རྨ་ལྷོ་ཁུལ་རེབ་གོང་རྫོང་གི་ཀོའུ་སྡེ་དང་ཉ་ལུང་སྡེ་བ་གཉིས་བར་རྩྭ་ས་རྩོད་གླེང་བྱུང་སྟེ། མི་གཅིག་བསད་ཡོད་པ་དང་། མི་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཏེ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་འདུག
ཁ་སང་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༢།༠༠ ཡས་མས་སུ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཀོའུ་སྡེ་དང་ཉ་ལུང་སྡེ་བ་གཉིས་བར་རྩྭ་ས་རྩོད་གླེང་བྱུང་ཡོད་ཅིང་། ཆུ་ཚོད་ ༨ ལྷག་རིང་དམག་མི་དང་ཉེན་རྟོག་པ། སྡེ་བ་གཞན་གྱི་མི་སོགས་བར་འདུམ་བྱེད་མཁན་གཅིག་ཀྱང་མ་བྱུང་བར། ཕན་ཚུན་བར་ལག་འཛིང་དང་རྡོ་འཛིང་། གྲི་འཛིང་སོགས་བྱས་ཏེ་བོད་མི་གཅིག་དམར་གསོད་དང་། གཞན་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཏེ། ད་ཆར་རྨས་སྐྱོན་ཐེབས་པའི་བོད་མི་ཁག་ཅིག་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་དང་། ཁག་ཅིག་རྨ་ལྷོ་ཁུལ་སྨན་ཁང་བཅས་སུ་སྨན་བཅོས་བྱེད་ཀྱི་ཡོད་འདུག
གནས་ཚུལ་འདི་དང་འབྲེལ་ནས་དེ་རིང་བོད་ནང་གི་དྲ་ཚིགས་ཤིག་ཏུ། ༼བོད་ལ་ཁྲིམས་མེད་ལུགས་མེད་ཀྱི་གཤིས་ཀ་ཞིག་ཏན་ཏན་འདུག __རེབ་གོང་གི་རྩྭ་ས་རྩོད་གླེང་གི་གནད་དོན་ནས་འབྲེལ་ཡོད་ལས་བྱེད་པར་སྡིགས་དམོད་གཏོང་བ༽ཅེས་པའི་རྩོམ་ཡིག་ཅིག་བཀོད་ཡོད་པའི་ནང་། སྡེ་བ་འདི་གཉིས་ཀྱི་ནང་དུ་རྒྱལ་ཁབ་ཀྱི་ས་གནས་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་རྒྱུད་སྒྲོག་བྱས་པ་འདང་མེད་པ་མ་ཟད། གཞན་དག་ལའང་སྡེ་འདི་གཉིས་ནང་བཞིན་སྤྱི་དམངས་ཁྲིམས་སྲོལ་གྱི་ཤེས་བྱ་ཧ་ཅང་དམའ་མོ་ཡིན། ལོ་ངོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་དག་གིས་ཁུལ་དང་རྫོང་། གྲོང་རྡལ་དང་ཤང་། སྡེ་བ་སོ་སོ་བཅས་སུ་ཁ་ཕྲལ་ལ་ངོ་རྒོལ་དང་། མི་རིགས་མཐུན་སྒྲིལ་གཏོར་བརླག་ལ་ངོ་རྒོལ། གཏོར་བཅོམ་འཕྲོག་གསུམ་ལ་ངོ་རྒོལ་སོགས་ཞེད་སྣང་ཚ་བོ་ཡིན་པའི་མིང་བརྡ་འདི་དག་གི་སྟེང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་དང་། སྲིད་ཇུས་རྒྱུད་སྒྲོག་བྱས་པ་ལས། སྤྱི་དམངས་ནང་ཁུལ་གྱི་བདེ་འཇགས་དང་ཁྲིམས་མཐུན་གྱི་ཁེ་དབང་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་དང་། སྡེ་བ་སོ་སོའི་རྩྭ་སའི་ས་མཚམས་ཀྱི་ཐད་ལ་ཐག་གཅོད་གསལ་བོ་ཅི་ཡང་བྱས་མེད་པ་རེད། ཅེས་འཁོད་འདུག
རྩོམ་ཡིག་དེའི་མུ་མཐུད་དུ་བསྟན་དོན། རྩྭ་སའི་མཚོན་པའི་གྱོད་སྣ་ཁ་མཆུ་ཡོང་བཞིན་པ་འདི་དག་གི་སྐབས་སུ་མི་དམངས་ཀྱིས་རང་གི་ཁེ་དབང་སྲུང་སྐྱོབ་ཀྱི་ཚད་མཐོ་བའི་ཐབས་ཤེས་ནི་གྲི་དང་མེ་མདའ་ལས་གཞན་ཅི་ཡང་དྲན་གྱི་མེད་པ་སུས་གནད་དོན་རེད་དམ། ངས་བསམ་ན་མི་དམངས་མང་ཚོགས་ལ་ཁག་མེད་པའི་གནས་སྟངས་གཅིག་ཡོད་པ་ནི། ཁོ་ཚོར་མཚོན་ན་ཁྲིམས་ལུགས་ནི་དགེ་སྡུག་གི་བླང་དོར་ལྟ་བུ་མ་ཡིན་པར་ཧ་ཅང་ལྐོག་གྱུར་དང་ཁག་པོ་ཡོད། དགེ་སྡུག་གི་བླང་དོར་ཕ་མ་ནས་རིམ་པར་བུ་ཕྲུག་ལ་བག་ཆགས་འཇོག་གི་ཡོད་པ་བཞིན་ཁྲིམས་ལུགས་ལ་དེ་བཞིན་བག་ཆགས་འཇོག་ཐུབ་མེད་ལ། ཕ་མ་དག་ལའང་ཁྲིམས་ལུགས་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད་སྲོལ་རྫོང་དང་ཤང་རིམ་པས་གོ་བསྐོན་བྱས་མྱོང་མེད། འདི་ནི་དངོས་གནས་འགན་མ་འཁུར་བའི་བྱ་སྤྱོད་ཚབས་ཆེན་རེད། རྫོང་རིམ་པའི་ལས་བྱེད་པ་དེ་དག་གྲོང་སྡེ་སོ་སོར་འགྲོ་དུས་ཁོ་ཚོས་ཆེས་ཐོག་མར་རང་གི་འདུག་གནས་གཏན་འཁེལ་དང་། དེ་ནས་ལུག་བཤའ་བ། ཆང་འཐུང་བ། རྒྱན་འཇོག་པ་སོགས་འགྲོ་སོང་ཅི་ཡང་མེད་པའི་སྤྲོ་སྐྱིད་ལ་ཅི་དགར་རོལ་རྗེས་ཕྱིར་ལོག་ཆོག་གི་རེད། སྤྲོ་སྐྱིད་འདིའི་རྗེས་ནས་ཡག་པོ་བྱུང་ན་སྡེ་བ་དེར་མུག་སྐྱོབ་དང་། བུན་གཡར་གྱི་ཁེ་ཕན་ཕྲན་བུ་རག་གི་ཡོད། ཅེས་བཀོད་ཡོད་འདུག
ཡང་རྩོམ་ཡིག་དེའི་ནང་། འདས་པའི་ལོ་ཤས་རིང་བོད་ཁུལ་གྱི་ཁུལ་དང་རྫོང་། ཐ་ན་ཤང་དང་སྡེ་བ་ཁ་ཤས་བཅས་སུ་མི་དམངས་ཀྱིས་སྐད་འབོད་ངོ་རྒོལ་དང་། སློབ་ཕྲུག་གིས་ངོ་རྒོལ། དགེ་རྒན་གྱིས་ངོ་རྒོལ་སོགས་བྱུང་དུས་དམག་དཔུང་རླངས་འཁོར་ཁ་ཤས་སྐད་ཅིག་དེ་ཉིད་དུ་ཐོན་ཐུབ་ཀྱི་ཡོད་ཀྱང་། ཁ་སང་གི་ཆུ་ཚོད་བརྒྱད་རིང་གི་བདེ་གཟར་དེ་ལ་མྱུར་མགྱོགས་ཀྱི་དམག་དཔུང་སླེབས་ཐུབ་མེད་ལ་མི་མང་དག་ཅིག་སྨན་ཁང་དུ་བསྐྱལ་བ་དང་། མི་གཅིག་གི་གཅེས་སུ་འོས་པའི་ཚེ་སྲོག་ཤོར་ཡང་། མང་ཚོགས་ཀྱིས་ད་དུང་རང་ཉིད་ལ་ཁྲིམས་ལུགས་ཀྱིས་ཇི་ལྟར་སྲུང་སྐྱོབ་དང་། ཉེས་ཆད་གཅོད་རྒྱུ་ཡིན་པ་ཤེས་མེད་ལ། མུ་མཐུད་དུ་ལག་འཛིང་དང་རྡོ་འཛིང་། གྲི་འཛིང་གིས་ལ་རྒྱ་རྩོད་དགོས་པའི་སེམས་ཁམས་ཤིག་འཁྱེར་ཡོད། ངས་བསམ་ན་མཚོ་སྔོན་ཞིང་ཆེན་གྱི་ཁོངས་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་དམངས་མང་ཚོགས་ལ་ཁྲིམས་ལུགས་ཤེས་བྱ་རྒྱུད་སྒྲོག་བྱས་པ་ནི་སྔོན་ཐོན་རེད། དེ་ནི་མིག་དཔེར་འོས་པ་ཞིག་རེད་ཀྱང་། རྨ་ལྷོ་ཁུལ་ལྟ་བུའི་སྲིད་གཞུང་གི་ལས་འགན་གཡོ་ཟོལ་གྱིས་སྒྲུབ་པར་མཁས་པའི་དཔོན་ངན་དག་གིས་སྣང་མེད་གཏོང་བཞིན་པའི་གནད་དོན་འདི་ཤེས་ཡོན་པ་རྣམས་སྡེ་བ་སོ་སོར་སོང་ནས་མཚན་མོའི་སློབ་གྲྭའི་ཚུལ་དུ་གསབ་སྦྱོང་སྤྲོད་རྒྱུ་ནི་ཧ་ཅང་ལེགས་པོ་ཡིན་མོད། དཔོན་ངན་དག་གིས་རང་གི་ཁ་ཕོར་འཕྲོག་གི་ཡོད་པ་བཞིན་དེ་ཡང་ལམ་ལྷོང་ཡོང་དཀའ་རྒྱུ་རེད་ཨང་། དེ་ནི་དུས་རབས་འདི་འདྲ་ཞིག་དང་། སྤྱི་ཚོགས་འདི་འདྲ་ཞིག་གི་སྐབས་སུ་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྣང་ངོར་བོད་སྔར་བཞིན་ཁྲིམས་མེད་ལུགས་མེད་ཀྱིས་བསྡད་ཚེ་རྒྱུ་མཚན་མེད་པར་རེབ་གོང་ཚར་རྒྱུ་རེད་ལ། བོད་ཀྱང་ཚར་རྒྱུ་རེད། ཅེས་སོགས་བཀོད་འདུག
སྔར་ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གི་བློན་ཆེ་སྡེ་བ་དང་གཉན་ཐོག་ཡུལ་ཚོའི་ཤ་སྦྲང་སྡེ་བ་གཉིས་ཀྱི་བར་རྩྭ་ས་རྩོད་གླེང་བྱུང་སྟེ། བོད་མི་ ༢ མེ་མདའ་བརྒྱབ་ཏེ་བསད་ཡོད་པ་དང་། བོད་མི་ ༣ ལ་རྨས་སྐྱོན་ཚབས་ཆེན་བྱུང་ནས་ཟི་ལིང་གི་སྨན་ཁང་དུ་སྨན་བཅོས་བྱས་ཡོད།
གསར་འགོད་པ། དོན་གོ
རྒྱ་ནག་དམར་ཤོག་སྲིད་དབང་ཁྲིམས་མེད་ལུགས་མེད་ཡིན་ས་ན། དེའི་དབང་སྒྱུར་འོག་ཏུ་ཚུད་པའི་མི་རྣམས་ལ་དྲང་པོའི་ཁྲིམས་ཀྱི་རྒྱ་མ་ཞིག་ཡོད་མི་སྲིད། འོན་ཀྱང་། སྡེ་བ་དེ་གཉིས་ཀྱི་བོད་མི་ཚོས་རང་ཉིད་ཀྱི་ཀུན་སྤྱོད་བཟང་ཕྱོགས་སུ་བསྒྱུར་མི་ཆོག་པ་ཅི་ཡང་མི་འདུག་པས། དོན་རྐྱེན་འདིའི་ངན་ཁག་རྒྱ་དམར་གཞུང་ལ་དཀྲི་ས་གཏན་ནས་མེད། སྡེ་འདི་གཉིས་ཀྱི་བོད་མི་སྤུན་ཟླ་ནང་འཁྲུག་གི་རྩ་བ་རྒྱུ་ནོར་ལ་ཐུག་ཡོད་པ་དང་། རྒྱུ་ནོར་བླ་ན་མ་མཆིས་པར་མཐོང་ནས་དེའི་དོན་དུ་ཅི་ཡང་བློས་གཏོང་ཕོད་པ་འདི་ཡི་རེ་མུག
རེབ་གོང་ཨ། རེབ་གོང་། དུས་ནམ་ཡིན་ཡང་ཁྲོམ་ཆེན་དཀྱིལ་ནས་མགོ་བོ་ཡར་དགྱེས་ཏེ་གོམ་པ་འགའ་སྤོས་མ་སྤོས་ཀྱི་མཚམས་དེར། ཁྱེད་ཀྱིས་གདོང་ལ་ལག་པས་བཀབ་ཏེ་བྲོས་ནས་འགྲོ་དགོས། སྐབས་རེར་ཁྱེད་ལ་རྟོགས་སད་དང་གཟི་བརྗིད་ཀྱི་འོད་སྟོང་འབར། སྐབས་རེར་ཞབས་འདྲེན་དང་གདུག་རྩུབ་ཀྱི་མུན་པ་འཁྲིག ཀྱེ་མ། ཁ་མིག་ཡར་ལྟ་བྱེད་སའི་ཡ་རབས་མེད་པས་ཡིན་ནམ། ཡང་ན་བླུན་པོ་མང་སོང་བས་ཡིན།
དེ་ནི་རྒྱ་གཞུང་ཆེད་དུ་བཟོས་མིན་མི་ཤེས་རུང།ཁྲིམས་ཀྱི་སྲུང་སྐྱོབས་སློབ་གསོ་མི་བྱེད་པའི་ཁར་བླ་གྲྭ་ལྷག་བསམ་དག་གིསསྡེ་བ་ཁག་ལ་ཁ་ཏ་སླབ་བྱ་བྱེད་དུས་གཞུང་གིས་བཀག་གོག་བྱེད་སྲོལ་ཡོད་འདུག་