བོད་པའི་བུ་མོ་ཤི་ལོག་སྒྲོལ་མ་ལགས་ཀྱིས་ལྷོ་ཀོ་རི་ཡར་ཚོགས་བཞིན་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་བུད་མེད་ཀྱི་གྱད་རྩལ་འཇུ་རེས་འགྲན་བསྡུར་ཁྲོད་ཨང་གཉིས་པ་དངུལ་གྱི་རྟགས་མ་བླངས་ཡོད་འདུག
གནས་ཚུལ་འབྱོར་གསལ་ལ། ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཨིན་ཆེན་(Incheon)ནང་ཟླ་འདིའི་ཚེས་ ༡༩ ནས་ཟླ་རྗེས་མའི་ཚེས་ ༤ བར་ཚོགས་བཞིན་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་(Incheon Asian Games 2014)ཞེས་པའི་སྟེང་། ཕྱི་ཚེས་ ༢༧ ཉིན་སྤྱི་རྒྱ་ ༦༣ ཡོད་པའི་གྱད་རྩལ་འཇུ་རེས་འགྲན་སྡུར་ཁྲོད་བོད་པའི་བུ་མོ་ཤི་ལོག་སྒྲོལ་མ་ལགས་ཀྱིས་ཨང་གཉིས་པ་དངུལ་གྱི་རྟགས་མ་བླངས་ཡོད་འདུག
ཐེངས་འདིར་ཨང་དང་པོ་གསེར་གྱི་རྟགས་མ་ཉི་ཧོང་གི་བུ་མོ་ (Rio Watari) ལ་ཐོབ་ཡོད་པ་དང་། ཨང་གསུམ་པའི་ཟངས་ཀྱི་རྟགས་མ་ཐོབ་མཁན་གཉིས་བྱུང་ཡོད་པ་ནི་སོག་པོའི་བུ་མོ་ (Sukheegiin Tserenchimed) དང་། རྒྱ་གར་གྱི་བུ་མོ་ (Geetika Jakhar) གཉིས་ཡིན་འདུག
ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་དེར་རྒྱལ་ཁབ་ ༤༥ ནས་ལུས་རྩལ་བ་ཕོ་མོ་གྲངས་ ༤༣༩ དང་། རྩེད་མོའི་རྣམ་གྲངས་ ༣༦ བཅས་ཡོད་འདུག་ལ། ཤི་ལོག་སྒྲོལ་མ་ལགས་ནི་རྒྱལ་སྤྱི་རིམ་པའི་བུད་མེད་ཀྱི་གྱད་རྩལ་འཇུ་རེས་འགྲན་བསྡུར་ཁྲོད་ཨང་རྟགས་ཐོབ་མཁན་གྱི་བོད་པའི་བུད་མེད་ཐོག་མ་དེ་ཆགས་ཡོད་ཅིང་ད་ལྟ་རང་ལོ་ ༢༧ ཡིན་འདུག
ཤི་ལོག་སྒྲོལ་མ་ལགས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་བུ་སྐྱིད་གྲོང་བརྡལ་གྱི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ནས་སྐྱེས་ཤིང་། རང་ལོ་ ༡༥ ཙམ་ནས་བཟུང་གྱད་རྩལ་འཇུ་རེས་ཀྱི་སྦྱོང་བརྡར་བྱེད་མགོ་བརྩམས་ཤིང་། ༢༠༠༥ ལོར་བོད་རང་སྐྱོང་ལྗོངས་ལུས་རྩལ་རུ་ཁག་ནང་ཞུགས་ཏེ་པེ་ཅིན་ལུས་རྩལ་སློབ་ཆེན་དུ་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་བྱས། ༢༠༡༠ ལོར་རྒྱལ་ཁབ་གྱད་རྩལ་འཇུ་རེས་ཀྱི་ལུས་རྩལ་བའི་གྲས་སུ་བདམས་ཐོན་བྱུང་ཡོད་འདུག
༢༠༡༡ ལོའི་ཟླ་༩ ཚེས་ ༡༦ ཉིན། ཁོང་མོས་ཊར་ཀེ་ (Turkey) ནང་ཚོགས་པའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྟེང་སྤྱི་རྒྱ་ ༦༧ ཅན་གྱི་བུད་མེད་ཀྱི་གྱད་རྩལ་འཇུ་རེས་འགྲན་བསྡུར་ཁྲོད་ཨང་དང་པོ་གསེར་གྱི་རྟགས་མ་བླངས།
༢༠༡༣ ལོའི་ཟླ་ ༩ ཚེས་ ༨ ཉིན། རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཐོག་སྤྱི་རྒྱ་ ༦༣ ཡོད་པའི་གྱད་རྩལ་འཇུ་རེས་འགྲན་བསྡུར་ཁྲོད་སླར་ཡང་ཨང་དང་པོ་གསེར་གྱི་རྟགས་མ་བླངས།
༢༠༡༣ ལོའི་ཟླ་ ༤ ཚེས་ ༢༡ ཉིན། རྒྱ་གར་དུ་ཚོགས་པའི་གླང་ཆེན་ཨེ་ཤ་ཡའི་རང་དབང་གི་གྱད་རྩལ་འཇུ་རེས་གཟེངས་ཐོན་རྩལ་འགྲན་སྟེང་སྤྱི་རྒྱ་ ༦༣ ཡོད་པའི་བུད་མེད་འགྲན་བསྡུར་ལས་ཨང་དང་པོ་གསེར་གྱི་རྟགས་མ་བླངས།
༢༠༡༤ ལོའི་ཟླ་ ༣ ཚེས་ ༡༦ ཉིན། ཉི་ཧོང་རྒྱལ་ས་ཏུང་ཅིན་དུ་ཚོགས་པའི་འཛམ་གླིང་བུམ་པའི་སྐྱེས་མའི་རང་དབང་གྱད་རྩལ་འཇུ་རེས་འགྲན་བསྡུར་ཁྲོད་སྤྱི་རྒྱ་ ༦༣ ཡོད་པའི་བུད་མེད་འགྲན་བསྡུར་ལས་ཨང་གསུམ་པ་ཟངས་ཀྱི་རྟགས་མ་བཅས་བླངས་ཡོད་འདུག
གཞན། ཤི་ལོག་སྒྲོལ་མ་ལགས་ཀྱིས་རྒྱ་ནག་དང་རྒྱལ་ཁབ་གཞན་གྱི་ས་ཁུལ་རིམ་པ་དང་གྲོང་ཁྱེར་རིམ་པའི་འཇུ་རེས་འགྲན་བསྡུར་ཁྲོད་ཨང་དང་པོ་དང་གཉིས་པའི་བྱ་དགའ་མང་པོ་བླངས་ཡོད་པ་མ་ཟད། ༢༠༡༢ ལོར་རྒྱ་ནག་གི་ལུས་རྩལ་གྱི་སྐྱེས་མཆོག་མ་ཞེས་པའི་མཚན་སྙན་ཡང་ཐོབ་ཡོད་འདུག
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་མཉམ་དུ། མུ་མཐུད་དུ་ཤུགས་རྒྱག་རོགས་ཟེར་ནས་འབོད་སྐུལ་ཞུ་བཞིན་ཡོད་2014ལོའི་ཨོ་ལམ་ཕིག་གི་ལུས་རྩལ་འགྲན་ཚོགས་ཐོག་ཞུགས་ཐུབ་པར་རེ་བ་དང་སྨོན་ལམ། ཡིད་ཆས་ཚང་མ་ཡོད་པས་ཁྱེད་རང་གིས་ཀྱང་དམིགས་འབེན་དེ་སྙིང་ཁུངས་རུས་པའི་གཏིང་ལ་འཛིན་དགོས།
བཀྲ་ཤིས་བདེ་ལེགས་ཞུ། བོད་པ་འདི་རྒྱ་ནག་གི་བཙན་གནོན་འོག་མགོ་བོ་ཡར་འགྱོག་གི་མ་བཅུག་པ་རེད་མ་གཏོགས་བོད་པ་ཚང་འདི་ལ་མི་ནུས་འཇོན་ཅན་མེད་སོང་བ་མ་རེད། རྒྱ་ནག་གི་གཉའ་གནོན་འོག་ནས་ཀྱང་བོད་པའི་བུ་མོ་ཤི་ལོག་སྒྲོལ་མ་དང་ཆོས་དབྱངས་སྐྱིད་དོགས་འཛམ་གླིང་གི་ལུས་རྩལ་པ་ཨང་དང་པོ་དང་གཉིས་པའི་རིམ་པར་བསླེབས་ཡོད་པ་རེད།