ཀྱིས་བོད་ས་ཡོངས་རྫོགས་བཙན་འོག་ཏུ་ཚུད་དེ། ཕྱི་ལོ་ ༡༩༥༩ ལོར་ཁྱིམ་མཚེས་འཕགས་པའི་ཡུལ་དུ་སྲིད་དོན་སྐྱབས་བཅོལ་ལ་མ་ཕེབས་ཐབས་མེད་བྱུང་བ་དང་། རིང་པོར་མ་ཐོགས་པར་གང་ལ་རེ་བའི་མིག་འབུར་གཏད་དེ་ཕེབས་ཞབས་སུ་སྙེགས་པའི་སེར་སྐྱ་ཕོ་མོ་རྒན་བྱིས་ཁྲི་ཕྲག་མང་པོ་འཕགས་པའི་ཡུལ་འདིར་མི་འཇིགས་པ་སྐྱབས་ཀྱི་ སྦྱིན་པས་དབུགས་དབྱུང་ཞིང་། ཟས་གོས་གནས་མལ་གྱིས་མི་ཕོངས་པའི་ཁར་མ་འོངས་བསྟན་པའི་མེ་རོ་སླར་གསོའི་དམིགས་རྟེན་ཆོས་བརྒྱུད་ཆེན་པོ་བཞི་བོན་དང་བཅས་པར་རང་རང་སོ་སོའི་བཀའ་སྲོལ་ཆོས་སྤྱོད་ཉམས་བཞེས་བཤད་སྒྲུབ་ཀྱི་བྱ་བ་ཐམས་ཅད་ཉམས་མེད་རྒྱུན་འཛིན་ཐུབ་ཐབས་ཀྱི་བསྟི་གནས་དང་། ལྷག་པར་བོད་ལྗོངས་བསྟན་སྲིད་ཀྱི་བདེ་རྩ་མགོན་པོ་གང་གི་ཡང་དག་པའི་དབུ་ཁྲིད་འོག བྱེས་འབྱོར་གཞུང་གི་སྒྲིག་འཛུགས་དང་། ཆོས་དང་། རིག་གཞུང་སློབ་ཁང་། ཉམས་ཞིབ་སྡེ་ཚན། གཞིས་ཆགས། སློབ་གྲྭ། ལག་ཤེས་བཟོ་རིགས། ཚོང་འཁོས་འདུ་འགོད་སོགས་རྒྱ་ཆེ་མུ་མེད་ཀྱི་ལས་དོན་དུ་མ་ཞིག་རང་ཡུལ་ཕྲ་ཚུགས་ཡོད་པའི་དུས་སྐབས་ལས་ཀྱང་ལྷག་པ་ལྟ་བུའི་མཛད་བཟང་གི་བཀའ་དྲིན་ཟླ་མེད་པར་སྐྱོང་བར་མཛད།
རིང་ནས་ཐུགས་ལ་བརྣགས་པའི་འདོད་དོན་བོད་ལྗོངས་ཆབ་སྲིད་དམངས་གཙོའི་ལམ་དུ་བསྒྱུར་སླད། ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དང་། ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་མཛད་པ་དང་བསྟུན། བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ལྟ་བའི་སློབ་སྟོན་རྒྱུན་ཆད་མེད་པར་མཛད། ༡༩༩༠ ལོར་སྐབས་བཅུ་པའི་སྤྱི་འཐུས་དང་བཀའ་ཤག་བཅས་པ་ཕྱིར་བསྡུ་དང་། ༡༩༩༡ ལོར་སྤྱི་འཐུས་གྲངས་སྤར་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་གསོལ་བསྩལ་གནང་བ་དང་། སྐབས་བཅུ་གཅིག་པར་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་དེ་བཅའ་ཁྲིམས་ལྡན་པའི་དམངས་གཙོའི་ལམ་སྲོལ་བཙུགས་པ་དང་། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་བསྡུ་བྱ་རྒྱུའི་ལམ་ལུགས་དང་། དེ་རྗེས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཆ་ཚང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་ མགོ་འཁྲིད་རྣམས་ལ་གཟི་བརྗིད་ལྡན་པའི་ངང་རྩིས་སྤྲོད་གནང་སྟེ། ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་ཁྲིམས་མཐུན་གྱི་གནས་བབ་ལྡན་པའི་དམངས་གཙོའི་ལམ་ལུགས་སྲ་བརྟན་ཅན་ཞིག་ཏུ་བསྒྱུར་གནང་མཛད་པ་སོགས་ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་། བོད་མིའི་དགོས་མཁོ་དང་འཚམས་པར་མང་ཚོགས་ཀྱི་བསམ་བློའི་གནས་ཚད་ལོངས་མིན་ལ་མ་ལྟོས་པར་བཙན་ཐབས་སུ་འཁྲིད་པའི་རླབས་ཆེན་མཛད་བཟང་འདི་དག་ནི། འཇིག་རྟེན་ནང་དམངས་གཙོའི་འགྱུར་འགྲོས་ཀྱི་ལོ་རྒྱུས་སུ་སྔར་མ་གྲགས་པའི་མཛད་བཟང་རླབས་པོ་ཆེ་ཡིན་པ་ཀུན་ཤེས་ཡོངས་གྲགས་ཆགས་ཡོད་པས་༸རྒྱལ་བའི་བཀའ་དྲིན་དྲན་གསོ་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་བཀོད་འདུག
སྐུ་མགྲོན་གཙོ་བོ་ཤཱ་རི་གྷ་སི་བྷ་ལི་མཆོག་གིས། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་དབུས་མངའ་སྡེའི་གཞུང་དམངས་གཉིས་ནས་༸གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས་བཞིན་ཡོད་ལ། མངའ་སྡེའི་མི་མང་གིས་༸གོང་ས་མཆོག་ནམ་ཡང་མངའ་སྡེ་འདིའི་ནང་བཞུགས་པར་གསོལ་འདེབས་ཞུ་ཡི་ཡོད། ལོ་རྗེས་མའི་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་ནི་༸གོང་ས་མཆོག་བོད་ལུགས་ཀྱི་དགུང་གྲངས་ ༨༠ ཕེབས་པའི་དགའ་སྟོན་གྱི་ཉིན་མོ་ཡིན་སྟབས། ཧི་མ་ཅལ་མི་མང་གིས་ཉིན་མོ་གལ་ཆེན་དེར་རེ་སྒུག་བྱེད་ཀྱིན་ཡོད། དེ་རིང་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན་ཧི་མ་ཅལ་མངའ་སྡེ་གཞུང་གིས་རྒྱ་གར་རྒྱལ་ཡོངས་ཟས་རིགས་བདེ་འཇགས་ཀྱི་སྲིད་བྱུས་(The National Food Security Act)ཞེས་པའི་འོག མངའ་སྡེ་འདིའི་ནང་ཡོད་པའི་བོད་མི་ཚང་མས་གྲོ་ཀེ་ལོ་གཅིག་ལ་ཧིན་སྒོར་ ༢ དང་། འབྲས་ཀེ་ལོ་གཅིག་ལ་ཧིན་སྒོར་ ༣ བྱས་ཏེ་ཉོ་ཆོག་པའི་ཐོབ་ཐང་སྤྲད་པ་དང་། གཞན་ཡང་། དྷ་ཤོད་ནས་མེག་ལོར་བར་གྱི་གཞུང་ལམ་བཟོ་བར་ཧིན་སྒོར་འབུམ་ ༣༠༠ གཏོང་འཆར་ཡོད་ལུགས། བོད་ཁྱིམ་སློབ་གྲྭ་ཁག་ལ་ཁོ་རང་སྒེར་ནས་ཧིན་སྒོར་འབུམ་ ༡ ཞལ་འདེབས་སུ་གནང་རྒྱུ་ཡིན་ལུགས་སོགས་གསུངས་སོང་།
མཛད་སྒོའི་མཇུག་ཏུ་དྷ་སྟེང་བོད་ཁྱིམ་དང་མེས་དབོན་དཔེ་སྟོན་སློབ་གྲྭ། ཡོངས་གླིང་སྔོན་འགྲོའི་སློབ་གྲྭ། སྨན་རྩིས་ཁང་མཐོ་སློབ། རྒྱ་གར་སྦི་ཏི་མཐོ་སློབ། ནོར་གླིང་སྔོན་འགྲོའི་སློབ་གྲྭ་སོགས་ནས་གཞས་སྣ་འཁྲབ་སྟོན་གནང་སོང་།
གསར་འགོད་པ། པདྨ་མཚོ།
འབྲས་ཀེ་ལོ་གཅིག་ལ་སྒོར་གསུམ་དང་། གྲོ་ཀེ་ལོ་གཅིག་ལ་སྒོར་གཉིས་ཏེ་བྱས་ནས་ཉོ་ཆོག་པའི་ཐོབ་ཐང་གནང་ཅེས་པ་དེ་དངོས་བདེན་ཡིན་ནམ། བདེན་ཚེ་ང་ཡང་མགྱོགས་རྡ་རམ་ལར་གནས་སྤོ་དགོས་ཡོད།
ཧི་མ་ཅལ་གཞུང་ཐུགས་རྗེ་ཆེ། ད་རེས་གྲོ་དང་འབྲས་ཀྱི་རིན་གོང་ཇེ་ཆུང་དུ་བཏང་བ་དང་རྡ་རམ་ས་ལའི་ལམ་ཁ་བཟོ་ཆེད་སྒོར་འབུམ་ ༣༠༠ སྤྲད་གནང་བར་བཀའ་དྲིན་ཤིན་ཏུ་ཆེ། ཡིན་ནའང་བོད་མི་སྐྱབས་བཅོལ་བ་ཚོར་བདག་པོ་རྒྱག་རྒྱུ་ཅུང་ཕྱི་དྲགས་བཞིན་འདུག རྡ་རམ་ས་ལའི་བོད་མི་ཇེ་ཉུང་དུ་ཕྱིན་པ་དང་༧གོང་ས་མཆོག་ལྷོ་ཕྱོགས་སུ་བཞིགས་གཏན་འཁེལ་བའི་རྗེས་ལ་གཞི་ནས་ཧི་མ་བཅལ་གཞུང་ལ་སེམས་ཚུབ་ཅིག་ཡོང་གི་ཡོད་ས་རེད།