ཕྲན་ཉེ་ཆར་༼སྐད་ཡིག༽ ཟེར་བའི་བྱིས་དེབ་རྩོམ་པ་པོ་དོན་འགྲུབ་ཚེ་རིང་ལགས་དང་ཐུག་པའི་གོ་སྐབས་བྱུང་ བ་དང་། སྐབས་དེར་ངས་ཁོང་ལ་ཁོང་གིས་གསར་དུ་བརྩམས་པའི་བྱིས་དེབ་སྐོར་ནས་སྐད་ཆ་སྐོར་ཞིག་དྲིས་ཡོད།
དྲི་བ། བྱིས་པ་ཆུང་ཆུང་གི་ཀློག་དེབ་དེ་འདྲ་ཞིག་འབྲི་དགོས་པའི་ཐོག་མའི་བསམ་བློ་འཁོར་སྟངས་ཞིག་གསུང་རོགས།
ལན། བོད་ཕྱི་ནང་ཚང་མ་ན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། བདག་གིས་ཀྱང་བོད་ཀྱི་སྐད་ཡིག་གཉིས་སྲུང་སྐྱོབ་བྱེད་རྒྱུ་ནི་ཆེས་གནད་འགག་ཏུ་མཐོང་། དེ་གཉིས་ཀྱི་ནང་ནས་ཀྱང་གོ་རིམ་བསྒྲིགས་ན་དང་པོ་བོད་སྐད་ཤེས་རྒྱུ་དེ་གལ་ཆེན་པོ་རེད། དེས་ན་ང་ཚོའི་བོད་ཕྲུག་ཚོའི་བོད་སྐད་ཤེས་ཐབས་ལ་ཇི་ལྟར་བྱེད་དགོས་བའི་སྐོར་ལ་བསམ་བློ་བཏང་བ་ཡིན། ངས་ཤེས་གསལ་ལྟར་ན། དེ་ལ་དུས་ཚོད་རིན་ཐང་བྲལ་བ་ཞིག་ཡོད་པ་དེ་བོད་པའི་ཕ་མ་ཚོས་སྣང་མེད་དུ་བཞག་ནས་མི་ངོམ་པའི་ངང་ཡལ་གྱིན་འདུག དེ་ནི་ཕྲུ་གུ་སྐྱེས་ནས་སློབ་གྲྭར་མ་སོང་གོང་གི་ལོ་གསུམ་དེ་རེད། ཕྲུ་གུ་ཆུང་ཆུང་དེ་དག་ལ་མཚོན་ན་ཁོང་ཚོའི་ཉིནརེའི་འཚོ་བའི་ནང་ལས་ཀ་གཉིས་ཡོད་པ་ནི་ཕོ་བ་འགྲང་རྒྱུ་དང་རྩེད་མོ་རྩེ་རྒྱུ་དེ་རེད། སྐབས་འདིར་ཁོང་ཚོའི་ཀླད་པའི་ནུས་ཤུགས་ཧ་ཅང་ཆེ་ལ་མྱུར་བའི་སྐབས་ཡིན་པས་ཕྱི་དངོས་བོ་མཐའ་དག་སྐབས་འདིར་ངོས་འཛིན་དང་འབྲེལ་ཁོའི་སྐད་ཆ་ཡང་སྐབས་འདིར་ཤོད་མགོ་འཛིན་གྱི་ཡོད། ཁོང་ཚོའི་དུས་ཚོད་མང་ཆེ་བ་རྩེ་མོའི་ངང་འདའ་ལ་རྩེད་ཆས་དང་དཔེ་དེབ། རྩེད་གྲོགས་གང་ཡོད་པ་དེ་དག་ནི་ཁོང་རང་གི་སྐད་ཆ་ཤོད་པའི་རྒྱུ་ཆ་ལྟ་བུ་ཡིན། དུས་སྐབས་འདིར་ཁོང་ཚོའི་བསམ་བློ་དང་མཐུན་པའི་བོད་སྐད་གྱི་དེབ་དང་རྩེད་ཆས་གང་མང་མཁོ་སྤྲོད་བྱེད་རྒྱུ་ནི་གནད་འགག་ཅིག་མཐོང་བས། འདི་ལྟ་བུའི་དཔེ་དེབ་འབྲི་དགོས་བའི་བསམ་བློ་ཐོག་མར་འཁོར་སོང་།
དྲི་བ། ཉིད་ལ་བྱིས་པ་ཡོད་དམ། ཡོད་ན་བྱིས་དེབ་དེ་ཉིད་ཀྱི་བྱིས་པ་དང་འབྲེལ་བ་ཡོད་དམ།
ལན། ཡོད། ང་ལ་བྱིས་པ་བུ་མོ་ཞིག་ཡོད། ད་ལྟ་ལོ་གཅིག་དང་ཕྱེད་ཀ་ཡིན། དེབ་འདི་འབྲི་མགོ་བརྩམས་ནས་ལོ་གསུམ་ཙམ་སོང་། དེབ་པར་བསྐྲུན་བྱེད་མ་ཐུབ་པར་ལྷག་ཡོད་པས་སྐབས་དེར་མོ་སྐྱེས་བ་རེད། ངའི་བུ་མོར་མཚོན་ན་ཡང་རང་དབང་གིས་ཡིན་ནམ། ཡང་ན་ལས་དབང་གིས་ཡིན། གང་ལྟར་འཇིག་རྟེན་འདིར་མི་གྲངས་ཐེར་འབུམ་བདུན་དང་མི་རིགས་མི་འདྲ་བ་གང་མང་ཡོད་པའི་ནང་ནས་བོད་མིར་སྐྱེས་པ་རེད། དེ་བཞིན་དུ་མོ་དང་དུས་མཉམ་པའི་བོད་ཕྲུ་གུ་གཞན་པ་ཚོ་ཡང་དེ་བཞིན་རེད། དེས་ན་བདག་གི་བྱིས་དེབ་འདི་ངའི་བུ་མོ་གཙོས་བོད་པའི་ཕྲུ་གུ་དེ་དག་ལ་ཆེས་ཐོག་མའི་ལེགས་སྐྱེས་སུ་ཕུལ་བ་ཡིན་ཞེས་བཤད་ན་འདོད། པར་བསྐྲུན་ཐད་དཀའ་ངལ་འཕྲད་དེ་ད་ལྟ་བར་ལྷག་སོང་རེད། དེའི་བར་དུ་ངས་རང་ཉིད་ཀྱི་དེབ་རྐང་གཅིག་བཟོས་ནས་བུ་མོར་བེད་སྤྱད་དུ་བཅུག་པ་ཡིན།
འོན་ཀྱང་། ད་ལྟ་ཡོངས་ཁྱབ་ཀྱིས་པར་དུ་བསྐྲུན་ཏེ་ངའི་བུ་མོས་དེབ་དེ་ཀློག་གི་ཡོད། འདིའི་ནང་གི་རི་མོ་མང་ཆེ་བ་ཞི་མོས་ངོས་འཛིན་ཐུབ་པར་མ་ཟད། མང་ཆེ་བའི་མིང་ངག་ནས་གསལ་བོར་བཤད་ཐུབ། འདི་ནི་མོའི་ཆེས་དགའ་སའི་བྱིས་དེབ་ཆུང་ཆུང་དེ་ཡིན།
དྲི་བ། བྱིས་དེབ་དེའི་ནང་དོན་ཅི་རེད། བྱིས་པ་ལོ་ག་ཚོད་ཅིག་གི་ཀློག་དེབ་ཆགས་ཡོད་པ་རེད།
ལན། དེབ་འདི་བེད་སྤྱོད་བྱེད་སྟངས་ནི། དང་པོ་རི་མོ་བསྟན་ཏེ་བོད་སྐད་བཤད་རྒྱུ་དང་། དེ་ནས་བྱུང་ན་ཀ་ཁ་སློབ་རྒྱུ་དེ་རེད། རི་མོ་དང་མཉམ་དུ་ཡོད་པའི་མིང་ཚིགས་དེ་དག་བསླབ་པའི་ཆེད་དུ་མིན། གང་ཡིན་ཟེར་ན། མིང་ཚིག་དེ་དག་ཁོང་ཚོའི་ལོ་ཚད་ལ་མཐོ་དྲགས་པ་རེད། ལོ་ཚད་སྐྱེས་མ་ཐག་ནས་སློབ་གྲྭར་མ་སོང་གི་བར་གྱི་ལོ་ཚད་དེ། སྐྱེས་ནས་ལོ་བཞི་དང་ལྔ་ཡི་བར་ཡིན། ཕ་མ་བོད་སྐད་དང་བོད་ཡིག་མི་ཤེས་མཁན་ནམ་ཡང་ན་བྱིས་པ་རང་ཉིད་ལ་དེབ་དེ་ཀློག་པའི་དུས་ཚོད་མེད་མཁན་ཚོར་དམིགས་ནས་ད་ལྟ་མདོ་དབུས་ཁམས་གསུམ་གྱི་སྐད་གདངས་ཐོག་དེབ་འདི་འོད་སྡེར་དུའང་བཟོ་བཞིན་ཡོད།
དྲི་བ། ཉིད་ཀྱི་བྱིས་དེབ་དེ་ཕྲུ་གུ་ལོ་གཅིག་ནས་ལྔ་བར་བོད་སྐད་ཤོད་ཐབས་གཙོར་བཟུང་གི་དེབ་ཆུང་ཞིག་རེད། དེ་ཡིན་ན་དེབ་དེར་ཕྲུ་གུས་དགའ་བོ་བྱེད་ཐུབ་པའི་ཁྱད་ཆོས་ཅི་ཞིག་ཡོད།
ལན། སྐྱེས་ནས་ལོ་ལྔའི་བར་ནི་བྱིས་པ་རྣམས་ནི་ཞིབ་འཇུག་པའམ་ཡང་ན་ཚན་རིག་པ་ཞིག་ཡིན་ཞེས་ཞུ་ན་འདོད། ཁོང་ཚོའི་མིག་གིས་གང་མཐོང་བ་དང་རྣ་བས་གང་ཐོས་བ་ཚང་མ་ཤེས་འདོད་ཡོད་ལ། ལྷག་པར་དུ་སྒྲ་མི་འདྲ་བ་དང་། ཡང་ན་ཚོན་མདོག་མི་འདྲ་སོགས་ལ་དམིགས་བསལ་གྱིས་དོ་སྣང་བྱེད། གནས་ལུགས་འདི་ལ་གཞིར་བཞག་ནས་བྱིས་པའི་དེབ་ཚང་མ་ཚོན་མདོག་ཅན་དུ་བཟོས་ཡོད་པ་ལྟར། བདག་གིས་ཀྱང་བྱིས་དེབ་འདི་རི་མོ་དང་ཚོན་མདོག་གཙོ་བོར་བཟུང་སྟེ་བྱིས་པ་ཚོའི་བསམ་བློ་དང་མཐུན་པར་བཟོས་ཡོད། དེ་དག་ནི་བྱིས་བ་ཚོའི་དགའ་བོ་བྱེད་སའི་ཁྱད་ཆོས་གཙོ་བོ་དག་རེད་འདོད།
དྲི་བ། བོད་མིའི་སྒྲིག་འཛུགས་ངོས་ནས་བྱིས་དེབ་དེ་འདྲ་དཔར་དུ་བསྐྲུན་འདུག་གམ། བསྐྲུན་ཡོད་ན་དེར་བསམ་ཚུལ་ག་འདྲ་ཡོད།
ལན། ད་ལྟའི་བར་དུ་ངའི་དེབ་འདིའི་རིགས་གཅིག་ཀྱང་མཐོང་མ་སོང་། ཤེས་རིག་ལས་ཁུངས་ཀྱིས་དཔར་དུ་བསྐྲུན་པའི་བྱིས་པའི་སྒྲུང་དེབ་འགའ་རེ་དྲ་ལམ་ནས་མཐོང་མྱོང་མོད། དེ་དག་ནི་བོད་སྐད་ཤེས་པ་གཞིར་བཞག་གི་ཐོག་ཡར་རྒྱས་གཏོང་བྱེད་ཞིག་ཡིན་པ་ལས་ཆེས་ཐོག་མའི་བོད་སྐད་ཚིག་རྐང་རེ་རེ་བཞིན་ཤེས་པར་བྱེད་པའི་སློབ་དེབ་འདི་ལྟ་བུ་མ་རེད།
དྲི་བ། མི་སྒེར་བ་ཞིག་བྱིས་དེབ་བརྩམས་པ་བོད་མིའི་ཁྲོད་སྐུ་ཉིད་ཐོག་མ་དེ་ཡིན་པ་འདྲ། དེར་དོ་སྣང་བྱུང་སོང་ངམ།
ལན། ཕལ་ཆེར་དེབ་འདིའི་རིགས་འབྲི་མཁན་ང་ཐོག་མ་ཡིན་རྒྱུ་རེད། འོན་ཀྱང་མི་མང་པོ་ཞིག་གིས་བྱིས་བའི་དེབ་ཚང་མ་ཚད་རིམ་གཅིག་ཏུ་མཐོང་གི་ཡོད་པ་འདྲ། དེ་ལ་ཁག་མེད་དེ་ད་ལྟ་བར་དཔར་དུ་བསྐྲུན་པའི་བོད་པའི་བྱིས་སྒྲུང་དེ་དག་ལ་ལོ་ཚད་མེད། མང་ཆེ་པའི་ནང་གི་བརྗོད་བྱའི་ཐད་ལ་ཡང་། བྱིས་པའི་བློ་རྒྱ་ལས་བརྒལ་བ་མང་པོ་ཡོད། བྱིས་པའི་སྒྲུང་དེབ་ཐོག་ལོ་ཚད་འབྲི་རྒྱུ་དང་། ནང་གི་བརྗོད་བྱ་དེ་བྱིས་པའི་ལོ་ཚད་ཀྱི་བློ་རྒྱ་ལས་མ་བརྒལ་བ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་། དེབ་འདིའི་ཐོག་བྱིས་པའི་ལོ་ཚད་ལོ་ལྔའི་བར་ཞེས་གསལ་པོར་བཀོད་ཡོད་ལ། ནང་དུའང་བྱིས་པའི་བསམ་བློ་དང་གང་ཡོང་གིས་མཐུན་ཐབས་བྱས་ཡོད། དཔེར་ན། བྱི་ལ་ཞེས་བྲིས་ན་རི་མོ་དེ་དང་མིང་ཚིག་གཉིས་བྱིས་པའི་བསམ་བློར་འཇུག་པར་སྟབས་བདེ་དེ་ཙམ་མེད། དེ་ཕྱིར་ཙི་ཙི་ཞེས་ཁ་སྐད་རང་བྲིས་ཡོད། དེ་བཞིན་དེབ་ཤོག་བུ་མཐུག་པོའི་ཐོག་དཔར་དུ་བསྐྲུན་པ་བཅས་གོང་གི་ཆ་རྐྱེན་འདི་གསུམ་ཚང་པའི་བྱིས་དེབ་འདི་རིགས་འབྲི་མཁན་ང་ཐོག་མ་ཡིན་ཟེར་ན་ཕལ་ཆེར་འགྲིག་གི་ཡོད་པ་འདྲ།
དྲི་བ། མུ་མཐུད་དུ་བྱིས་དེབ་གཉིས་པ་གསུམ་པ་གཏོན་རྩིས་ཡོད་དམ།
ལན། ཡོད། གང་མང་མང་འདོན་རྩིས་ཡོད། དེབ་གཅིག་པོ་མ་ཡིན་པར་བྱིས་པའི་བསམ་བློ་དང་མཐུན་པའི་བོད་ཀྱི་སྐད་ཡིག་གི་རྩེད་ཆས་བཟོ་བསྐྲུན་བྱེད་རྒྱུར་ལས་འཆར་ཞིག་ཀྱང་འགྲོ་བཞིན་ཡོད། ད་ལྟའི་ཆར་དེབ་ཁ་ཤས་གྲ་བསྒྲིགས་བྱས་ནས་ཡོད། ད་ལྟ་འཐོན་ལ་ཉེ་བའི་དེབ་གཉིས་པ་ནི་༼བྱིས་པའི་ཆེས་ཐོག་མའི་མིང་ཚིག་བརྒྱ།༽ ཟེར་བ་ཞིག་ཡིན།
དྲི་བ། ཉིད་ཀྱི་བྱིས་དེབ་ཉོ་འདོད་ཡོད་ན་གང་ནས་ཉོ་ཐུབ་ཀྱི་རེད།
ལན། ད་ལྟའི་ཆར་དྲ་ལམ་ཁག་གཉིས་ནས་ཉོ་ཆོག www.tibetanbabybooks.com དྲ་ལམ་འདི་ནས་ཨ་རི་དང་ཁེ་ན་ཌ་ནས་ཉོ་ཐུབ་ལ། དེ་མིན་རྒྱལ་ཁབ་དག་གིས་www.amazon.com དྲ་ལམ་འདི་བརྒྱུད་ནས་ཉོ་ཆོག
དྲི་བ། མཐའ་མ་དེར་བོད་པའི་ཕྲུ་གུ་ཚོས་བོད་ཀྱི་སྐད་ཡིག་ཤེས་ཐབས་ལ་ཅི་ཞིག་བྱ་དགོས་འདུག གཞན་ཉིད་ལ་འདི་ཅིག་བཤད་དགོས་བསམ་པ་འདྲ་ཡོད་ན་གསུང་རོགས།
ལན། ང་རང་ཉིད་ཀྱང་ད་ལྟ་གཡུལ་ས་འདི་ན་ཡོད་པས་མཐའ་མའི་རྒྱལ་ཁ་ད་དུང་གཞི་ནས་འཐོབ་རྒྱུ་ཡིན། འོན་ཀྱང་འདིར་གནད་འགག་གཅིག་ཞུས་ན་བསམ། གནད་འགག་ནི། ནམ་རྒྱུན་དུ་ཕ་མ་གཉིས་ཀྱི་རང་གི་བྱིས་པར་བོད་སྐད་བཤད་རྒྱུ་དེ་རེད། རང་གི་བྱིས་པར་བོད་སྐད་མ་བསླབས་པར་ཉིན་ཞིག་བྱིས་པ་དེས་བོད་སྐད་ཤེས་གི་ཡོང་གི་རེད་བསམ་ན་ནོར་འཁྲུལ་རེད། གཞན་ཕ་མ་མིན་པས་བོད་མི་ཚར་བཤད་རྒྱུ་ཞིག་ཡོད། བོད་ཀྱི་ཕ་མ་མང་ཆེ་བའི་རང་གི་བུ་རྒྱུད་དེ་བོད་སྐད་དག་གཙང་ཞིག་བཤད་པའི་ཐབས་ལ་འབད་བཞིན་ཡོད་ན། གལ་ཏེ་ཁྱོད་ཀྱི་བོད་པའི་མི་ཚང་ཞིག་དུ་བོད་པའི་བྱིས་པ་ཞིག་དང་འཕྲད་དུས། གཞན་སྐད་ཞིག་བཤད་ནས་བྱིས་པ་དེ་དང་གླེང་མོལ་བྱས་ན། ཕ་མ་མང་ཆེ་བའི་སེམས་ན་དགའ་གི་མེད་པ་དེ་ཤེས་དགོས།
ངས་འདི་ཅིག་བཤད་དགོས་བསམ་བྱུང་། ངའི་བྱིས་དེབ་དེ་འཚོང་སྟངས་དྲ་ཐོག་ནས་ཉོ་ན་སྤྱིའི་འགྲོ་སྟངས་གཅིག་པ་རེད། ངའི་འདི་ལ་དམིགས་བསལ་ཞིག་ཡོད། གལ་ཏེ་སྐུ་ཉིད་ཀྱི་གྲོགས་པོའི་ཕྲུ་གུ་ཞིག་ལ་དེབ་དེ་སྐྱེ་སྐར་གྱི་ལེགས་སྐྱེས་སུ་དབུལ་འདོད་ན། དྲ་ཐོག་ཏུ་སྐྱེ་སྐར་ལེགས་སྐྱེས་ཟེར་བའི་སྡེ་ཚན་ཞིག་ཡོད་ལ་དེར་མནན་ནས་ཉིད་ཀྱི་ཁ་བྱང་དང་སྐད་ཆ་ཅི་ཞིག་བཤད་འདོད་ན་དེར་བྲིས་པ་ཡིན་ན། ངས་དེ་པར་བརྒྱབ་ནས་མཉམ་དུ་སྦྲགས་ཐོག་ནས་སུ་ལ་གཏོང་དགོས་ན་དེར་གཏོང་གི་ཡོད། ཐུགས་རྗེ་ཆེ།
བཅར་འདྲི་ཞུ་མཁན། བློ་གྲོས་རབ་བརྟན།
གྲོགས་བོད་དགའ་ལེགས་། དགོང་ཚུལ་ལ་སྙིང་ཁུང་རུས་བའི་གཏིང་ནས་བཀའ་དྲིན་ཆེ། འདིའི་ནང་དུ་མ་འདང་ས་གང་མང་ཡོད་པར་དགོངས་འགལ་མེད་པར་ཞུ་ལ། ཕྱིན་ཆད་ལེགས་བཅོས་བྱེད་རྒྱུ་ཡིན
གྲོགས་པོ་བསོད་ནམས་རྡོ་རྗེ་ལེགས། ཉིད་ཀྱི་དགོང་ཚུལ་གསུང་བར་བཀའ་དྲིན་ཆེ། ང་མི་སྒེར་བ་ཞིག་ཡིན་ལ་འདིའི་མ་དངུལ་ཚང་མ་ང་རང་ཉིད་ཀྱི་ཟ་ཁང་ཚོང་ཁང་ནང་གཡོག་ལས་བྱས་བ་ཁོ་ན་ལས་བྱུང་བ་ཡིན་པས་རིན་མེད་དུ་ཕུལ་ཐུབ་མ་སོང་དགོང་དག་ཞུ། མ་དངུལ་རོགས་སྐྱོར་གྱི་ཐད་ལ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་རྭ་ཝེལ་བོད་ཀྱི་ཐེབས་རྩ་ཁང་སྙན་ཞུ་ཐེང་གཉིས་ལ་ཕུལ་ཀྱང་གནང་མ་སོང་།
བཅར་འདྲི་འདི་མགོ་ནས་མར་ཀློག་ནས་ཡོང་སྐབས་ཧ་ཅང་ཡག་པོ་འདུག་བསམ་པ་བྱུང་སོང་། འོན་ཀྱང་མཇུག་ཙམ་ལ་སླེབས་ཡོང་སྐབས་དེབ་དེ་འཚོང་གི་ཡོད་པའི་མཚམས་ལ་སླེབས་སྐབས་ཅུང་མ་བདེ་བ་ཞིག་བྱུང་སོང་། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་རིན་འབབ་ཅིག་མ་བླངས་པ་ཡིན་ན་རིན་ཐང་ལ་མི་ལྟ་བའི་གནས་སྟངས་ཤིག་གི་དབང་གིས་ཡ་མེད་བཏང་ཡོང་གི་འདུག་ཟེར་བའི་བཤད་སྲོལ་ཞིག་ཡོད་ན། བོད་པའི་སྐད་ཡིག་གི་དེབ་ཅིག་འཚོང་གི་ཡོད་པ་དེའི་རྒྱབ་ལོག་གི་ཀུན་སློང་ཡང་འཚོང་གི་ཆེད་དུ་ཆགས་ཡོད་སྟབས་ཡག་པོ་མི་འདུག་བསམ་སོང་།
བྱིས་དེབ་རྩོམ་པ་པོ་དོན་འགྲུབ་ཚེ་རིང་ལགས་སུ་བསྔགས་བརྗོད་གྲངས་མེད་ཞུ། དངོས་གནས་བོད་པའི་སྤྱི་ཚོགས་ཉུང་བའི་འཁོར་ཡུག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དམིགས་བསལ་དེབ་འདི་རིགས་དགོས་གལ་ཆེན་པོ་མཐོང་།
སྐུ་ཉིད་ནས་གོང་དུ་དཔེ་མཚོན་ལྟར་ཁ་སྐད་དང་ཡིག་སྐད་གཉིས་ནས་ཕྲུ་གུ་ཆུང་ཆུང་ཚོར་ཁ་སྐད་བསླབ་དགོས་པར་གལ་ཆེན་རེད། འོན་ཀྱང་ཁྱེད་ཀྱིས་དཔེ་མཚོན་བཀོད་གནང་བའི་ཡིག་སྐད་”བྱི་ལ” ལ་ཁ་སྐད་”ཙི་ཙི”ཞེས་བྲིས་གནང་འདུག་པར་གུས་པས་བསམ་ཚོད་བྱས་ན་དེ་ནོར་བ་འདྲ། ཡིག་སྐད་”བྱི་ལ”ནི་ཞུམ་བུ་སྟེ་ཙི་ཙི་ཟ་མཁན་དང་། ཙི་ཙིའི་ཡིག་སྐད་ལ་”བྱི་བ”རེད་དྲན། ”བྱི་ལ་”དང་”བྱི་བ” གཉིས་ནི་དགྲ་ཁ་གཏད་འདྲ་བོ་དཔེར་ན། ཕྱི་སྒྲུང་ནང་གི་ Tom and Jerry ལྟ་བུ་རེད།