བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་གནང་།

གཟའ་ཕུར་བའི་ཉིན་གྱི་དགོང་མོ་རྔ་པ་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བུའི་བུད་མེད་ནོར་ཕྱུག་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་གསར་དུ་ཤེས་རྟོགས་བྱུང་འདུག དེ་རིང་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། བོད་ལུགས་ཆོ་འཕྲུལ་དུས་ཆེན་ཉིན་ཏེ། ཕྱི་ཟླ་ ༣ ཚེས་ ༥ ཉིན་གྱི་མཚན་མོར། བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་བུད་མེད་ནོར་ཕྱུག་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག འདི་གར་འབྱོར་བའི་གནས་ཚུལ་ལྟར་ན། ནོར་ཕྱུག་ལགས་རང་ལོ་ ༤༧ ཡིན་ཞིང་། དྷི་ཕུ་དགོན་གྱི་ལྷ་སྡེ་མ་ཎི་སྐྱབས་ཚང་གི་ཕ་ཚེ་བདག་དང་། མ་འོད་སྒྲོན་གཉིས་ཀྱི་བུ་མོ་ཡིན་པ་དང་། ཁྱོ་གའི་མིང་ལ་དཔལ་རྩལ་ཟེར་ཞིང་ཁོང་གཉིས་ལ་བུ་ཕུན་ཚོགས་དང་། བུ་མོ་མང་ག བུ་མོ་ཚེ་འཛིན་སྐྱིད་བཅས་བུ་བུ་མོ་གསུམ་ཡོད་འདུག་ལ། ཁོང་མོས་ལོ་ཤས་གོང་ནས་༸གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་དམིགས་ཏེ་དམར་ཟས་རྩ་བ་ནས་སྤངས་ཡོད་འདུག ཁོང་མོས་མཚན་མོ་དེར་རང་ལུས་མེར་བསྲེགས་བཏང་བ་ཡིན་སྟབས་སྐུ་ཕུང་རྒྱ་ལག་ཤོར་མེད་ནའང་རྒྱ་གཞུང་གིས་བཙན་འཕྲོག་བྱེད་པར་དོགས་ནས་ཕྱི་ཚེས་ ༦ ཉིན་སྔ་དྲོ་ཕ་ཡུལ་གཅིག་པའི་མི་མང་གིས་འཕྲལ་དུ་ཞུགས་འབུལ་ཞུས་ཡོད་ཅིང་།  ད་ཆ་ས་གནས་ཉེན་རྟོགས་པས་དམ་དྲག་བྱེད་བཞིན་ཡོད་པས་དེ་ལས་ལྷག་པའི་ཞིབ་ཕྲའི་གནས་ཚུལ་ཅི་ཡིན་ཤེས་རྟོགས་མ་བྱུང་། ཁོང་མོ་རྔ་པ་རྫོང་ཁོངས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ ༣༧ པ་དང་། རྔ་པ་རྫོང་ཁོངས་ནས་བུད་མེད་རང་ལུས་མེར་བསྲེགས་གནང་མཁན་ ༥ པ་དེ་ཆགས་ཡོད་འདུག ཅེས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།