ཉེ་ལམ་བཞུགས་སྒར་ས་ར་མཐོ་སློབ་ཏུ་གཙུག་ལག་རབ་འབྱམས་པའི་སྡེ་ཚན་གསར་འཛུགས་གནང་སྟེ་སྐབས་དང་པོའི་སློབ་མ་བསྡུས་ཡོད་ཅིང་། འབྲེལ་ཡོད་མི་སྣས་བརྗོད་པ་ལྟར་ན་ལས་གཞི་འདི་ལེགས་འགྲུབ་བྱུང་ཚེ་མ་འོངས་པར་འབུམ་རམས་པའི་ཐོག་གོམ་པ་གཉིས་པ་སྤོ་འཆར་ཡོད་སྐོར་ཡང་བརྗོད་བྱུང་།
ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། དྷ་ས་རིགས་ལམ་སློབ་གཉེར་གྱི་ཡན་ལག་ས་རྭ་མཐོ་སློབ་གཉིས་མཉམ་འབྲེལ་ཐོག ས་ར་མཐོ་སློབ་ནང་གཙུག་ལག་རབ་འབྱམས་(MA)ཀྱི་སྡེ་ཚན་གསར་པ་ཞིག་བཙུགས་ཡོད་པ་དེར་སྐབས་དང་པོའི་སློབ་མ་བསྡུས་ཏེ་སློབ་ཁྲིད་དངོས་སུ་མགོ་འཛུགས་གནང་ཡོད་འདུག གཙུག་ལག་རབ་འབྱམས་ལ་ལོ་རྒྱུས་ཆེད་སྦྱོང་གི་སྡེ་ཚན་གཅིག་དང་རྩོམ་རིག་ཆེད་སྦྱོང་གི་སྡེ་ཚན་གཅིག་བཅས་རིགས་གཉིས་ཡོད་ཡོད་པ་ལས། ལོ་རྒྱུས་ཆེད་སྦྱོང་སྡེ་ཚན་གྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་དང་། རྩོམ་རིག་ཆེད་སྦྱོང་སྡེ་ཚན་གྱི་སློབ་དཔོན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཡིན་འདུག
གསར་འགོད་པས་ས་ར་མཐོ་སློབ་ཀྱི་དྲུང་ཆེ་པ་སངས་ལགས་བརྒྱུད་ཤེས་རྟོགས་བྱུང་བར། ལས་གཞི་འདི་ཐོག་མར་དབུ་འཛུགས་གསལ་བསྒྲགས་སྐབས་སློབ་འཇུག་སྙན་ཞུ་འབུལ་མཁན་ ༡༤ བྱུང་ཡོད་པ་ལས་གཅིག་རང་འགུལ་གྱིས་ཕྱིར་འཐེན་དང་། གཞན་ཞིག་སྐད་ཡིག་གཉིས་པའི་ཡིག་རྒྱུགས་མ་འཕྲོད་པར་ཕྱིར་འཐེན་བྱས་རྗེས་ལོ་རྒྱུས་སྡེ་ཚན་ནང་སློབ་མ་ ༦ དང་། རྩོམ་རིག་སྡེ་ཚན་ནང་སློབ་མ་ ༦ བཅས་ད་ལྟ་ཁྱོན་སློབ་མ་ ༡༢ ཙམ་ཡོད་འདུག སློབ་ཕྲུག་དེ་དག་ལས་ལོ་རྒྱུས་ཆེད་སྦྱོང་ཁོངས་ནས་རྒྱུགས་འབྲས་རྩེར་སོན་ ༣ དང་། རྩོམ་རིག་ཆེད་སྦྱོང་ཁོངས་ནས་རྒྱུགས་འབྲས་རྩེར་སོན་ ༣ བཅས་སློབ་མ་ ༦ གི་སློབ་ཡོན་དགའ་ལྡན་ཕོ་བྲང་གིས་གནང་གི་ཡོད་པ་དང་། དེའི་འཕྲོས་ཀྱི་སློབ་མ་ ༦ གིས་ཟླ་བ་རེར་སློབ་ཡོན་ཧིན་སྒོར་ ༦༥༠༠ རེ་སོ་སོ་སྒེར་ངོས་ནས་སྤྲོད་དགོས་ཀྱི་ཡོད་འདུག ཐོག་མིའི་འཆར་གཞི་ལྟར་ན། ལོ་རྒྱུས་སྡེ་ཚན་དུ་སློབ་མ་ ༣ དང་རྩོམ་རིག་སྡེ་ཚན་དུ་སློབ་མ་ ༣ བཅས་ཁྱོན་སློབ་མ་ ༦ བསྡུ་འཆར་དང་། སློབ་མ་དེ་དག་གི་སློབ་ཡོན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གནང་རྒྱུ་ཞལ་བཞེས་ཐོབ་ཡོད་ཀྱང་། རྗེས་སུ་སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་ཚོས་གྲོས་བསྡུར་བརྒྱུད་སློབ་ཡོན་སྒེར་ངོས་ནས་སྤྲོད་ཐུབ་མཁན་ཡོད་ཚེ་སློབ་མ་ ༦ འཕར་སྣོན་བྱས་ཏེ་སྐབས་དང་པོར་སློབ་མ་ ༡༢ བསྡུ་རྒྱུའི་ཐག་གཅོད་བྱུང་བ་ཞིག་ཡིན་འདུག
པ་སངས་ལགས་ཀྱིས་སྐབས་དང་པོའི་གཙུག་ལག་རབ་འབྱམས་པ་སློབ་འཇུག་བྱེད་སྟངས་སྐོར་ངོ་སྤྲོད་གནང་བ་ལྟར། ཐོག་མ་སྙན་ཞུ་རྒྱག་མཁན་ཚོས་ལོ་རྒྱུས་དང་རྩོམ་རིག་གཉིས་ལས་སོ་སོ་སྡེ་ཚན་གང་དུ་ཞུགས་འདོད་ཡོད་པ་དེའི་ཐོག་དཔྱད་རྩོམ་རེ་འབྲི་དགོས་ཤིང་། དོ་བདག་གི་དཔྱད་རྩོམ་དང་འབྲེལ་བའི་ཐོག་ངག་རྒྱུགས་དང་རྨང་གཞིའི་གནས་ཚད་ཐོག་འབྲི་རྒྱུགས། སྐད་ཡིག་གཉིས་པ་དབྱིན་ཡིག་དང་རྒྱ་ཡིག ཧིན་རྡུ། ལེགས་སྦྱར་གང་རུང་ལ་འབྲི་རྒྱུགས་བཅས་བླངས་རྗེས། དཔྱད་རྩོམ་དང་ངག་རྒྱུགས་ལ་བསྡོམས་སྐར་ ༡༠༠ ལས་སྐར་མ་ ༦༠ ལོན་དགོས་པ་དང་། འབྲི་རྒྱུགས་ལ་སྐར་མ་ ༥༠ ། སྐད་ཡིག་གཉིས་པར་སྐར་མ་ ༣༥ བཅས་ལོན་དགོས་ཀྱི་ཡོད་འདུག
སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། གཙུག་ལག་རབ་འབྱམས་པའི་སློབ་ཡུན་ལོ་ ༢ ཡིན་པ་དང་། འཆད་ཁྲིད་དང་ཞིབ་འཇུག་བཅས་རིམ་པ་གཉིས་ལ་དབྱེ་སྟེ། སློབ་དུས་ཧྲིལ་བོ་ཟླ་ ༦ རེ་དུས་ཚིགས་ ༤ ལ་བགོས་ཡོད་འདུག ཐོག་མའི་དུས་ཚིགས་གསུམ་ལ་འཆད་ཁྲིད་དང་། དུས་ཚིགས་མཐའ་མ་དེར་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་འདུག ལོ་རྒྱུས་ཆེད་སྦྱོང་སྡེ་ཚན་ནང་དུས་ཚིགས་དང་པོར་སྲིད་པ་ཆགས་པ་ནས་བོད་སིལ་བུར་མ་འཐོར་བར་གྱི་ལོ་རྒྱུས་དང་། དུས་ཚིགས་གཉིས་པར་བོད་སིལ་བུར་འཐོར་ནས་དགའ་ལྡན་ཕོ་བྲང་བར། དུས་ཚིགས་གསུམ་པར་དགའ་ལྡན་ཕོ་བྲང་ནས་ད་ལྟའི་བར་གྱི་ལོ་རྒྱུས་ཆེད་སྦྱོང་དང་། རྩོམ་རིག་ཆེད་སྦྱོང་སྡེ་ཚན་ནང་དུས་ཚིགས་དང་པོར་ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་དང་། གནའ་བོའི་རྒྱ་གར་རྩོམ་རིག་ལོ་རྒྱུས། བོད་ཀྱི་རྩོམ་རིག་ལོ་རྒྱུས་འཆད་ཁྲིད་དང་། དུས་ཚིགས་གཉིས་པར་ནུབ་ཕྱོགས་རྩོམ་རིག་གཞུང་ལུགས་དང་། གནའ་བོའི་རྒྱ་གར་རྩོམ་རིག་གཞུང་ལུགས། བོད་ཀྱི་རྩོམ་རིག་གཞུང་ལུགས་སོགས་འཆད་ཁྲིད། དུས་ཚིགས་གསུམ་པར་རྩོམ་རིག་གཤིབ་བསྡུར་གྱི་སྐོར་བཅས་ཡིན་འདུག
དྲུང་ཆེ་པ་སངས་ལགས་ཀྱིས་གཙུག་ལག་རབ་འབྱམས་པའི་སློབ་དཔོན་དང་སློབ་མ་ཚོར་དམིགས་བསལ་མཐུན་རྐྱེན་གང་ཡོད་སྐོར་ལ། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༤ ཉིན་ཤེས་རིག་ལས་ཁུངས་ནས། མཐོ་སློབ་ཀྱི་སློབ་དཔོན་བགྲེས་པ་རྒན་བསོད་ནམས་རྒྱལ་མཚན་ལགས་གཙུག་ལག་སློབ་དཔོན་ (Professor)དུ་བསྐོ་བཞག་དང་། རྩོམ་རིག་སློབ་དཔོན་བགྲེས་པ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཉེ་བའི་གཙུག་ལག་སློབ་དཔོན་ (Associate Professor) དུ་བསྐོ་བཞག་གནང་ཡོད་པ་མ་ཟད། དགེ་རྒན་གཉིས་ཀྱི་གསོལ་ཕོགས་སྤར་ཆ་དང་སྡོད་ཁང་དམིགས་བསལ་གོ་སྒྲིག་གནང་ཡོད་འདུག སློབ་མ་ཚོར། སློབ་ཁང་དུ་དྲ་རྒྱ་དང་དཔེ་དེབ་ལྟ་ཀློག་གི་མཐུན་རྐྱེན་ཡོད་པ། འཁྲུས་ཁང་གསང་སྤྱོད་ཡོད་པའི་ཉལ་ཁང་རེར་མི་གཉིས་རེ། ཞོགས་ཚོགས་དང་ཁོར་ཡུག་གཙང་སྦྲ་སོགས་སློབ་གྲྭའི་ལས་ཀ་ཙག་ཙིག་རིགས་ལའང་འགྲོ་མི་དགོས་པ་བཟོས་ཡོད་འདུག
རྒྱུས་ལོན་བྱུང་བར། ཉི་མ་རེ་རེའི་སློབ་ཁྲིད་ལས་རིམ་དེ་ཞོགས་པ་ཆུ་ཚོད་ ༨ ནས་ ༩ བར་སྐད་ཡིག་གཉིས་པའི་འཛིན་གྲྭ་དང་། ཆུ་ཚོད་ ༩ ནས་ ༡༢ བར་སྡེ་ཚན་སོ་སོའི་འཛིན་གྲྭ་ཡོད་ཅིང་། དེ་ནི་ཆུ་ཚོད་གཅིག་རེར་བགོས་ཏེ་འཆད་ཁྲིད་ཆུ་ཚོད་གཅིག་དང་བགྲོ་གླེང་ཆུ་ཚོད་གཅིག རྒྱུ་ཆ་འཚོལ་བསྡུ་ཆུ་ཚོད་བཅས་ཡིན་འདུག་ལ། ཉིན་རྒྱབ་ཆུ་ཚོད་ ༢ ནས་ ༤ བར་སྡེ་ཚན་སོ་སོའི་འཛིན་གྲྭ་ཡོད་པ་དང་། དགོང་དྲོར་ཆུ་ཚོད་ ༧ ནས་ ༩ བར་འཛིན་ཁང་དུ་རང་སྦྱོང་། དུས་རྒྱུན་གྱི་ཞལ་ལག་དང་གུང་གསེང་སོགས་སློབ་མ་སྤྱི་བྱིངས་དང་གཅིག་མཚུངས་ཡིན་ཞིང་། དུས་ཚིགས་བཞི་བའི་མཐར་ཕྱིན་དཔྱད་རྩོམ་གྱི་རྒྱུ་ཆ་འཚོལ་སྒྲུབ་སྐོར་སྐྱོད་ཀྱི་འགྲོ་སོང་སློབ་གྲྭའི་གཞུང་ནས་གཏོང་འཆར་ཡོད་འདུག
གསར་འགོད་པས་དྲུང་ཆེ་པ་སངས་ལགས་སུ་ལས་གཞི་འདི་མ་འོངས་པར་རྒྱ་སྐྱེད་གཏོང་འཆར་ཡོད་མེད་དྲིས་པར། ཁོང་གིས། “སྤྱིར་བཏང་ད་ཡོད་ལ་རྒྱུས་དང་རྩོམ་རིག་ཆེད་སྦྱོང་གཙུག་ལག་རབ་འབྱམས་པའི་སྡེ་ཚན་གཉིས་ཀྱི་ཐོག་བརྡ་སྤྲོད་འཛུགས་འཆར་ཡོད་ཀྱང་། བརྡ་སྤྲོད་དགེ་རྒན་ཚད་ལྡན་མ་རག་པའི་དབང་གིས་ལྷག་པ་རེད། མ་འོངས་པར་དགེ་རྒན་རག་ན་སྡེ་ཚན་གསུམ་པ་ཞིག་འཛུགས་འཆར་ཡོད་པ་རེད་ལ། གཙུག་ལག་རབ་འབྱམས་པ་ཡག་པོ་ཆགས་པ་ཡིན་ན། རིམ་པས་གོམ་པ་གཉིས་པ་འབུམ་རམས་པ་འཛུགས་རྒྱུའི་འཆར་གཞི་ཡང་ཡོད་པ་རེད” ཅེས་བརྗོད་བྱུང་།
ཡང་ཁོང་ལ་སྤྱི་ཚོགས་ནང་ངོས་འཛིན་གང་འདྲ་ཡོང་མིན་དྲིས་པར། ཁོང་གིས། “ས་ར་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ་ཚང་མ་རང་གཞུང་ཤེས་རིག་ལས་ཁུངས་མ་གཏོགས། རྒྱ་གར་སྤྱི་ཚོགས་ནང་ངོས་འཛིན་ཡོད་པ་མ་རེད། རང་རིགས་བོད་པ་ཚོས་ངོས་འཛིན་ཡག་པོ་གནང་བ་ཡིན་ན་དེས་འགྲིག་གི་ཡོད་པ་རེད། ང་ཚོས་གཙོ་བོ་སློབ་མའི་སྤུས་ཚད་ཐོག་ཤུགས་རྒྱག་གི་ཡོད། དེ་ང་ཚོའི་གོམ་པ་རྒྱག་སྟངས་གསར་བ་ཞིག་རེད” ཅེས་བརྗོད་བྱུང་།
སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་སུ་ལས་གཞི་འདིར་དཀའ་ངལ་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། “སྤྱིར་ལོ་རྒྱུས་དང་རྩོམ་རིག་གི་དེབ་མང་པོ་ཡོད་ཀྱང་ཆེད་ལས་སློབ་ཚན་ལ་བཞག་ཆོག་པའི་དེབ་དཀོན་པོ་རེད། ཆེད་ལས་ལ་དགོས་པ་དེ་དེབ་གསར་རིགས་མིན་པར་དེབ་རྙིང་ཆགས་ཡོད་སྟབས། དཔྱད་གཞིའི་ཡིག་ཆ་དང་དེབ་མ་རག་པའི་དཀའ་ངལ་འདུག དཀའ་ངལ་གཞན་ཞིག་ནི། ལོ་རྒྱུས་དང་མི་སྣ་ཞིབ་འཇུག་བྱེད་ཐབས་སྐོར་བོད་རང་གི་སྐད་ཡིག་ནང་རེ་ཟུང་ལས་མེད་པར་ཕྱིའི་སྐད་ཡིག་ནས་ཚུར་ལེན་དགོས་པ་དེ་རེད” ཅེས་བརྗོད་བྱུང་།
མཇུག་ཏུ་གསར་འགོད་པས་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་འབྲོག་རུ་ཆོས་དར་ལགས་སུ་ཚོར་བ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། “ངས་ས་ར་མཐོ་སློབ་ནང་རིག་གནས་རབ་འབྱམས་པའི་སློབ་སྦྱོང་བྱེད་སྐབས་གཙུག་ལག་རབ་འབྱམས་པ་འཛུགས་འཆར་ཡོད་པ་གོ་སོང་། སྐབས་དེ་ནས་རེ་བ་ཆེན་པོ་བརྒྱབ་སྟེ་སློབ་གྲྭ་ཐོན་རྗེས་ལས་ཀ་མ་བྱས་པར་ལོ་གཅིག་ལྷག་རིང་སྒུག་པ་ཡིན། ད་ལོ་ཡིག་རྩལ་བཏང་སྟེ་གཙུག་ལག་རབ་འབྱམས་པར་རྒྱུགས་འཕྲོད་སོང་བ་མ་ཟད། ང་རང་ཨང་དང་པོ་ཆགས་ཏེ་དགའ་ལྡན་ཕོ་བྲང་གི་སློབ་ཡོན་ཡང་རག་སོང་། སོ་སོས་ད་བར་སློབ་སྦྱོང་བྱས་ཡོང་ནའང་ཆེད་སྦྱོང་ཐོག་སློབ་སྦྱོང་བྱེད་པའི་གོ་སྐབས་རག་ཡོད་པ་མ་རེད། ད་ལྟ་གོ་སྐབས་ཡག་པོ་རག་སོང་བསམ་གྱི་འདུག ཡིན་ནའང་། སློབ་གྲྭའི་མཐུན་རྐྱེན་སྦྱོར་སྟངས་ཐོག་ཁ་ནས་བཤད་པ་ནང་ལྟར་ད་དུང་ལག་ལེན་བསྟར་ཐུབ་ཀྱི་མེད་ས་མང་པོ་ཞིག་འདུག” ཅེས་བརྗོད་བྱུང་།
ཁོས་མུ་མཐུད་དུ་བརྗོད་དོན། “ང་ཚོ་སློབ་མགོ་བཙུགས་ཏེ་ཟླ་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་། ད་དུང་རྨང་གཞི་ཁ་གསབ་གནང་གི་ཡོད་པ་རེད། དུས་ཚོད་འཕྲོ་བརླག་གང་འཚམ་གཏོང་གི་འདུག ང་ཚོའི་སྐབས་འདིར་འདི་ལྟར་རྫོགས་འགྲོ་ས་རེད། ཡིན་ནའང་། མ་འོངས་པར་མཐོ་རིམ་རིག་གནས་རབ་འབྱམས་པ་ཆེད་ལས་ཀྱི་ངོ་བོར་འགྲོ་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ལ་རེ་བ་ཆེན་པོ་འཛིན་གྱི་ཡོད” ཅེས་བརྗོད་བྱུང་།
གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། གཙུག་ལག་རབ་འབྱམས་པའི་ལས་གཞི་འདི་ཐོག་མར། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༡༡ ནང་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་བཙན་བྱོལ་ནང་གི་མཁས་དབང་དང་སློབ་དཔོན། ཤེས་ཡོན་འཛིན་སྐྱོང་མི་སྣ། ས་ར་མཐོ་སློབ་ཀྱི་དགེ་རྒན་སོགས་བསྡུ་སྐོང་གིས་བགྲོ་གླེང་གནང་སྟེ། མཐོ་རིམ་རིག་གནས་རབ་འབྱམས་ (BA) བསླབ་གཞི་བསྐྱར་བཅོས་དང་། གཙུག་ལག་རབ་འབྱམས་ (MA) བསླབ་གཞི་གཏན་འབེབས་གནང་ཡོད་པ་དང་། ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ཝ་ཎ་མཐོ་སློབ་ཀྱི་ངེས་སྟོན་པ་རྒན་ངག་དབང་བསམ་གཏན་ལགས་དང་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན། རྩོམ་རིག་སློབ་དཔོན་བཀྲ་ཤིས་ཚེ་རིང་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་དང་། ས་ར་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་དང་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན། རྩོམ་རིག་དགེ་རྒན་སྦྲེལ་ནག་པ་བློ་གྲོས་དཔལ་བཟང་བཅས་ལྷན་འཛོམས་ཐོག་བསྐྱར་ཞིབ་གནང་མཐར་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྤྱན་འབུལ་ཞུས་ཡོད་འདུག ༢༠༡༣ ཟླ་ ༡༠ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་ཚེ་རིང་བསམ་འགྲུབ་སོགས་ལས་གྲུབ་པའི་ཚོགས་ཆུང་ཞིག་གིས་གཏན་འབེབས་ཀྱིས་ཤེས་རིག་ལས་ཁུངས་ལ་ཕུལ་ཏེ། ༢༠༡༤ ཟླ་ ༡ ཚེས་ ༢༡ ཉིན་ཤེས་རིག་ལས་ཁུངས་ཀྱིས་ས་ར་མཐོ་སློབ་ཀྱི་ལོ་གཉིས་ཀྱི་གཙུག་ལག་རབ་འབྱམས་པར་ངོས་འཛིན་ཕྱག་འཁྱེར་གནང་རྗེས་དངོས་སུ་དབུ་འཛུགས་གནང་བ་ཞིག་ཡིན་འདུག
གསར་འགོད་པ། དོན་གོ
ཚེ་རྡོར་ལགས་ཀྱི་བཀའ་གསུང་དེ་ཧ་ཅང་གནད་ལ་འཁེལ་འདུག གཙུག་ལག་རབ་འབྱམས་པའི་སློབ་དཔོན་བསོད་ནམས་རྒྱལ་མཚན་གྱིས་སྤྱི་འཐུས་ནང་ནས་དགོངས་པ་ཞུ་དགོས་པ་རེད། གང་ཡིན་ཟེར་ན་དེང་སྐབས་སྤྱི་འཐུས་ཚོར་ལས་ཀ་དང་འགུལ་འགུལ་མང་པོ་སྤེལ་བཞིན་ཡོད་པ་དང་། ཕྱི་རྒྱལ་ཁག་ཏུ་འགྲོ་རྐྱང་བྱས་ཏེ་དུས་ཚོད་མང་པོ་གཏོང་དགོས་ཡོད་སྟབས་ཡོང་ཐུབ་ཡོད་པ་མ་རེད།
སློབ་ཡོན་ཧ་ཅང་ཆེན་པོ་རེད། ཡིན་ནའང་སློབ་སྦྱོང་ཡག་པོ་སྤྲོད་ཐུབ་པ་ཡིན་ན། སློབ་ཡོན་དེ་འདྲ་ཡིན་རྒྱུ་རེད། རྒྱ་གར་དང་ཕྱི་རྒྱལ་གྱི་གཙུག་ལག་རབ་འབྱམས་པ་དང་འབུམ་རིམས་པའི་སློབ་ཡོན་ཧ་ཅང་ཆེན་པོ་རེད། གནད་འགག་གང་རེད་ཟེར་ན། སློབ་ཕྲུག་ཚོས་ཕར་འགྲོ་སོང་བཏང་བ་ནང་བཞིན་ཚུར་ཤེས་ཡོན་ཡག་པོ་ཞིག་རེག་དགོས་པ་དང་། དངུལ་དང་དུས་ཚོད་འཕྲོ་བརླག་ཏུ་མ་སོང་བ་ཞིག་ཡོང་དགོས་པ་དེ་གལ་ཆེ་ཤོས་རེད།
ང་རང་ལ་བསམ་ཚུལ་གཅིག་ཞུ་རྒྱུ་ཡོད། གཙུག་ལག་སློབ་དཔོན་གཉིས་ལ་མཚན་གནས་ཕུལ་བ་དེ་འགྲིག་འདུག རྩོམ་རིག་སློབ་དཔོན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ལ་ཞུ་རྒྱུ་གང་ཡང་མེད། མ་གཞི་ཁོང་རང་ཤེས་ཡོན་གནས་ཚུལ་མཐོ་བོ། བྱ་བ་སྤྱོད་ལམ་ཡོངས་རྫོགས་ཤེས་ཡོན་པ་རྣལ་མའི་འགན་ཆ་ཚང་འཁྱེར་མཁན་ཞིག་རེད། རྩོམ་རིག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ལ་མཚོན་ན་སློབ་སྦྱོང་གནས་ཚད་དང་ལྷག་བསམ་སོགས་ཡག་པོ་ཡོད་ནའང་ཆབ་སྲིད་ནང་ཞུགས་ཏེ་མདོ་སྨད་སྤྱི་འཐུས་ཆགས་ཡོད་སྟབས། སློབ་ཕྲུག་ཚོར་སློབ་ཁྲིད་གནང་རྒྱུ་སོགས་འཐུས་ཤོར་མ་སོང་བ་གནང་རྒྱུ་ཧ་ཅང་གལ་ཆེན་དོན་ཆེན་རེད། ཉིན་རྒྱུན་གྱི་སློབ་ཁྲིད་གཅིག་ཀྱང་ཆད་ལུས་མེད་པ་གནང་དགོས་རྒྱུ་ཨ་ཅང་ཅང་། དེ་ལས་གཞན་པའི་གཙུག་ལག་རབ་འབྱམས་སློབ་མ་སྐྱེད་སྲིང་ཐོག་དཔྱད་གླེང་དང་གཤིབ་བསྡུར། སློབ་མ་ཚོའི་ལས་བྱར་ཞུ་དག་དང་རྩོམ་ཡིག་ལ་དག་སྒྲིག་སོགས་ཀྱི་བྱེད་སྒོ་རྣམ་བཞག་དག་ཀྱང་ཆད་ལུས་མེད་པ་དང་སྤུས་ཚད་ལྡན་པ་ཞིག་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
གོང་གསེང་ཞུ་བ་དང་ལས་ཀ་གཞན་ལ་མགོ་འཁོར་ཏེ་སློབ་ཁྲིད་བསྟུད་མུར་ཆད་པ་དང་། སློབ་ཕྲུག་ཚོར་ཉི་མ་རེ་རེའི་སློབ་ཚན་ཁྲིད་གཞི་གྲ་སྒྲིག་དང་སློབ་མ་ཚོའི་དཔྱད་འབྲས་ལ་ཞུ་དག་ལམ་སྟོན་འཐུས་ཤོར་གཏོང་བ། དེ་བཞིན་སློབ་ཚན་མ་ཡིན་པའི་སློབ་མ་ཚོའི་ཤེས་རིག་བྱེད་སྒོ་ཁག་ལ་མཉམ་ཞུགས་མཛུབ་སྟོན་སོགས་ཆད་ལུས་དང་ལྷོད་ཡངས་ཤོར་བ་སོགས་ཀྱི་གནད་དོན་ལྷག་པ་ཡིན་ན། སློབ་ཕྲུག་ཚོས་དངུལ་དེ་འདྲ་ཕོན་ཆེན་པོ་ཞིག་སྤྲད་པ་ཆུད་ཟོས་སུ་བཏང་བ་མ་ཟད། ན་གཞོན་མང་པོ་ཞིག་གི་གསེར་ལས་དཀོན་པའི་དུས་ཚོད་རྩ་ཆེན་པོ་དེ་འདྲ་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་གི་ཡོད་པ་རེད། དེ་བརྒྱུད་ནས་བོད་སྤྱི་བའི་ལས་དོན་ཐོག་ལའང་དོ་ཕོག་དང་གྱོང་ཆེན་པོ་ཞིག་རེག་གི་ཡོད་པ་རེད། དེ་ང་རང་གི་རེ་སྐུལ་ཙམ་ཡིན། བཀྲ་ཤིས་བདེ་ལེགས།
གསར་འགྱུར་ཞིབ་ཅིང་རྒྱས་པ་ཞིབ་འཇུག་ཡག་པོ་བྱས་པའི་སྙན་ཐོ་ལྟ་བུ་ཞིག་འཁོད་འདུག གསར་འགོད་པ་དོན་གོ་ལགས་ལ་དགའ་བསུའི་བཀྲ་ཤིས་བདེ་ལེགས་ཞུ། གཅིག་ཤེས་ཀུན་གྲོལ་ཟེར་བ་ལྟར་ས་ར་སློབ་གྲྭའི་ནང་གི་གཙུག་ལག་རབ་འབྱམས་པའི་གནས་ཚུལ་གསལ་གསལ་ཐང་ཐང་། ལག་མཐིལ་དི་སྐྱི་རུ་ར་བཞག་པ་ལྟར་བཟོས་སོང་བས་སྤྱི་ཚོགས་ལ་ཕན་ཐོག་་པའི་གསར་འགྱུར་རེད། བོད་ཀྱི་དུས་བབ་ཚང་གིས་སྤྱི་ཚོགས་ནང་ཞིབ་འཇུག་བྱས་ཏེ་གསར་འགོད་གནང་ན་ཧ་ཅང་ཡག་པོ་དང་གྲུབ་འབྲས་ལྡན་པའི་རླབས་ཆེན་གྱི་ཕྱག་ལས་ཆགས་ངེས་རེད།
བཙན་བྱོལ་བོད་གཞུང་གིས་ཕར་སློབ་ཡོན་སྤྲོད་སྐབས་ཟླ་བ་རེར་ཧིན་སྒོར་ ༡༥༠༠ ་ཙམ་རེད། སློབ་མ་ཚོའི་ལག་ནས་ཚུར་སློབ་ཡོན་བསྡུ་སྐབས་ཧིན་སྒོར་ ༦༥༠༠་རེད། དངོས་གནས་ཚུལ་ལྡན་མ་རེད་ལ་དྲང་བདེན་ཡང་མ་རེད།
ཟླ་གཅིག་ལ་སྒོར་༦༥༠༠།
ལོ་གཅིག་ལ་སྒོར་༧༨༠༠༠།
ལོ་གཉིས་ལ་སྒོར་ ༡༥༦༠༠༠རེད།
རྡ་རམ་ས་ལའི་ལས་ཁུངས་ཁག་གི་ལས་བྱེད་ཅིག་ལའང་ཟླ་བ་རེར་སྒོར་༦༠༠༠ནས་༧༠༠༠་ཡས་མས་རེད། སློབ་སྦྱོང་བྱེད་མཁན་སློབ་ཕྲུག་ཉམས་ཆུང་ཞིག་གི་ངོས་ནས་དངུལ་གཅིག་འབུམ་གཉིས་འབུམ་དེ་འདྲ་མང་པོ་ཞིག་གང་ནས་འཁྱེར་ཡོང་དགོས་པ་རེད། འདིའི་ཐད་ལ་མཛད་གཙོ་རྣམ་པ་ཚོས་དགོངས་པ་བཞེས་ཨཻ་ཡོད།
གཙུག་ལག་རབ་འབྱམས་པ་དབུ་འཛུགས་གནང་བར་བཀྲ་ཤིས་བདེ་ལེགས་ཡོད། མུ་མཐུད་འབུམ་རམ་པའི་སློབ་སྦྱོང་སྤྲོད་ཕྱོགས་ཐད་དགོངས་པ་བཞེས་དགོས་པ་རེད།
ཞིབ་འཇུག་གནང་ཕྱོགས་ཐད་ས་རཱའི་སློབ་དཔོན་རྣམ་པས་སློབ་སྟོན་གནང་བ་ཙམ་མིན་པར། ཕྱི་ཕྱོགས་ནས་ཆེད་ལས་སློབ་དཔོན་མང་ཙམ་གདན་ཞུས་གནང་དགོས་གལ་ཆེ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ལ་སློབ་ཕྲུག་ཉུང་དུ་འགྲོ་བའི་སྐབས་སུའང་། ས་རཱ་མཐོ་སློབ་ཏུ་སློབ་ཞུགས་བྱེད་མཁན་ལོ་རེ་བཞིན་མང་དུ་འགྲོ་བ་འདིས། སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་སྐོང་གི་ཡོད་པའི་རྟགས་མཚན་ཡིན་པས། ཕྲད་རྣམ་དབྱེའི་སྦྱོར་ཚུལ་གྱི་མན་ངག་ཙམ་ལ་ཨ་འཐས་སུ་མི་འཛིན་པར། བོད་ཀྱི་རིག་གནས་ཀྱིས་བོད་པའི་སྤྱི་ཚོགས་ཀྱི་དངོས་ཡོད་དགོས་མཁོ་བསྐོང་ཐུབ་པ་གནང་རོགས།
དེ་བཞིན་སློབ་དཔོན་རྣམ་པས་ཀྱང་སློབ་ཁྲིད་གནང་ཕྱོགས་དང་། ཞིབ་འཇུགས་བྱེད་སྟངས་སོགས་ཤེས་བྱ་གསར་པར་ཡང་བློ་སྦྱོང་མང་ཙམ་གནང་ན། དེས་སློབ་ཁྲིད་ཀྱི་ལས་དོན་ལེགས་གྲུབ་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པས་ཐུགས་འཇགས་གནང་རོགས།
ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
སློབ་ཕྲུག 12
ཟླ་རེར་སྒོར། 78000
ལོ་རེར་སྒོར། 156000
ལོ་གཉིས་ལ་སྒོར། 312000
རྡོག་རྡོག་བཤད་ན་ས་ར་མཐོ་སློབ་ཀྱི་ཟླ་གཅིག་གི་ཡོང་འབབ་སྒོར། 78000
དེ་དག་ལས་གཙུག་ལག་དགེ་རྒན་གཅིག་ལ་ཟླ་རེར་གསོལ་ཕོཊ་སྒོར། 17000
གཙུག་ལག་དགེ་རྒན་གཉིས་བསྡོམས་ན་ཟླ་གཅིག་ལ་གསོལ་ཕོཊ་སྒོར། 34000+
སློབ་མ་གཅིག་རེ་ལ་ཟླ་བ་རེར་ཟ་མའི་འགྲོ་སོང་མང་མཐར་སྒོར། 500
སློབ་མ་བཅུ་གཉིས་བསྡོམས་ན་ཟླ་བ་རེ་ལ་ཟ་མའི་འགྲོ་སོང་སྒོར། 6000+
སློབ་མ་གཅིག་རེ་ལ་ཉལ་ཁང་གི་གླ་ཆ་ཞག་གཅིག་ལ་སྒོར། 50
སློབ་མ་བཅུ་གཉིས་ལ་ཟླ་བ་གཅིག་ལ་ཉལ་ཁང་གི་གླ་ཆ་སྒོར། 18000+
སློབ་མ་གཅིག་ལ་ལག་དངུལ་ཟླ་བ་གཅིག་རེར་སྒོར། 1000
སློབ་མ་བཅུ་གཉིས་ལ་ལག་དངུལ་ཟླ་བ་གཅིག་རེར་སྒོར། 12000+
སློབ་མ་གཅིག་ལ་དཔེ་དེབ་ཉོ་ཆེད་དུ་ཟླ་བ་རེར་ལ་སྒོར། 666
སློབ་མ་བཅུ་གཉིས་ལ་ཟླ་བ་གཅིག་ལ་དེབ་ཉོ་ཆེད་དུ་སྒོར། 8000+
གོང་གི་ཟླ་བ་གཅིག་གི་འགྲོ་སོང་ཡོངས་རྫོགས་བསྡོམས་སྒོར། 78000
ས་ར་སློབ་གྲྭ་ལ་ཕར་འགྲོ་སོང་མེད།
ཚུར་ཡོང་འབབ་ཀྱང་མེད།
ཁོག་རྩིས་ཏག་ཏག་བརྒྱབ།
གཙུག་ལག་རབ་འབྱམས་པ་ཁེ་སང་།
གཙུག་ལག་རབ་འབྱམས་པ་བཙུགས་པར་རྟེན་འབྲེལ་ཞུ། ཡིན་ནའང་། བཙུགས་པ་ཙམ་གྱིས་གྲུབ་པའི་ངེས་པ་ཡོད་མ་རེད། གཙོ་བོ། གཙུག་ལག་རབ་འབྱམས་པའི་མིང་བྱང་མི་འཕྱར་བར། གཙུག་ལག་རབ་འབྱམས་པའི་གནས་ཚད་ལོན་དགོས་པ་གལ་དུ་ཆེ། གཙུག་ལག་རབ་འབྱམས་པའི་ཤེས་བྱ་ནི་སློབ་ཁང་གཅིག་པུའི་ནང་དུ་མེད་པར། དཔེ་མཛོད་དང་སྤྱི་ཚོགས་ཕྱོགས་གང་ཐད་ནས་ཡོང་དགོས་སྟབས། མ་མཐའ་ཡང་འཛམ་གླིང་སྤྱིའི་ལོ་རྒྱུས་དང་རྩོམ་རིག་བསྔོག་ཐུབ་སའི་དཔེ་མཛོད་ཁང་སྣུམ་པ་ཞིག་ངེས་པར་དུ་དགོས་པ་རེད། ངས་ནི་ས་རཱའི་དཔེ་མཛོད་ག་འདྲ་ཡོད་མེད་མཐོང་མྱོངས་མེད། སྤྱི་ཚོགས་བསྐྲུན་རྒྱུའི་ངོས་ཐད་ནས། བཙན་བྱོལ་སྤྱི་ཚོགས་ཁྲོད་མ་གཞི་རིག་ཉམས་ཞིབ་དང་བསྔོག་འདོན་གྱི་དཔུང་སྡེ་ཞིག་རྩ་བ་ཚུགས་མེད་ས་ན། ས་རཱ་གཅིག་པུས་ཅི་ཁག་སྤྱི་ཚོགས་ལ་སྣེ་འཁྲིད་རྒྱུ་ལས་སླ་བོ་ཡོད་མ་རེད། ཡིན་ནའང་། རྒྱ་གར་གྱི་མཐོ་སློབ་ཚད་ལྡན་ཁག་ནས་ཉམས་པ་དང་ཞིབ་འཇུག་པ། དགེ་རྒན་ཆེན་མོ་སོགས་གདན་ཞུས་ཀྱིས། སྐབས་རེར་རིག་གནས་གཏམ་བཤད་སོགས་སྤེལ་རྒྱུའང་གལ་ཏུ། དེ་ལྟར་བྱས་ན་རིམ་གྱིས་ས་རཱ་ནི་ས་རཱའི་དགེ་སློབ་བརྒྱ་སྐོར་ཅིག་གི་རིག་གནས་ཁོར་ཡུག་ཙམ་ལས་བརྒལ་ཏེ། ས་རཱ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ལྡན་ཚང་མའི་རྣ་བ་ཞོགས་ས་དང་། སྤྱི་ཚོགས་ལ་སྒུལ་ཤུགས་སློང་སའི་ཤེས་ཡོན་གྱི་ཁོར་ཡུག་ཅིག་ཏུ་བསྐྲུན་ཐུབ། དེ་ཙམ་བྱོས། མཐར་རེ་དོན་འགྲུབ་པའི་སྨོན་འདུན་ཡོད།
སློབ་ཡོན་ཟླ་བ་རེར་ཧིན་སྒོར་ ༦༥༠༠ རེ་བསྡུ་བ་དེ་ཧ་ཅང་མཐོ་དྲག་པ་རེད།
དེང་སྐབས་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་སྐབས་ལ་བྱེད་སྟངས་འདི་ཡག་པོ་མི་འདུག
ས་ར་མཐོ་སློབ་ལ་བཀྲ་ཤིས་བདེ་ལེགས་ཞུ་་་་་་་་་་་་་་་་་་་་་་་
ས་ར་མཐོ་སློབ་ལ་རྟེན་འབྲེལ་བཀྲིས་བདེ་ལེགས་ཞུ།
བཙན་བྱོལ་གྱི་སློབ་གྲངས་མཐའ་ལ་གཏུགས་འགྲོ་བའི་སྐབས་འདིར་བུ་རམ་ཤིང་པའི་ལོ་རྒྱུས་བཞིན། ཐབས་ལམ་ལེགས་ཤོས་ཞིག་ཡོད་པ་ནི། ས་ར་མཐོ་སློབ་དང་། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བོད་ཡིག་སྡེ་ཚན་གཉིས་གཉེན་སྒྲིག་བྱ་དགོས་པ་རེད།
སྔ་ཕྱིར་ཕེབས་པའི་མཐོ་སློབ་འདི་གཉིས་ཀའི་དམིགས་ཡུལ་དང་སློབ་ཚན་གཏན་འདེབས་ཀྱི་རང་བཞིན་རྣམས་ཕལ་ཆེར་གཅིག་པ་རེད།
རྒྱུ་མཚན་ནམ་གནད་འགག་ནི། ས་ར་དགུང་ལོ་ཆེ་བས་ཉམས་མྱོང་མང་ཞིང་། ཏཱ་ལའི་བླ་མའི་མཐོ་སློབ་ལོ་ན་ཆུང་ཡང་ཚད་ལྡན་རྒྱལ་ཡོངས་ངོས་འཛིན་ཡིག་ཆ་ཡོད་པས་སོ།།
ས་ར་མཐོ་སློབ་ནང་གཙུག་ལག་རབ་འབྱམས་པའི་སྐབས་དང་པོའི་སློབ་མ་བསྡུས་ཏེ་སློབ་ཁྲིད་དངོས་སུ་དབུ་འཛུགས་གནང་བར་བཀྲ་ཤིས་བདེ་ལེགས་ཞུ། ད་རེས་འདི་ནི་ལས་གཞི་གསར་པ་དང་སྐབས་དང་པོའི་འཛིན་གྲྭ་རེད། དགེ་རྒན་དང་སློབ་མ་གཉིས་ཀའི་ཕྲག་པར་དམིགས་གསལ་ཀྱི་འགན་འཁྲི་ལྗིད་ཏིག་ཏིག་ཅིག་ཡོད་པ་མ་བརྗེད་རོགས་གནང་།