གཟའ་ལྷག་པའི་ཉིན་ཀན་ལྷོ་གཙོད་ཉེན་རྟོག་ཁང་གི་སྒོ་ཁར་བོད་རིགས་སློབ་ཕྲུག་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག ད་ལྟ་རང་གནས་ཚུལ་འབྱོར་གསལ་ལ། ཟླ་འདིའི་ཚེས་ ༡༧ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ སྟེང་། ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁ་རུ། གཙོད་གྲོང་ཁྱེར་དུ་སློབ་གྲྭར་འགྲོ་བཞིན་པའི་རང་ལོ་ ༢༢ ཡིན་པའི་སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག དེ་རིང་ཞོགས་པར་བོད་ཕྱི་ལོགས་སུ་ཡོད་པའི་ཁོང་གི་གཉེན་ཉེ་ཞིག་གིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྐབས་དེའི་ཁོང་གི་འབོད་ཚིག་དང་། ཤུལ་དུ་ཞལ་ཆེམས་སོགས་བཞག་ཡོད་མེད་ད་ལྟ་གསལ་ཁ་བྱུང་མེད་ཀྱང་། ས་གནས་མི་མང་ཚོས དོན་རྐྱེན་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་བསྟུན་ཏེ། ལྷ་མོ་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ཕུང་བོ་འཁྱེར་ཡོད་པ་དང་། ནང་མི་ཚོ་ཉེན་རྟོག་ཁང་དུ་བསྐྱོད་དེ་ཕུང་བོ་ཕྱིར་ནང་མིར་སྤྲོད་དགོས་པའི་རེ་སྐུལ་ཇི་ལྟར་ཞུས་ཀྱང་ཉན་འཇོག་བྱས་མེད་པར། ཁ་སང་ཚེས་ ༡༩ ཉིན་ནང་མིར་ཕུང་བོ་མེར་བསྲེགས་བཏང་ཟིན་པའི་ཐལ་བ་ཞིག་སྤྲད་ཡོད་འདུག རྒྱལ་གཅེས་དཔའ་བོ་ལྷ་མོ་བཀྲ་ཤིས་ལགས་ནི། ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་། དེང་སྐབས་རྒྱ་གཞུང་གིས་བཅད་བསྒོས་ལྟར་འབོ་རྭ་ཡུལ་ཚོའི་འོག་ཡོད་པའི་ཨ་མཆོག་སྒྲོག་མདོ་སྡེ་བའི་ཕ་གཅོད་པ་ཚེ་རིང་དང་། མ་གདུགས་དཀར་མཚོ་གཉིས་ཀྱི་བུ་ཡིན་པ་དང་། ད་ལྟ་རང་ལོ་ ༢༢ དང་། ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དུ་སློབ་གྲྭར་སྐྱོད་བཞིན་ཡོད་འདུག ཁོང་ནི་བོད་པའི་བདེན་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་ ༡༣༡ པ་དེ་ཆགས་ཡོད་འདུག
Copy and paste this URL into your WordPress site to embed
Copy and paste this code into your site to embed