ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་སུ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་རིགས་ཚོར་འབྲེལ་ལམ་འཛུགས་པའི་སྲིད་བྱུས་དང་འབྲེལ་ནས་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བཞིན་པའི་ལས་འགུལ་སྐོར་ལ་བཅར་འདྲི་ཞུས།
དྲི་བ། དེང་སྐབས་ཨ་རི་དང་ཡུ་རོབ་སོགས་སུ་རྒྱ་རིགས་སློབ་གཉེར་བ་དང་ལས་ཀ་བྱེད་མཁན་མང་པོ་རེད། ཁྱོན་ཡོངས་ནས་བལྟས་ན་དེ་ཚོར་དམངས་གཙོ་དང་རང་དབང་། འདྲ་མཉམ་སོགས་ཀྱི་བག་ཆགས་ཟེར་ན་འདྲ། དེང་རབས་ནུབ་ཕྱོགས་པའི་ཤུགས་རྐྱེན་ཐེབས་ཀྱི་འདུག་གམ།
ལན། ངའི་ལས་འགན་གཙོ་བོ་དེ་བྱང་ཨ་རི་དང་ཁེ་ན་ཌ་ཕྱོགས་ཆགས་ཡོད་པ་རེད། དེ་དག་ནང་རྒྱ་རིགས་མང་པོ་ཞིག་ཡོད་པ་རེད། ཁོང་ཚོ་སྔོན་མ་སྐྱེས་ས་དང་འཚར་ལོངས་བྱུང་ས་དེ་སྲིད་དབང་གཅིག་སྡུད་གཞུང་ཞིག་གི་འོག་རེད། ཁོང་ཚོ་རང་དབང་ལུང་པར་བསླེབས་པའི་རྗེས་ལ། སྔོན་ཆད་གོ་མྱོང་བའི་གནས་ཚུལ་དང་ད་ལྟ་གོ་བ་དང་དངོས་སུ་མཐོང་བ་སོགས་མ་འདྲ་བ་ཞིག་ཆགས་ཡོད་པའི་ཚོར་བ་དེ་ཤུགས་ཆེན་པོ་ཡོང་གི་ཡོད་པ་རེད། ཡིན་ནའང་ཉུང་ཤས་ཤིག་གི་མ་གཏོགས་སེམས་ཀྱི་ཚོར་བ་དེ་ཕྱི་ལོགས་སུ་འདོན་ཐུབ་ཀྱི་ཡོད་པ་མ་རེད། རིགས་གཅིག་གིས་ཁོ་རང་ཚོའི་བློ་ཐག་ཉེ་ས་དེ་འདྲར་བཀའ་མོལ་ཡོང་གི་ཡོད་པ་རེད་ལ། ང་ཚོར་ཡང་འདྲིས་པོ་ཆགས་ཡོང་སྐབས་དྲང་མོར་གསུང་གི་འདུག སྤྱིར་བཏང་བོད་དོན་སོགས་བཤད་ཡོང་སྐབས། རྒྱ་ཞེན་གྱི་དབང་གིས་རྒན་པ་ཚོ་ལས་གཞོན་པ་ཚོ་མཁྲེགས་པ་འདུག ཁག་ཀྱང་ཡོད་པ་མ་རེད་བསམ་གྱི་འདུག ཁོང་ཚོ་རྒྱ་ནག་གི་དར་དམར་འོག་ནས་འཚར་ལོངས་བྱུང་བ་དང་། གུང་ཁྲན་ཏང་གི་སྡུག་ཉེས་མང་པོ་ཞིག་ཧ་གོ་གི་ཡོད་པ་མ་རེད། ཡིན་ནའང་ཁྱོན་ཡོངས་ཀྱི་ཐད་ནས་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་རེད་བསམ་གྱི་འདུག
དྲི་བ། ཕྱི་ཕྱོགས་ཀྱི་རྒྱ་རིགས་ཚོས་རྒྱ་ནག་ནང་ཁུལ་གྱི་སྤྱི་ཚོགས་དང་། ལྷག་པར་དུ་གཞུང་གི་ཆབ་སྲིད་སྒྲོམ་གཞིར་ཤུགས་རྐྱེན་ཐེབས་ཐུབ་བམ།
ལན། དྲི་བ་འདི་ངས་གནད་འགག་ཆེན་པོ་ཞིག་ཏུ་མཐོང་སོང་། རྒྱ་རིགས་སློབ་ཕྲུག་ཚོར་མཚོན་ན། ངས་སྐད་ཆ་འདྲི་རྒྱུ་བྱུང་། མང་ཆེ་བ་ཞིག་ཕྱིར་ལོག་འགྲོ་བཞིན་འདུག སློབ་ཕྲུག་སོ་སོར་མཚོན་ན་འདུག་སྡོད་ཡོད་ཀྱང་། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་སྲིད་བྱུས་ཀྱི་དཀའ་ངལ་འོག་ནས། ནང་གི་ཕ་མ་གཉིས་ལ་བྱིས་པ་ཁོ་རང་གཅིག་པུ་ལས་མེད་ཟེར་མཁན་དེ་འདྲ་རེད། གཉིས་ནས་ཨ་རིར་སློབ་སྦྱོང་བྱས་པའི་ལག་འཁྱེར་དེའི་ཐོག་ནས་རྒྱ་ནག་ནང་ལས་ཀ་ཡག་པོ་རག་གི་ཡོད་ས་རེད། ཁོ་ཚོ་མང་པོ་ཞིག་ཕྱིར་རྒྱ་ནག་ནང་ལོག་ན་ཤུགས་རྐྱེན་གང་འཚམ་ཐེབས་ཀི་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཐེ་ཝན་གྱི་སྲིད་འཛིན་ཟུར་བ་ཁྲིན་ཧྲི་ཕིན་ལ་མཚོན་ན། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་འོག་ནས་ད་ལྟ་བཙོན་ཁང་དུ་ཡོད་པ་རེད། རྒྱ་ནག་ལ་དེ་འདྲ་ཉུང་ཉུང་རེད། རྒྱ་རིགས་ཡིན་པ་གཅིག་པ་ཡིན་པ་གང་ཞིག་ལ་ཐེ་ཝན་དུ་དམངས་གཙོ་ལག་ལེན་བསྟར་ཐུབ་ན་རྒྱ་ནག་ནང་ཅིའི་ཕྱིར་མ་ཐུབ་པ་རེད་ཟེར་བའི་དྲི་བ་འདི་རང་བཞིན་གྱིས་ཡོང་གི་ཡོད་པ་རེད། རྒྱ་རིགས་མང་པོས་ནུབ་ཕྱོགས་ནས་སློབ་སྦྱོང་བྱས་རྗེས་ཕྱིར་རྒྱ་ནག་ནང་ལོག་སྟེ་རིམ་པའི་གོ་གནས་དང་དབང་ཆ་ཡང་གང་འཚམ་རག་ཡོང་སྐབས། རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞི་ཁྱོན་ཡོངས་ལ་འགྱུར་བ་གཏོང་དཀའ་ན་ཡང་། སྤྱི་ཚོགས་ཅུང་གུ་ཡངས་སུ་འགྲོ་བར་ཏན་ཏན་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག
དྲི་བ། ཕྱི་རྒྱལ་ཁག་ཏུ་རྒྱ་རིགས་སློབ་གཉེར་བ་ཡོད་པ་དེ་དག་ལ་རྒྱ་ནག་གི་ཞེན་ཁོག་ཆེན་པོ་ཡོད་པ་ཡོངས་གྲགས་རེད། ཡིན་ནའང་ཆབ་སྲིད་དང་ཤེས་ཡོན། སྤྱི་ཚོགས་བཅས་ཀྱི་ཐད་ནས་ད་ལྟའི་རྒྱ་ནག་ལ་ལྟ་སྟངས་གང་འདྲ་འདུག
ལན། རྒྱ་ནག་དེ་ཆབ་སྲིད་ཀྱི་ཐད་ནས་སྲིད་དབང་གཅིག་སྡུད་རེད་ཟེར་བ་དང་། རིག་གཞུང་དང་སྤྱི་ཚོགས་ཀྱི་ཐད་ནས་ཀྱང་འགྲོ་སྟངས་འགྲིག་གི་མེད་པའི་ཚོར་བ་ཤུགས་ཆེན་པོ་ཡོང་གི་ཡོད་ས་རེད། དཔེར་ན། ད་ཆར་ཕྱི་ཕྱོགས་ཀྱི་རྒྱ་རིགས་མང་པོ་ཞིག་གིས་དེ་སྔའི་ཀྲུང་གོའི་རིག་གནས་ཉམས་ཚར་འདུག་ཟེར་ནས་སྐད་ཤོར་གྱི་ཡོད་པ་རེད། དངོས་གནས་བྱས་ན་རྒྱ་ནག་གི་གདོད་མའི་ཁུང་ཙི་དང་རུའུ་ལུགས་ཀྱི་ལྟ་གྲུབ་ལ་བརྩི་མཐོང་ཆེན་པོ་བྱེད་དགོས་ཀྱང་ད་ལྟ་དེ་ཁྱོན་ནས་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཁག་ཏུ་ཁུང་ཙིའི་ལྟེ་གནས་མང་པོ་ཞིག་བཙུགས་ཡོད་པ་དེར་རྒྱ་རིགས་ཚོས་ཡིད་ཆེས་དང་དགའ་མོ་བྱེད་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། དངོས་གནས་བྱས་ན་ལྟེ་གནས་ཁང་དེ་དག་གིས་ཁུང་ཙི་སོགས་ཀྱི་ལྟ་གྲུབ་དེ་དག་རྒྱུན་འཛིན་དར་སྤེལ་བྱེད་དགོས་ཀྱང་། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་དང་ཕྱི་ལོགས་ཀྱི་རྒྱ་ནག་དང་ལྟ་བ་མི་མཐུན་མཁན་ཚོར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་རྒྱ་རིགས་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་རེད། ལྷག་པར་དུ་ད་ལྟ་རྒྱ་ནག་གཞུང་དེ་གུང་ཁྲན་ཏང་གིས་སྣེ་འཁྲིད་པའི་མ་རྩ་རིང་ལུགས་ཤིག་ཆགས་བསྡད་ཡོད་པ་རེད།
དྲི་བ། རྒྱ་ནག་ནང་ཁུལ་གྱི་སློབ་གྲྭ་ཆེ་ཁག་དང་ཤེས་ཡོན་པའི་ཁོར་ཡུག་ནང་། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་ལ་བགྲོ་གླེང་གཏམ་བཤད་དེ་འདྲ་ཡོང་ཐུབ་ཀྱི་ཡོད་དམ།
ལན། བོད་དང་ཡུ་གུར་གྱི་གནད་དོན་ཐོག་ཡོངས་གྲགས་ཀྱི་བགྲོ་གླེང་དེ་འདྲ་གོ་སྒྲིག་བྱེད་མཁན་དང་། དེའི་ཐོག་སྐད་ཆ་ཤོད་མཁན་གཉིས་ཐད་ནས་དཀོན་པོ་ཡོད་རྒྱུ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ན་ནིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་བྱུང་སྟེ་ལོ་ ༢༥ འཁོར་སྐབས། ཤེས་ཡོན་པ་ཁ་ཤས་ཀྱིས་བགྲོ་གླེང་གནང་བར་དཀའ་རྙོག་ཆེན་པོ་བྱུང་བ་རེད། ཡིན་ནའང་སློབ་གྲྭ་ཆེན་མོ་དེ་འདྲའི་ནང་ལོགས་ཀྱི་གནས་ཚུལ་ང་ཚོས་ཤེས་ཐུབ་ཀྱི་ཡོད་པ་མ་རེད། ཤེས་ཡོན་པ་སྒེར་བ་སོ་སོའི་ངོས་ནས་སྐད་ཆ་ཤོད་མཁན་དང་རྩོམ་ཡིག་སྤེལ་མཁན། དེབ་འབྲི་མཁན་དེ་འདྲ་མང་པོ་ཞིག་ཡོང་གི་ཡོད་པ་རེད།
དྲི་བ། ཕྱི་རྒྱལ་ཁག་གི་རྒྱ་རིགས་ཤེས་ཡོན་པའི་ཁྲོད་བོད་དོན་ལ་རྒྱབ་སྐྱོར་བྱེད་ཕྱོགས་རིགས་གཉིས་རེད། ཁག་ཅིག་གིས་བོད་རང་བཙན་དང་། ཁག་ཅིག་གིས་དབུ་མའི་ལམ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་དགོངས་པ་བཞེས་ཕྱོགས་གཙོ་བོ་གང་ལ་མཐོང་གི་ཡོད་དམ།
ལན། ང་རང་འབྲེལ་བ་ཆགས་སའི་བྱང་ཨ་རི་ཁུལ་དུ་རྒྱ་རིགས་ཁག་ཅིག་གིས་བོད་པ་ཚོས་རང་བཙན་རྩོད་དགོས་པ་རེད། བོད་རང་བཙན་དེ་བོད་མི་ཚོའི་ཐོབ་ཐང་རེད་ཟེར་མཁན་ཡོད་པ་རེད། གྲངས་ཀ་ཉུང་ཉུང་རེད། དེའི་ནང་དུ་རིགས་གཉིས་ཡོང་གི་འདུག རིགས་གཅིག་གིས་ང་ཚོ་ངོ་ཤེས་པ་ནས་ད་ལྟའི་བར་དུ་མཐའ་གཅིག་ཏུ་རང་བཙན་ཤོད་སྡོད་ཀྱི་འདུག རིགས་གཅིག་གིས་རླུང་ཕྱོགས་ལ་བལྟས་ཏེ་གྲུ་གཏོང་གི་འདུག ཚུར་ཐུག་དུས་དེ་ལ་རན་པོ་ཞིག་དང་། ཕར་ཐུག་དུས་དེ་ལ་འདྲ་བོ་ཞིག་ཤོད་ཀྱི་འདུག དུས་དང་རྣམ་པ་ཀུན་དུ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་དངོས་གནས་དྲང་གནས་རྒྱ་ནག་གཞུང་ལ་ཞེན་པ་གཏིང་ནས་ལོག་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་དྲང་བདེན་གྱི་ཐོག་ནས་ཁ་གྲགས་མཁན་དེ་འདྲ་རེད་བསམ་གྱི་འདུག དེ་ཚོ་རྩ་ཆེན་པོ་ཞེ་དྲག་རེད།
དྲི་བ། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་རིགས་ཤེས་ཡོན་ཅན་དེ་ཚོས། ཁོ་རང་ཚོའི་རྒྱ་རིགས་སྤྱི་ཚོགས་ནང་བོད་དོན་སྐོར་བཤད་རྒྱུའི་གོ་སྐབས་རག་གི་ཡོད་དམ།
ལན། གནས་ཚུལ་འདི་ང་ཚོས་ཤུགས་རྒྱག་ས་གཙོ་བོ་ཞིག་རེད། བོད་པ་ཞིག་གིས་རྒྱ་རིགས་ཚོར་སྐད་ཆ་བཤད་པ་དང་། རྒྱ་རིགས་ཤིག་གིས་བཤད་པ་གཉིས་སེམས་ཀྱི་ཚོར་བ་འདྲ་གི་མ་རེད། ད་ལྟ་གང་ལ་གང་འཚམ་ཞིག་ཡོང་གི་འདུག དཔེར་ན། ཁྲིན་པོ་ཁུང་དང་། ལེ་ཅིང་ལིན། ཏིན་ཡིས་ཧྥའུ་སོགས་ཀྱིས་རྒྱ་རིགས་སྤྱི་ཚོགས་ནང་སྔ་རྗེས་ཐེངས་མང་པོར་བོད་དོན་ཐོག་སྐད་ཆ་བཤད་པ་རེད། ནེའུ་ཡོག་ཧྲི་ཨར་ལུང་ཟེར་བ་ཞིག་ཡོད་པ་རེད། དེའི་སློབ་ཕྲུག་མང་ཆེ་བ་པེ་ཅིན་སློབ་ཆེན་གྱི་སློབ་ཕྲུག་རེད། ཁོ་རང་ཚོས་སྔར་ལོའི་ཕྱི་ཟླ་ ༤ པའི་ནང་དུ་ ‘ཨ་རིའི་གསང་བའི་ལས་ཁུངས་དང་བོད་དོན’ ཟེར་བའི་བགྲོ་གླེང་ཞིག་བསྐོངས་པ་རེད། དེར་ལེ་ཅིང་ལིན་གཏམ་བཤད་དུ་སྐད་བཏང་བ་རེད། སྐབས་དེར་མོ་རང་གིས་སྔོན་མ་བོད་དོན་སྐོར་ལ་བྲིས་པའི་དེབ་དང་རྩོམ་ཡིག་སོགས་དང་འབྲེལ་ནས་བོད་དོན་སྐོར་ལ་དྲི་བ་ཧ་ཅང་མང་པོ་ཞིག་བཏང་ཡོད་ས་རེད།
དྲི་བ། སྐུ་ཉིད་ཀྱིས་དུས་ཡུན་རིང་པོར་རྒྱ་རིགས་ཚོར་འབྲེལ་བ་གནང་བའི་ཉམས་མྱོང་ལས། མ་འོངས་པར་རྒྱ་རིགས་ཚོར་འབྲེལ་བ་འཛུགས་སྟངས་ཐད་ཐབས་ལམ་གང་དག་མཐོང་གི་འདུག
ལན། ཐབས་ལམ་གལ་ཆེ་ཤོས་གཅིག་སྤྱི་ཚོགས་དྲ་རྒྱ་རིགས་ཆགས་འདུག་བསམ་གྱི་ཡོད། ད་ལྟ་ང་ཚོར་འབྲེལ་བ་ཡོད་པ་དེ་ཧ་ཅང་ཉུང་ཉུང་ཞིག་རེད། རྒྱ་རིགས་དུང་ཕྱིར་བཅུ་གསུམ་ནང་གོ་རྟོགས་སྤེལ་རྒྱུར། སྤྱི་ཚོགས་དྲ་ལམ་ཁག་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཉིས་པ། རྒྱ་རིགས་རྒྱ་རིགས་ནང་ཁ་བསློགས་ཏེ་བོད་དོན་སྐད་ཆ་བཤད་ཐབས་དང་། གསུམ་པ། རྒྱ་རིགས་གཞོན་སྐྱེས་དང་བོད་རིགས་གཞོན་སྐྱེས་བར་འབྲེལ་བ་འཛུགས་ཐུབ་བྱ་རྒྱུ་དེ་རེད། ང་ཚོས་དེའི་ཐད་དུ་ད་ལོ་བྱང་ཨ་རི་ཁུལ་གྱི་བོད་པའི་ཕྲུ་གུ་རྒྱ་ཡིག་ཕྲན་བུ་ཤེས་མཁན་ཁག་ཅིག་དྷ་རམ་ས་ལར་སྐད་བཏང་སྟེ་བོད་མིའི་སྒྲིག་འཛུགས་དང་། སློབ་གྲྭ་དང་དགོན་སྡེ་ཁག་གི་སྐོར་ལ་ཟབ་སྦྱོང་ཞིག་སྤྲོད་རྒྱུའི་འཆར་གཞི་ཡོད། དེ་གང་ཡིན་ཟེར་ན། ད་ལྟ་ང་ཚོར་རྒྱ་རིགས་ཚོར་སྐད་ཆ་བཤད་ས་རག་ཀྱང་། ཡག་པོ་ཞིག་བཤད་ཐུབ་མཁན་ཉུང་ཉུང་རེད། དེ་ནས་རྒྱ་རིགས་སློབ་ཕྲུག་གང་ཐུབ་ཐུབ་ཚུར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལྟ་སྐོར་དུ་འཁྲིད་ཡོང་རྒྱུ་སོགས་ལ་འབད་བརྩོན་བྱེད་ཀྱིན་ཡོད་པ་རེད།
དྲི་བ། རྒྱ་ནག་གཞུང་གིས་ད་ལྟ་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་རེད། དེས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་ཕན་གནོད་གང་འདྲ་ཡོད།
ལན། དྲི་བ་འདི་ལ་ངས་ལན་ཏག་ཏག་ཅིག་ལབ་ཐུབ་ཀྱི་མི་འདུག སྒེར་གྱི་དྲན་ཚོད་ཙམ་ཞུས་ན། ཞི་ཅིན་ཕིན་སྲིད་འཛིན་དུ་བསླེབས་རྗེས་ལྐོག་ཟ་དང་འཆར་ལྡན་བུ་སྐྱེས་སོགས་སྲིད་བྱུས་མང་པོ་ཞིག་ལ་སྔར་བྱུང་མ་མྱོང་བའི་འགྱུར་བ་བཏང་པ་རེད། དེ་དག་གིས་ཕུགས་ལ་གནོད་པ་ལས་ཕན་ཐོགས་ཆེ་བ་ཡོང་གི་རེད་བསམ་གྱི་འདུག ནམ་ཞིག་བོད་དོན་ཐོག་སྐད་ཆ་བཤད་རྒྱུ་ཞིག་བྱུང་ན་ཁོ་རང་གིས་ཐག་གཅོད་བྱེད་རྒྱུར་སྟབས་བདེ་རུ་ཕྱིན་ཡོད་པ་རེད། གང་ཡིན་ཟེར་ན། ཁོས་ཚོགས་ཆུང་གལ་ཆེན་པོ་གཉིས་གསར་འཛུགས་བྱས་ཡོད་པ་རེད། རྒྱལ་ཡོངས་བསྒྱུར་བཅོས་ལྷན་ཚོགས་དང་། རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་གཉིས་རེད། དེ་གཉིས་གལ་ཆེན་ཇི་ལྟར་ཆགས་ཡོད་ཟེར་ན། སྔོན་ཆད་རྒྱ་ནག་གི་དབང་ཆ་མཐོ་ཤོས་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་མི་བདུན་དེ་རེད། གནད་དོན་ཡོངས་རྫོགས་ཁོ་ཚོས་ཐག་གཅོད་བྱེད་དགོས་ཀྱི་ཡོད། དེ་ལ་དཀའ་ངལ་ཞིག་ཡོད་པ་ཞི་ཅིན་ཕིན་གྱིས་ཚོར་ཏེ་གོང་གི་ལྷན་ཚོགས་དེ་གཉིས་བཙུགས་པ་རེད། ལྷན་ཚོགས་འདི་གཉིས་ཀྱི་དབང་ཆ་དེ་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་ལས་མཐོ་བ་ཡོད། དེར་བརྟེན། གནད་དོན་ག་རེ་ཡིན་ཡང་ཐག་གཅོད་བྱེད་བདེ་བ་ཡོད་པ་རེད། ཚོགས་ཆུང་དེ་དག་བརྒྱུད་དེ་ཉེ་ལམ་མི་བཞི་ཤོག་ཤག་གསར་པ་ཟེར་བའི་པོ་ཞི་ལེ་དང་། ཀྲུའུ་ཡོང་ཁང་། ཞི་ཚད་ཧོ། ལིན་ཅི་ཧྭ་སོགས་འཛིན་བཟུང་ཐུབ་པ་རེད། དེ་མ་གཏོགས་མི་དེ་དག་ལ་ལག་པ་འཆིང་ཁག་པོ་རེད། ནམ་ཞིག་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་བྱུང་སྐབས་ཀྱང་སྟབས་བདེ་བོ་ཡོད་པ་རེད་བསམ་གྱི་འདུག གང་ལྟར་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ཞོར་དུ་ཁོ་རང་གི་དབང་ཤུགས་བརྟན་པོ་བཟོ་བཞིན་ཡོད་པ་རེད་བསམ་གྱི་འདུག
དྲི་བ། སྲིད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་སྲིད་འཛིན་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་དེ། ལྒོག་ཟ་རུལ་སུངས་ཀྱི་གནད་དོན་ཞིག་མིན་པར། དམར་ཤོག་ཚོགས་པ་བརྟན་བརླིང་དང་ཞི་ཅིན་ཕིན་གྱི་དབང་ཤུགས་ཆེ་རུ་གཏོང་ཆེད་ཡིན་སྐོར་རྗོད་ཀྱིན་པའི་ཐོག་གཟིགས་ཚུལ་ག་འདྲ་ཡོད།
ལན། བདེན་པ་རེད། འདི་ལ་ལྟ་ཚུལ་གཉིས་ཡོང་གི་ཡོད་པ་རེད། རིགས་གཅིག་གིས་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་དེ་ལྐོག་ཟ་རུལ་སུངས་མིང་དང་། དབང་ཆའི་འཐབ་རྩོད་དོན་རེད་ཟེར་གྱི་ཡོད་པ་རེད། རིགས་གཞན་པ་ཞིག་གིས་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་དེ་ཁ་ཞེ་གཉིས་མེད་རེད་ཟེར་གྱིན་ཡོད། རྒྱ་རིགས་དཔྱད་བརྗོད་པ་ལི་ཁྲེང་གིས། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་དེ་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་རང་ལ་ངོས་འཛིན་བྱེད་དགོས་པ་རེད། ཡིན་ནའང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ཞོར་དུ་དབང་ཆའི་འཐབ་རྩོད་ཀྱང་ཡོད་པ་རེད་ཅེས་ལབ་འདུག ང་རང་བཤད་སྟངས་དེར་མོས་མཐུན་ཡོད། ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་དེ་སྔར་བྱུང་མ་མྱོང་བ་ཞིག་རེད། སྔོན་ཆད་སྦྲང་མ་ལ་མ་གཏོགས་སྟག་རྒན་ཚོར་ལག་པ་འཆིང་ཐུབ་ཀྱི་ཡོད་པ་མ་རེད།
དྲི་བ། ཆབ་སྲིད་དཔྱད་རྩོད་པ་མང་པོ་ཞིག་གིས་ད་ལྟའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཁྲོད་ལྟ་བ་མཁྲེགས་འཛིན་པའི་ཤོག་ཁག་ཅིག་དང་། ཅུང་གུ་ཡངས་ཀྱི་ཤོག་ཁག་ཅིག་གླེང་སློང་གི་ཡོད་པ་དེ་གཉིས་ཀྱི་ཕྱོགས་གཏོགས་དང་རྒྱབ་རྩ་ཇི་ལྟར་དབྱེ་བ་འབྱེད་དགོས།
ལན། གནས་ཚུལ་འདི་ཐག་གིས་བཅད་ནས་བཤད་ཐུབ་ཀྱི་མི་འདུག ཡོངས་གྲགས་སུ་གཡས་ཕྱོགས་པ་དང་གཡོན་ཕྱོགས་པ་ཟེར་བ་དང་། རྙིང་ཞེན་པ་དང་བཅོས་བསྒྱུར་བ། ཡང་ན། གུ་ཡངས་རིང་ལུགས་པ་དང་ཐལ་སྤྱོད་རིང་ལུགས་པ་ཞེས་ཟེར་བ་སོགས་རེད། ད་དུང་རྒྱལ་སྲས་ཚོགས་ཁག་ཟེར་བ་ཞིག་ཀྱང་ཡོང་གི་འདུག འདི་མའོ་ཙེ་ཏུང་གི་སྐབས་ནས་དབང་ཆ་བཟུང་མྱོང་བའི་མི་རྒྱུད་དེ་རེད། ཅང་ཙེ་མིན་དང་ཀྲུའུ་ཡོང་ཁང་སོགས་ཧྲང་ཧེ་ཕྱོགས་གཏོགས་དེ་མཁྲེག་འཛིན་ཤོག་ཁག་དང་། སྔོན་མ་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝུན་ཅ་པའོ་གུ་ཡངས་ཤོག་ཁག་ལ་ངོས་འཛིན་བྱས་པ་རེད། ད་ལྟ་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་སོགས་གུ་ཡངས་ཤོག་ཁག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཆབ་སྲིད་དབྱེ་ཞིབ་པ་ཚོས་བཤད་སྟངས་མ་འདྲ་བ་རེད། གང་ཡིན་ཟེར་ན་ཁག་ཅིག་གིས་ཞི་ཅིན་ཕིན་རྒྱལ་སྲས་ཚོགས་ཁག་རེད། ཁོའི་ཨ་ཕ་ཞི་ཀྲུང་ཞོན་སྔོན་ཆད་རྒྱ་ནག་གི་མགོ་ཁྲིད་མཐོ་བོ་ཞིག་རེད་ཟེར་གྱི་ཡོད། བསྒྱུར་བཅོས་ཤོག་ཁག་གིས་རྒྱ་ནག་གི་དཔལ་འབྱོར་དེ་མཐའ་གཅིག་ཏུ་བཅོས་བསྒྱུར་གཏོང་དགོས་ཀྱི་འདུག་ཟེར་གྱིན་ཡོད་པ་རེད། མཁྲེགས་འཛིན་ཤོག་གིས་གནས་ཚུལ་ཆེ་ཆུང་གཉིས་ཀར་དྲག་རྡུང་གིས་ཐག་གཅོད་བྱེད་དགོས་ཟེར་གྱིན་ཡོད་པ་རེད།
དྲི་བ། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ལིན་ཅི་ཧྭ་ཉེ་ཆར་ཞིབ་བཤེར་བྱེད་བཞིན་ཡོད་པ་གསལ་བསྒྲགས་བྱས་སོང་། ཁོ་རང་གི་གྱོད་དོན་དེ་ལྐོག་ཟ་རུལ་སུངས་ལས། བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་འབྲེལ་བ་ཡོད་དམ།
ལན། ལིན་ཅི་ཧྭ་ལ་ཞིབ་བཤེར་བྱས་པ་དེ་བོད་དང་ཡུ་གུར་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ལིན་ཅི་ཧྭ་གོ་གནས་མཐོན་པོ་དེ་འདྲ་ཞིག་ལ་བསླེབས་དོན་དེ། ལྷ་སའི་སྐད་ཅིག་བེད་སྤྱོད་བཏང་ན། ལིན་ཅི་ཧྭ་ཧུའུ་ཅིན་ཐོ་ཡི་སྙིང་གི་ཚིལ་ལུ་རེད། སྔོན་མ་ཁོ་རྒྱ་ནག་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་རེད། ཧུའུ་ཅིན་ཐའོ་ལ་འབྲེལ་བ་ཞིག་བྱེད་དགོས་ན་ཁོ་མ་བརྒྱུད་པར་ལམ་ཁ་ཡོད་པ་མ་རེད། ཡིན་ནའང་རྗེས་སུ་ཁོ་འཐབ་ཕྱོགས་གཅིག་འགྱུར་གྱི་འགན་འཛིན་དུ་བཏང་བ་དེ་རིམ་པ་མང་པོ་ཞིག་མར་ཟེགས་པ་རེད། འཐབ་ཕྱོགས་གཅིག་གྱུར་དུ་མ་བཏང་སྔོན་ནས་ཁོའི་ཐོག་གླེང་སློང་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན། ལིན་ཅི་ཧྭ་དེ་ལྐོག་ཟ་རུལ་སུངས་རང་རེད་མ་གཏོགས་བོད་དོན་སོགས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་འབྲེལ་བ་ཡོད་པ་མ་རེད་བསམ་གྱི་འདུག
བཅར་འདྲི་བྱེད་མཁན། དོན་འགྲུབ་བཀྲ་ཤིས་ཡིན།
ཁ་སང་དེ་རིང་ཚ་ཚ་འུར་འུར་བྱེད་བཞིན་པའི་རྒྱ་ནག་གཞུང་གི་ཀློག་ཟ་རུལ་སུངས་སྐོར་ལ་ད་དུང་དྲི་བ་མང་ཙམ་བཏང་ཡོད་ན་ཅི་མ་རུང་བསམ་པའི་ཚོར་སྣང་ཞིག་བྱུང་སོང་།
དྲི་བ་དྲིས་ལེན་ཧ་ཅང་ཡག་པོ་གནང་འདུག་ཐུགས་རྗེ་ཆེ། ཁ་རྒྱག་པ་་བཤད་དེ་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པ་རྒྱ་ནག་ལ་གང་བྱུང་སྐྱོན་བརྗོད་བྱེད་འདུག་པ་ལས། རྒྱ་ནག་སྐོར་ལ་རྒྱུས་མྱོང་གཏིང་ཟམ་མོ་ཡོད་པ་དང་། ལྷག་པར་དུ་ཕྱི་ཕྱོགས་ཀྱི་རྒྱ་རིགས་བློ་གཟུ་བོར་གནས་བ་ཚོ་དང་འགྲོགས་འདྲིས་ཆེན་པོ་ཡོད་མཁན་དེ་ཚོས་བཀའ་མོལ་ཞིག་གནང་བ་ཡིན་ན་དོན་དག་ཁ་གསལ་བ་དང་གནད་དུ་འཁེལ་བ་ཁྱོན་ནས་མ་འདྲ་བ་ཞིག་འདུག