ཏིན་ཡི་ཧྥི་ཡིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།
ཧོང་ཀོང་གིས་རྒྱ་ནག་ཡོངས་ལ་གསལ་སྟོན་བྱས་ཡོད་པ་ཞིག་ནི། ཧོང་ཀོང་གིས་བསྒྲུབ་ནུས་པ་ཞིག་ཡིན་ཕྱིར། རྒྱ་ནག་ནང་ཁུལ་ནས་ཀྱང་བསྒྲུབ་ནུས་པ་དེའོ། ཞེས་པ་དེ་རེད། རང་དབང་གི་སྤྱི་ཚོགས་དང་དམངས་གཙོའི་ལམ་ལུགས་ཀྱི་སྔུན་ནས་གང་ཞིག་བསྒྲུབ་མ་ཆོག་པ་མ་རེད། གཙོ་བོ་ཁྱོད་ཀྱིས་དེ་བསྒྲུབ་ན་འདོད་མི་འདོད་དེ་རེད། དེ་ནས། སྒེར་གཅོད་ཚོགས་པས་དམངས་གཙོ་ཡི་རྣམ་པ་ཅན་གྱི་བྱེད་ཐབས་གང་ཞིག་ཡིན་ན་ཡང་། དེ་ལ་མོས་མཐུན་གྱི་རྣམ་འགྱུར་ཡག་པོ་ཞིག་ཁྱོན་ནས་མི་སྟོན། རྒྱུ་མཚན་ནི་དེ་ཡིས་ཁོ་ཚོའི་འཚོ་གནས་ཀྱི་སྒྲོམ་གཞི་ལ་ཉེན་ཁ་བཟོ་བཞིན་ཡོད་པས་རེད།
ཉེ་བའི་ལོ་ཤས་ནང་ལ་ང་རང་བོད་ཁུལ་དུ་སོང་སྟེ། རྒྱ་བོད་ཀྱི་ལས་བྱེད་པ་དང་མི་མང་ལ་འབྲེལ་འདྲིས་བྱས་པ་ཡིན། མི་མང་པོ་ཞིག་གིས་ང་ལ་དྲི་བ་གཅིག་འདྲི་ཡོང་གི་འདུག དེ་ནི་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་རང་བཙན་གྱི་ལྟ་བ་དོར་ནས་དབུ་མའི་ལམ་གྱི་རྩ་དོན་མུ་མཐུད་ནས་རྒྱུན་སྐྱོང་བྱས་ཏེ། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མི་རིགས་ས་གནས་རང་སྐྱོང་གི་སྒྲིག་གཞིའི་འོག་གི་མི་རིགས་རང་སྐྱོང་ཁོ་ནའི་མངོན་འདོད་བྱེད་ཀྱི་ཡོད་པ་དང་། དེ་ནས། བོད་ནང་གི་བོད་མི་རྣམས་ཀྱིས་ཏཱ་ལའི་བླ་མ་ཕྱིར་རང་ཡུལ་དུ་ཕེབས་པའི་རེ་བ་བྱེད་ཀྱི་ཡོད་ཅིང་། ཐ་ན། མི་བརྒྱ་དང་སུམ་བཅུ་ལྷག་གིས་རང་ལུས་མེར་བསྲེགས་བྱས་ཡོད་པ་རེད། ཡིན་ན་ཡང་། རྒྱ་གཞུང་གིས་ཏཱ་ལའི་བླ་མ་དང་ལྷན་དུ་གྲོས་མོལ་མི་བྱེད་པ་མ་ཟད། ད་དུང་། ཏཱ་ལའི་བླ་མ་ལ་གུས་མེད་ལུགས་མེད་ཀྱི་རྣམ་འགྱུར་བཟུང་ཏེ། ཉན་ན་རྣ་བར་གཟན་པའི་མཚན་སྨད་བྱེད་བཞིན་དོན་དག་ནི་དེ་འདྲའི་ཁག་པོ་ཞིག་དང་ཡ་ལན་ཅི་ཡང་བྱེད་ཀྱི་མེད་པ་དེ་ཡང་སྙིང་རྒྱུ་མཚན་ཅི་ཡིན་ནམ། ཞེས་པའི་དྲི་བ་འདི་རེད།
ཉེ་ལམ་རྒྱལ་ཁབ་ཀྱི་གསར་འགྱུར་ལས་ཁུང་གི་<<རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། དམིགས་བསལ་སྲིད་འཛིན་ས་ཁུལ་ཧོང་ཀོང་གི་ལག་ལེན། >> ཞེས་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེས་ངང་ངམ་ཤུགས་ཀྱིས་དྲི་བ་དེ་ལ་ལན་འདེབས་བྱས་འདུག
“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་” ནི་ཡུན་རིང་བོར་གནས་ཐུབ་བམ།
གོ་བདུན་ལོར། ཧོང་ཀོང་གི་ལོག་ཕེབས་དེ་ནི་ཉེ་རབས་རྒྱ་ནག་གི་ལོ་རྒྱུས་ནང་ལས་དོན་ཆེན་པོ་ཞིག་ཡིན། ཕྱོགས་གཅིག་ནས་མེས་རྒྱལ་གྱི་མངའ་ཁོངས་སུ་ལོག་པ་དེས། རྒྱལ་ཡོངས་མི་མང་གི་མི་རིགས་རིང་ལུགས་ཀྱི་བསམ་བློ་ངར་སྐུལ་སློང་བ་དང་། ཕྱོགས་གཞན་ཞིག་ནས། རྒྱ་གཞུང་གིས་རྟའི་ཚོད་ཀྱིས་བང་དང་། བྲོའི་ཚོད་ཀྱིས་ཉམས་ཤིག་སྟོན་པའི་ཁས་ལེན་དམ་བཅའ་བྱས་པས། ཧོང་ཀོང་མི་མང་གིས་རྒྱ་གཞུང་ལ་གཏད་པའི་བློ་དོགས་དེ་ལྟོས་ས་ལྟོས་འཇོག་གིས་ཉུང་དུ་ཕྱིན་ཡོད། ཡིན་ན་ཡང་། དོན་དངོས་ཀྱི་གནས་ཚུལ་ནི་རྒྱ་གཞུང་དང་དབྱིན་གཞུང་གཉིས་མཉམ་འབྲེལ་གྱིས་བསྒྲགས་གཏམ་སྤེལ་བའི་ཧོང་ཀོང་གི་རྩ་བའི་ཁྲིམས་དང་འབྲེལ་བ་ཡོད་པ་ཞིག་ཡིན།
ང་དང་ང་རང་གི་གྲོགས་པོ་མང་པོ་ཞིག་གིས་རྒྱ་ནག་སྔ་མོ་ནས་དམངས་གཙོའི་ཕྱོགས་ལ་བགྲོད་པའི་རེ་བ་བྱས་པ་ཡིན། དེ་བཞིན། ཧོང་ཀོང་ལོག་ཕེབས་བྱས་པ་དེས་རྒྱ་ནག་ནང་ཁུལ་ལ་ཆབ་སྲིད་ཀྱི་འགྱུར་ལྡོག་ཅིག་བསྐྲུན་ཐུབ་པའི་རེ་བ་ཡང་བྱས་པ་ཡིན། ཧོང་ཀོང་གི་ཁྲིམས་སྐྱོང་དང་གཞུང་ཞབས་ཀྱི་སྒྲིག་གཞི། དབང་འཛིན་གྱི་མ་ལག ཁྲིམས་ཀྱི་རང་བདག གསར་འགྱུར་རང་དབང་། སྤྱི་ཚོགས་གུ་ཡངས། འདི་དག་ཚང་མ་རྒྱ་ནག་དེང་རབས་ཀྱི་དཔལ་ཡོན་དང་སྔོན་ཐོན་སྤྱི་ཚོགས་སུ་བགྲོད་པར་བྱེད་པའི་དགོས་མཁོ་རྐྱང་ཡིན་ཞིང་། རྒྱ་ནག་ལ་མེད་པ་ཡང་དེ་དག་ཡིན། དེ་ནས། དཔྱོད་ཤེས་དང་བློ་གཟུ་བོར་གནས་མཁན་རྣམས་ཀྱིས་ཧོང་ཀོང་གི་མི་རྣམས་ཀྱི་འཚོ་བ་རྒྱ་ནག་ནང་ཁུལ་ལས་ཡག་པོ་ཡོད་པ་དེ་ངོས་ལེན་བྱེད་ཀྱི་རེད། དེ་ཡང་། དཔལ་འབྱོར་ཐད་ཁོ་ནས་མ་ཡིན་པར། ད་དུང་ནང་བསམ་བློའི་ཆུ་ཚད་དང་། སྤྱི་ཚོགས་དྲང་བདེན་གྱི་ཕྱོགས་ནས་ཀྱང་ཡག་པོ་ཡོད་པ་རེད། འདི་ནི་གཙོ་བོ་ཆབ་སྲིད་ལམ་ལུགས་ཀྱི་དབང་གིས་བསྐྲུན་པའི་རང་དབང་དང་དམངས་གཙོ་ལ་འབྲེལ་བ་དམ་པོ་ཡོད། ཧོང་ཀོང་ལོག་ཕེབས་བྱས་པའི་རྗེས་ནས། ཧང་ཀོང་ནི་རྒྱ་ནག་གི་ཆ་ཤས་སུ་གྱུར་བ་རེད། དེ་ནས། མི་མང་པོ་ཞིག་གིས་ཡིན་ལ་མ་ཡིན་པའི་སྒོ་ནས་རྒྱ་ནག་མང་གཙོར་འགྱུར་བར་དགག་པ་དང་ངོས་ལེན་བྱེད་ཀྱི་མེད་པའི་རྒྱུ་མཚན་དེ་རང་བཞིན་གྱིས་ཁུངས་མེད་དུ་གྱུར་ཡོད། དེ་བས། ཧོང་ཀོང་གིས་རྒྱ་ནག་ཡོངས་ལ་གསལ་སྟོན་བྱས་ཡོད་པ་ཞིག་ནི། ཧོང་ཀོང་གིས་བསྒྲུབ་ནུས་པ་ཞིག་ཡིན་ཕྱིར། རྒྱ་ནག་ནང་ཁུལ་ནས་ཀྱང་བསྒྲུབ་ནུས་པ་དེའོ། རང་དབང་གི་སྤྱི་ཚོགས་དང་དམངས་གཙོའི་ལམ་ལུགས་ཀྱི་སྔུན་ནས། གང་ཞིག་སྒྲུབ་མ་ཆོག་པ་མ་རེད། གཙོ་བོ་ཁྱོད་ཀྱིས་དེ་བསྒྲུབ་ན་འདོད་མི་འདོད་དེ་རེད།
ཡིན་ན་ཡང་། ཧོང་ཀོང་གི་མདུན་ལམ་ཡག་པོ་མེད་པར་མཐོང་མཁན་ཡང་མི་མང་པོ་ཡོད་ཅིང་། ཧོང་ཀོང་དུ་གནས་སྡོད་པ་ཚོས་འདས་པའི་འཚོ་བའི་ཉམས་མྱོང་གཞི་ལ་བཞག་སྟེ། རྒྱ་གཞུང་ལ་ཡིད་ཆེས་མི་བྱེད་མཁན་ཡང་མང་པོ་ཡོད། དེ་ནས། བསྐྱར་དུ་རྒྱ་གཞུང་གི་དབང་བསྒྱུར་འོག་ཏུ་ཚུད་ན་མི་འདོད་མཁན་རྣམས་དགུ་བཅུ་གོ་བདུན་གྱི་སྔོན་ནས་ཁཱ་ནཱ་ཏཱ་ལ་ཕྱིན་ཡོད་ཅིང་། ནུབ་ཕྱོགས་ཀྱི་ཆབ་སྲིད་སྨྲ་བ་ཚོས་ཀྱང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པར་ཐེ་ཚོམ་གྱི་རྣམ་འགྱུར་བཟུང་ཡོད། དེ་ནས། རྒྱ་གཞུང་གིས་ཧོང་ཀོང་ངན་པར་འགྱུར་འགྲོ་བར་སྙམ་པའི་དོགས་པའི་སེམས་ཚེགས་དེ། ང་ཚོས་རྒྱ་ནག་ནང་ཁུལ་ལ་བཟང་ཕྱོགས་ནས་འགྱུར་བ་འབྱུང་འགྱུར་རེ་བའི་རྒྱུ་མཚན་དེ་རེད། ལམ་ལུགས་གཉིས་ཀྱི་འོག་ན་ཡོད་པའི་དམངས་གཙོའི་ལམ་ལུགས་དེས་ལམ་ལུགས་རྙིང་པའི་འོག་གི་མི་རྣམས་ལམ་སྟོན་དང་གསལ་བཤད་ཅིག་བྱེད་ཀྱི་ཡོད།
དེ་ནས། གུང་ཁྲན་ཏང་གི་གསར་བརྗེ་མགོ་ཁྲིད་པའི་ངོས་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པ་དེར་བཟོད་སྒོམ་བྱེད་ཀྱི་ཡོད་པ་དེ་འགྱུར་བ་ཆེན་པོ་ཞིག་རེད། ལམ་ལུགས་གཉིས་ནི་ཁྱད་པར་ཆེན་པོ་ཡོད་པ་རེད། ཕྱི་འབྲེལ་དང་དམག་དོན་མ་གཏོགས་པའི་རྒྱལ་ཁབ་གཉིས་དང་ཁྱད་པར་མེད། འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་དམ་ཞེ་ན། ཏུན་ཞོ་ཕིན་སྐབས་ཀྱི་རྒྱ་གཞུང་གི་མགོ་ཁྲིད་ཚོ་ཧ་ཅང་གི་སྤྱང་གྲུང་དོད་པོ་དང་ལག་ལེན་ལ་དང་དོད་བྱེད་མཁན་གྱི་ཐབས་ཇུས་པ་ཡིན་པ་དེ་རེད། ཡིན་ན་ཡང་། མི་རབས་འདི་ལ་སྟོབས་ཤུགས་ཡོད་ཀྱང་། ལག་ལེན་བྱེད་པའི་སྐབས་སུ་ཚད་གཞི་ཅི་ཡང་མེད་མཁན་རྐྱང་རྐྱང་ཞིག་ཏུ་གྱུར་ཡོད། ཡང་ན། ཁོ་ཚོས་རྩ་བ་ཉིད་ནས་ཀུན་སྤྱོད་དང་སྒྲིག་སྲོལ་ལ་སྣང་དོགས་ཅི་ཡང་མི་བྱེད།
ཧོང་ཀོང་ལོག་ཕེབས་བྱས་རྗེས། ཧོང་ཀོང་གི་སྒྲིམ་གཞིའི་བཀོད་འདོམས་ཐད། ཏུན་ཞོ་ཕིན་གྱིས་ཕྱོགས་གཅིག་ནས་སྤྱང་གྲུང་འཛོམས་པའི་སྒོ་ནས། ‘རྟ་ཡི་ཚོད་ཀྱི་བང་དང་། བྲོ་ཡི་ཚོད་ཀྱི་ཉམས’ ཞིག་བསྟན་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་དེ་འདྲའི་སྒྲིག་གཞི་དེ་རྒྱུན་འཁྱོངས་བྱས་ཏེ། དེ་ནི་མཉམ་འབྲེལ་ལམ་ལུགས་དང་མཉམ་སྡེབ་བྱས་ཡོད་པར་བཤད་དེ། ཁོང་གིས་སྐད་ཆ་གསར་བ་ཞིག་གསར་གཏོད་བྱས་པ་རེད། དེ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་རེད། དེའི་དམིགས་ཡུལ་དང་འཆར་གཞི་ཡང་ཧ་ཅང་གསལ་བོ་རེད། མཉམ་འབྲེལ་ལམ་ལུགས་ཀྱི་སྐད་ཆ་འདི་ནི་རྒྱལ་སྤྱིའི་ཐོག་རིན་ཐང་དང་མིང་ཐོབ་ཡོད་པ་ཞིག་རེད། མིང་ཐོབ་དེ་དང་འབྲེལ་བའི་ད་ཡོད་ཀྱི་སྒྲིག་སྲོལ་ཡང་ཡོད་པ་ཞིག་རེད། སྔོན་ནས་ད་ལྟའི་བར་ཡོད་པའི་མིང་ཐོབ་དེ་དག་གིས་མ་འོངས་པའི་སྒྲིག་སྲོལ་ཞིག་ཀྱང་གཏན་ལ་ཁེལ་ཡོད་པ་མ་ཟད། དེར་མིས་སྟངས་འཛིན་ཡང་བྱེད་ཁོ་ཐག་རེད། དེ་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་འདི་ནི་ཁོ་རང་གིས་གསར་གཏོད་བྱས་པ་རེད་ལ། ཡིན་ཤག་ཤག་གི་སྐད་ཆ་སྙན་པོ་ཅི་ཙམ་བཤད་འདོད་ཀྱང་དེ་ལྟར་བཤད་ཆོག་པ་ཞིག་ཀྱང་རེད། དེར་མ་ཟད། མ་འོངས་པ་ན་སྒྲིག་གཞི་གང་ཞིག་གཞི་ལ་འཇོག་མིན་དེ་ཡང་ཁོ་རང་གིས་འགྲེལ་བཤད་གང་རྒྱབ་རྒྱབ་ཅིག་རེད།
དེ་ནས། ཧོང་ཀོང་ལོག་ཕེབས་བྱས་ཏེ་ལོ་ངོ་བཅུ་བདུན་འགོར་བའི་རྗེས་ཀྱི་ཐོག་དང་པོའི་ཧོང་ཀོང་གི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་འགྲེལ་བརྗོད་བྱས་སོང་། ཡ་མཚན་དགོས་པའི་བཤད་སྟངས་ཤིག་ལ། ལམ་ལུགས་གཉིས་ཞེས་པ་དེ་ནི་ངེས་པར་དུ་རྒྱལ་ཁབ་གཅིག་གི་སྟངས་འཛིན་འོག་ནས་སྡོད་དགོས་ཀྱི་ཡོད་པ་རྗོད་བཞིན་ཡོད་པ་དང་། ཧོང་ཀོང་དམིགས་གསལ་ས་ཁུལ་གྱི་ཆེས་མཐོའི་རང་སྐྱོང་དེར་ཡང་རྒྱ་ནག་དབུས་གཞུང་གིས་ཐེ་གཏོགས་བྱེད་དགོས་པར་རྗོད་ཀྱི་ཡོད། དེ་ནི་ཧོང་ཀོང་གི་རང་དབང་དང་དམངས་གཙོ་ཅི་ཙམ་བཟང་ཡང་། ང་རང་གིས་གནང་པ་ཞིག་རེད། དེར་བརྟེན། ང་རང་མ་དགའ་ཚེ་ཕྱིར་བསྡུ་གསོག་བྱེད་ཀྱང་ཆོག་པ་རེད་ཅེས་ཟེར་བ་དང་འདྲ་བོ་རེད། མཐའ་མ་རྔ་མར་ནུབ་ཕྱོགས་པའི་ཆབ་སྲིད་སྨྲ་བ་ཚོའི་སེམས་ཚེགས་དེ་བདེན་ཐོག་ཏུ་བསླེབས་སོང་། དེ་ནི་སྲིད་དབང་སྒེར་གཅོད་གཞུང་ནང་ཁུལ་ནས་དམངས་གཙོའི་ལམ་ལུགས་ཡུན་རིང་པོར་དོན་གཉེར་བྱེད་པ་ནི་ཧ་ཅང་ཁག་པོ་ཞིག་རེད། རྒྱུ་མཚན་ནི་དམངས་གཙོའི་ལམ་ལུགས་ཀྱིས་མི་མང་འདུ་འཛོམས་ཀྱི་རྔམ་སྟོན་ལ་མཐུན་རྐྱེན་སྒྲུབ་འགྲོ་སྟབས། དེས་སྲིད་དབང་སྒེར་གཅོད་ཀྱི་ཁེ་ཕན་ལ་ཉེན་ཁ་དང་གནོད་སྐྱོན་བཟོ་བཞིན་ཡོད་པས་རེད།
ཏཱ་ལའི་བླ་མའི་ལོག་ཕེབས་ལ་ངོས་ལེན་བྱེད་ཀྱི་མེད་པའི་རྒྱུ་མཚན་དངོས།
ཧོང་ཀོང་ལ་འཕྲད་པའི་གནད་དོན་དག་གི་ཐད་ལ་ཞིབ་ཚགས་ཀྱིས་བལྟས་ན། རྒྱ་གཞུང་གིས་ཅིའི་ཕྱིར་ཨུ་ཚུགས་མཐར་སྐྱེལ་ངང་ནས་ཏཱ་ལའི་བླ་མ་དང་ལྷན་དུ་གྲོས་མོལ་མི་བྱེད་པ་དང་། ཏཱ་ལའི་བླ་མ་ལོག་ཕེབས་བྱེད་པར་གཏན་ནས་ངོས་ལེན་བྱེད་ཀྱི་མེད་པའི་རྒྱུ་མཚན་ལས་སློ་བོས་ཤེས་རྟོགས་ཐུབ། རྒྱུ་མཚན་ནི་ཏཱ་ལའི་བླ་མ་ཕྱིར་རང་ཡུལ་དུ་ལོག་པ་ཡིན་ན། ཐོག་དང་པོར་བོད་རིགས་ཡོངས་ལ་དམངས་གཙོ་ཅན་རང་བཞིན་གྱི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ལག་ལེན་བསྟར་རྒྱུ་རེད། དེར་བརྟེན། རྒྱ་གཞུང་གི་ཆབ་སྲིད་པ་རྣམས་ཞེད་སྣང་སྐྱེས་དགོས་པ་ཡང་དེ་ལྟ་བུའི་དམངས་གཙོ་ཅན་གྱི་ལམ་ལུགས་དེ་རེད།
རྒྱུ་མཚན་དེའི་དབང་གིས། རྒྱ་ནག་གི་མགོ་ཁྲིད་ཚོས་ལོ་ངོ་འདི་དག་རིང་ལ་ཕྱོགས་གཅིག་ནས་བརྒྱུད་ལམ་ཁག་ལ་དམ་དྲག་བྱས་ཏེ། དུས་རབས་ཕྱེད་ལྷག་རིང་དམངས་གཙོ་ཅན་གྱི་བཙན་བྱོལ་བོད་གཞུང་དང་ཏཱ་ལའི་བླ་མའི་སྐོར་ལ་གོ་རྟོགས་གང་ཡང་མེད་པ་བཟོས་ཡོད། ཕྱོགས་གཞན་ཞིག་ནས། ཏཱ་ལའི་བླ་མ་ཕྱིར་རང་ཡུལ་དུ་ལོག་པའི་དགོས་པ་ནི་རྙིང་རུལ་དུ་གྱུར་བའི་བོད་ཀྱི་ཞིང་བྲན་ལམ་ལུགས་སླར་གསོ་བྱེད་པའི་ཆེད་དུ་རེད། ཅེས་ནན་ནན་བཅག་བཅག་གིས་རྗོད་བཞིན་ཡོད། ཡིན་ན་ཡང་། དོན་དངོས་སུ་ཁོ་ཚོས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་སྒྲོམ་གཞི་དེ་རྒྱ་ནག་ནང་ཁུལ་ལས་ལྡབ་འགྱུར་གྱིས་ཕྱི་གསལ་ནང་གསལ་དང་སྔོན་ཐོན་ཞིག་ཡིན་པ་དེ་ཤེས་ཀྱི་མེད།
༡༩༥༩ ལོའི་ཟླ་གསུམ་པའི་ནང་དུ་ཏཱ་ལའི་བླ་མ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། ཕྱི་ཟླ་ ༡༢ པའི་ནང་ཐེངས་དང་པོའི་ཆོས་ཚོགས་ཆེན་མོ་འཚོགས་ཏེ། བོད་ནི་སྔོན་མ་དང་མི་འདྲ་བར་ད་ནས་བཟུང་དམངས་གཙོ་ཅན་གྱི་གཞུང་ཞིག་ཡིན་ཞེས་གསུངས་ཡོད། དེ་ནས་ ༡༩༦༡ ལོའི་ཟླ་ ༡༠ ཚེས་ ༡༠ ཉིན། བཙན་བྱོལ་བོད་གཞུང་གིས་བཅའ་ཁྲིམས་ཀྱི་མ་ཟིན་གྲོས་གཞི་ཁྱབ་བསྒྲགས་བྱས། ༡༩༦༣ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ཏཱ་ལའི་བླ་མ་མཆོག་གིས་<<བོད་ཀྱི་དམངས་གཙོའི་བཅའ་ཁྲིམས། >>་ཡོངས་ཁྱབ་གསལ་བསྒྲགས་བྱས། ༡༩༦༥ ལོར་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཆོད་བརྒྱུད་བོད་རྙིང་པའི་ལམ་སྲོལ་རྣམས་བསྡུ་གསོག་བྱས། དེ་བཞིན་དུ་བོད་ཀྱི་སྲོལ་རྒྱུན་གྱི་སྐུ་དྲག་དང་ཁྱིམ་རྒྱུད་ཀྱི་ལམ་སྲོལ་དེ་དག་ཀྱང་མེད་པར་བྱས་ཏེ། གྲོས་ཚོགས་ཀྱི་རྣམ་པ་གཏན་ཁེལ་བྱས། ༡༩༦༦ ལོའི་ཟླ་ ༥ བའི་ནང་རང་དབང་ལྡན་པའི་གྲོས་ཚོགས་ཀྱི་སྒྲོམ་གཞི་དེ་ཡོངས་སུ་གྲུབ། དེ་ནས་བཟུང་ཏེ་དམངས་གཙོའི་གཞུང་ཞིག་གི་རྣམ་པའི་ཐོག་ནས་ཤར་སྐྱོད་བྱེད་པའི་མགོ་ཚུགས། ༡༩༧༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་འདེམས་བསྐོ་ཡི་ལམ་ནས་ཡོངས་ཁྱབ་གསལ་བསྒྲགས་བྱས། འདེམས་བསྐོའི་ལམ་སྲོལ་དང་སྒྲིག་ཁྲིམས་ཀྱི་ཐད་ནས།་བཙན་བྱོལ་བོད་མི་རྣམས་ཀྱིས་དཀའ་ཚེགས་མང་པོ་བརྒྱུད་ཡོད། ནང་ཁུལ་ནས་རྙོག་གྲ་ཡང་གང་འཚམ་བྱུང་མྱོང་ཡོད། ཡིན་ན་ཡང་། མཇུག་མཐརཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་པའི་འོག་ནས་ཀུན་གྱིས་ངོས་ལེན་ཐོབ་པ་ཞིག་བྱུང་ཡོད།
༡༩༩༠ ལོར་བཙན་བྱོལ་བོད་གཞུང་གིས་དམིགས་བསལ་ཚོགས་ཆེན་ཞིག་ཚོགས་ཏེ། ཏཱ་ལའི་བླ་མས་འདི་ལྟར་གསུངས་ཡོད། བཙན་བྱོལ་གཞུང་གི་མ་འོངས་པའི་ཁ་ཕྱོགས་དེ་ནི་ “དམངས་གཙོའི་བརྒྱུད་རིམ་གྱི་ཁྲོད་ནས་མི་མང་རང་ངོས་ནས་འགན་ཁུར་དགོས” ༡༩༩༡ ལོའི་ཟླ་ ༦ པར། ཏཱ་ལའི་བླ་མ་མཆོག་གིས་བཙན་བྱོལ་བོད་མའི་བཅའ་ཁྲིམས་གསར་བ་ལ་མཚན་རྟགས་བཀོད་དེ། མ་འོངས་པའི་ལོ་ ༡༠ ཡི་ནང་ལ་བཙན་བྱོལ་བོད་གཞུང་གི་སྒྲོམ་གཞི་ཧྲིལ་བོར་ལེགས་བཅོས་བྱེད་པར་བརྩམས། དེ་ནས། ༢༠༠༡ གི་ལོ་མགོར། བཀའ་བློན་ཁྲི་པ་མི་མང་གིས་འདེམས་བསྐོ་བྱས། དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཐོག་དང་པོའི་མི་མང་གིས་དངོས་སུ་འདེམས་བསྐོ་བྱས་པའི་བཀའ་བློན་ཁྲི་པ་ཐོག་མ་དེ་ཡིན། དེ་ནས། ལོ་ ༡༠ ཡི་རྗེས་ ༢༠༡༡ ལོར་བཙན་བྱོལ་ནས་འཚར་ལོངས་བྱུང་ཞིང་དར་རྒྱས་གླིང་ནས་སློབ་གྲྭ་འགྲིམས་ཏེ། ཨ་རིའི་ཧྭ་ཝར་ཌི་གཙུག་ལག་སློབ་ཆེན་ནས་ཁྲིམས་ཀྱི་འབུམ་རམས་པའི་མཚན་གནས་བཞེས་པའི་བློ་བཟང་སེང་གེ་བཀའ་བློན་ཁྲི་པར་བསྡད།
བར་མཚམས་འདིར། ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་ཕྱོགས་ནས་བགྲེས་ཡོལ་ལ་ཕེབས་པ་མ་ཟད། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་ཡང་རིམ་གྱིས་མེད་པ་བཟོས། དེ་དང་མཉམ་དུ་བཙན་བྱོལ་བོད་གཞུང་དང་ཏཱ་ལའི་བླ་མ་དབུ་མའི་ལམ་དུ་ཤར་སྐྱོད་བྱས་པ་དང་། དེ་ལ་བོད་རྒྱ་ཆེའི་མི་མང་གིས་ཀྱང་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་ཡོད།
ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གིས་ཡང་ནས་ཡང་དུ་བརྗོད་དོན། བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་མི་རིགས་ས་ཁུལ་རང་སྐྱོང་གི་བཅའ་ཁྲིམས་ཀྱིས་ཐག་བཅད་ཡོད་པའི་རང་སྐྱོང་དེ་རག་པ་ཡིན་ན། ཏཱ་ལའི་བླ་མ་ནང་པའི་དགེ་སློང་ཞིག་གི་ངོས་ནས་རང་ཡུལ་དུ་ལོག་པ་དང་། བཙན་བྱོལ་བོད་གཞུང་ཡང་རང་བཞིན་གྱིས་སྒོ་རྒྱག་པ་རེད། དེ་ནས། བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་ཡང་དམངས་གཙོའི་རྣམ་པའི་ཐོག་ནས་ཐག་གཅོད་པ་རེད། ཡང་ན། མ་འོངས་རང་སྲིད་རང་སྐྱོང་ཅན་གྱི་བོད་དེ་ནི་དམངས་གཙོ་ཅན་གྱི་བོད་ཅིག་ཡིན་པ་དེ་རེད།
དམངས་གཙོ་ཅན་གྱི་བོད་དེ་ནི་རྒྱ་ནག་ལ་མཚོན་ན། མང་ཚོགས་འདུ་འཛོམས་ཀྱིས་རྔམ་སྟོན་བྱེད་པའི་ནུས་ཤུགས་དེ་གཡོལ་ཐབས་མེད་པའི་ངང་ནས་བྱུང་བ་ཞིག་ཡིན་སྟབས། རྒྱ་གཞུང་ཞེད་དགོས་པའི་གནད་འགག་ཅིག་དེ་རེད། དེ་ནི་རྒྱ་གཞུང་གིས་ཏཱ་ལའི་བླ་མ་དང་ལྷན་དུ་གྲོས་མོལ་མི་བྱེད་པ་དང་། ཏཱ་ལའི་བླ་མ་ལོག་ཕེབས་བྱེད་པར་ངོས་ལེན་བྱེད་ཀྱི་མེད་པའི་རྒྱུ་མཚན་དེ་ཡང་ཡིན་ནོ།།
མ་རྩོམ་གྱི་འབྲེལ་ཐག http://2newcenturynet.blogspot.in/2014/07/blog-post_9303.html
མཁས་དབང་བློ་བཟང་སེང་གེ་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་ཏེ་ལོ་གསུམ་འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག རྩོམ་ཡིག་ཧ་ཅང་ཡག་པོ་ཞིག་བོད་བསྒྱུར་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱ་ཡིན། སྐད་ཡིག་གཞན་པའི་ནང་ག་རེ་བཤད་ཀྱི་ཡོད་པ་དང་མི་རིགས་གཞན་པ་ཚོར་བསམ་ཚུལ་ག་རེ་ཡོད་པ་ང་ཚོས་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་དོན་ཆེན་རེད། རྒྱ་མི་འདིའི་སྐད་ཆ་བཤད་སྟངས་ལས་ང་རང་ལ་བསམ་བློ་མང་པོ་ཞིག་འཁོར་བཅུག་སོང་། ཡིག་བསྒྱུར་བ་ལགས་ཀྱིས་འདི་ལྟ་བུའི་རྩོམ་ཡིག་གང་མང་མང་ཞིག་བོད་ཡིག་ནང་ཕབ་བསྒྱུར་གནང་སྟེ་བདག་ཅག་གི་སྦྱན་ལམ་དུ་བསྟར་རོགས། ཐུགས་རྗེ་ཆེ།
རྒྱ་རིགས་རྩོམ་པ་པོ་འདི་བློ་གཟུ་བོར་གནས་བ་དང་། བོད་དོན་ལ་སྐད་ཆ་བཤད་པ་དེ་ཁ་ཞེ་གཉིས་མེད་ཅིག་རེད་བསམ་པ་བྱུང་སོང་། དེ་མ་གཏོགས་རྒྱ་རིགས་ཚོའི་ཁྲོད་དུ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཁེ་ཕན་ཞིག་དང་ཡང་ན་རྒྱ་ནག་ལ་རྦད་དེ་མ་དགའ་བར་ཞེ་འཁོན་གྱི་ཐོག་ནས་བཤད་བཞིན་ཡོད་པ་དང་། བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རྒྱ་ནག་ལ་བརྩེ་བ་ཆེ་དྲག་ནས་རྒྱ་ནག་ཐོར་ཞིག་ཏུ་འགྲོ་བའི་སེམས་འཚབ་ཀྱི་ཐོག་ནས་བཤད་པ་རིགས་གཉིས་ཡོང་གི་འདུག
རྒྱ་མི་འདི་ནོར་ཤག དབུ་མའི་ལམ་གྱིས་ཏང་གི་དབུ་ཁྲིད་ངོས་ལེན་བྱས་ཟིན་པས། མང་གཙོ་ནི་མ་འོངས་པའི་སྐད་ཆ་ཞིག་རེད། ཡིན་ནའི། བོད་ནང་འདི་ལ་ངོས་ལེན་ཡོད་མེད་མི་ཤེས།