ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཐེག་དམན་གྱི་རྒྱལ་སྤྱིའི་ནང་པས་སངས་རྒྱས་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་སུམ་འཛོམས་གཞུང་འབྲེལ་ཐོག་སྲུང་གཙི་ཞུས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཊལ་ཀཱ་ཊོ་ར་ (Talkatora Stadium)ཚོགས་རྭའི་ནང་། རྒྱ་གར་གྱི་པཱ་ལི་ཆོས་བརྒྱུད་འཛིན་པའི་ཐེག་དམན་གྱི་རྒྱལ་སྤྱིའི་ནང་བསྟན་མཐུན་ཚོགས་དང་། རྒྱ་གར་དབུས་རིག་གཞུང་ལྷན་ཁང་གཉིས་ཀྱི་གོ་སྒྲིག་འོག སྟོན་པ་ཤཀྱ་ཐུབ་པ་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་སུམ་འཛོམས་གཞུང་འབྲེལ་ཐོག་སྲུང་གཙི་གནང་ཡོད་པ་དང་། མཛད་སྒོའི་ཐོག་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་དབུས་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་སྲིད་བློན་ན་རན་ཌ་མུ་དྷི་མཆོག་དང་། ནང་སྲིད་བློན་ཆེན་གཞོན་པ་ཀེ་རན་རི་ཅི་ཇུ་(Kiren Rijiju)མཆོག དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ཀྱིས་དབུས་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་མཆོག་སོགས་ལྡི་ལིའི་དོན་གཅོད་ཁག་གི་སྐུ་ཚབ་དང་། ཐེག་པ་ཆེ་ཆུང་གི་གཞུང་ལུགས་འཛིན་པའི་དགེ་འདུན་པ། དེ་བཞིན་མི་མང་བཅས་ཁྱོན་མི་གྲངས་ ༤༠༠༠ ལྷག་འཛོམས་གནང་ཡོད་པ་དང་། དེའི་ནང་ཁྱོན་བོད་མི་ ༡༢༣༠ ཙམ་མཉམ་ཞུགས་གནང་ཡོད་འདུག
མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཐེག་པ་ཆེ་ཆུང་ལུགས་ཀྱི་སྨོན་ལམ་གསུང་འདོན་དང་རིག་གཞུང་གཟིགས་འབུལ་སོགས་གནང་རྗེས། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུག་གི་མཛད་པ་འཕྲིན་ལས་སྐོར་གཏམ་བཤད་གནང་ཡོད་པ་དང་། སྔ་དྲོའི་ཆུ་ཚོད་ ༡༡ ཐོག་སྲིད་བློན་ན་རན་ཌ་མུ་དྷི་མཆོག་མཛད་སྒོའི་ཐོག་ཕེབས་ཏེ་དུས་དྲན་དབུ་འཛུགས་གནང་ཡོད་ཅིང་། སྲིད་བློན་མུ་དྷི་མཆོག་གིས་མར་མེ་ཞལ་འབྱེད་དང་འབྲེལ་ཐེག་པ་ཆེ་ཆུང་ལུགས་ཀྱི་སྨོན་ལམ་གསུང་འདོན་དང་། ཉེ་སྔོན་བྱུང་བའི་བལ་ཡུལ་གྱི་ས་ཡོམ་གོད་ཆག་གིས་གཙོས་འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་འབྱུང་བས་གནོད་སྐྱོན་བྱུང་བར་མྱ་ངན་གུས་འདུད་དང་བསྔོ་སྨོན་གནང་ཡོད་པ་དང་། གཞན་ཡང་། སྐུ་མགྲོན་གཙོ་བོ་མཆོག་ནས་ཐེག་པ་ཆེ་ཆུང་གི་གཞུང་ལུགས་མཁས་པ་ ༤ ལ་དམིགས་བསལ་ཆེད་བསྟོད་ཀྱི་གཟེངས་རྟགས་གནང་ཡོད་པ་དང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་སྲིད་བློན་མུ་དྷི་མཆོག་ལ་ཐང་ཀ་ཞིག་དང་སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཕྱག་དེབ་ཅིག་བཅས་ཕྱག་རྟགས་སུ་ཕུལ་ཡོད་འདུག
སྲིད་བློན་མུ་དྷི་མཆོག་གིས་དུས་ཆེན་གྱི་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ཤོད་བཞིན་པའི་བྱམས་དང་སྙིང་རྗེ་སོགས་ལོ་ངོ་ ༢༥༠༠ ཡར་སྔོན་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ་གསུངས་ཟིན་པ་དང་། ཁོང་གིས་གསུངས་བའི་བྱམས་དང་སྙིང་རྗེ་སྐབས་དེ་དུས་སུ་རན་པོ་ཡོད་པ་མ་ཟད། ད་ལྟ་དུས་རབས་ཉེར་གཅིག་པའི་ནང་དུའང་སྔར་ལྷག་གིས་རན་པོ་དང་གལ་ཆེན་པོ་ཆགས་ཡོད་སྟབས། འཛམ་གླིང་ཁྱོན་ཡོངས་ནས་དུས་རབས་ཉེར་གཅིག་པ་ནི་ཨེ་ཤ་ཡའི་དུས་རབས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་ལྟར། ལོ་ངོ་ ༢༥༠༠ ལྷག་གི་ཡར་སྔོན་དུ་བསྩལ་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་གསུང་གིས་ཨེ་ཤ་ཡའི་མི་རྣམས་ལ་སྐུལ་སློང་དང་ལམ་སྟོན་གནང་སྟེ། འཛམ་གླིང་སྤྱི་ཡོངས་ཀྱི་རྙོག་དྲ་དང་འཁོན་སེམས་སེལ་བའི་ཐབས་ལམ་བསྐྲུན་དགོས་སྐོར་དང་། སྲིད་བློན་ཁོང་གི་འཁྲུངས་ཡུལ་དུ་ནང་པའི་གནས་ཆེན་དང་ནང་པའི་ལྟེ་གནས་མང་པོ་ཡོད་པ་མ་ཟད། ཁོང་གིས་གྷོ་ཇི་ར་ཊི་མངའ་སྡེའི་བློན་ཆེན་གནང་སྐབས། ལས་ཁུངས་དང་བཞུགས་གནས་སོགས་སུ་སྟོན་པའི་སྐུ་བཞེངས་ཡོད་ལ། ད་ལྟ་སྲིད་བློན་གནང་སྐབས་སུའང་ནང་པའི་རྒྱལ་ཁབ་གང་དུ་ཕེབས་པ་ཡིན་ནའང་། ཡུལ་དེའི་ནང་པའི་ལྟེ་གནས་སམ་དགོན་པ་ཁག་ལ་གཟིགས་སྐོར་གནང་གི་ཡོད་པ་ལྟར། མི་འགྱངས་བར་ཁོང་རྒྱ་ནག་ནང་ཕེབས་སྐབས་ཀྱང་ནང་པའི་དགོན་པ་ཞིག་ལ་གཟིགས་སྐོར་དུ་ཕེབས་འཆར་ཡོད་སྐོར་སོགས་གསུངས་ཡོད་འདུག
འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དུས་ཆེན་སྲུང་གཙི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་དུས་ཆེན་སྲུང་གཙིའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཕྱི་ལོ་ ༡༩༥༦ ལོའི་ས་ག་ཟླ་བའི་ཚེས་ ༡༥ ལ་ཐེག་དམན་གྱི་ལུགས་ལྟར་གནས་མཆོག་རྡོ་རྗེ་གདན་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ། ༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་གདན་འདྲེན་ཞུའི་ཐོག སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༥༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས་ཡོད་པ་དང་། ཕྱིས་སུ་ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་གྱི་གཞུང་འབྲེལ་བཀོད་སྒྲིག་འོག སངས་རྒྱས་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་ ༢༥༠༠ ལྷག་འཁོར་བའི་དུས་དྲན་སྲུང་གཙི་ཞུས་ཡོད་སྟབས། ད་རེས་ཐེངས་ ༣ པ་དེ་ཆགས་ཡོད་པ་རེད། ཅེས་དང་།
ཡང་ཁོང་གིས། ད་ལོའི་དུས་ཆེན་སྲུང་གཙི་ཐེངས་ ༣ པ་དེ་མི་རྒྱུད་ནང་པ་ཡིན་པའི་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་ཀེ་རན་རི་ཅི་ཇུ་མཆོག་གིས་ཐུགས་འཁུར་བཞེས་ཏེ། ཐེག་དམན་གྱི་རྒྱལ་སྤྱིའི་ནང་པས་སངས་རྒྱས་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་མཛད་པ་རྣམ་གསུམ་གྱི་ཆེད་དུ་དུས་ཆེན་སྲུང་གཙི་ཞུ་དགོས་ཀྱི་འདུག་ཅེས་བཀའ་མོལ་རིམ་པ་མང་པོ་བྱུང་ཡོད་པ་དང་། ཕྱིས་སུ་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ནང་ཐེག་པ་ཆེ་ཆུང་གི་ཚོགས་པ་སྒྲིག་འཛུགས་ཡོངས་ཀྱི་མི་སྣ་གདན་འདྲེན་གྱིས་ཚོགས་འདུ་བསྐངས་བའི་ཐོག གཞུང་འབྲེལ་གྱི་ཐོག་ནས་དུས་ཆེན་སུམ་འཛོམས་སྲུང་གཙི་ཞུ་དགོས་ཀྱི་འདུག་ཅེས་ཐག་གཅོད་བྱུང་བ་ལྟར། ད་རེས་རྒྱ་གར་གཞུང་གིས་ཁྱོན་ཧིན་སྒོར་འབུམ་ ༣ ལྷག་གི་འགྲོ་སོང་བཏང་ཏེ། ཐེག་དམན་ལུགས་ཀྱིས་དུས་ཆེན་སུམ་འཛོམས་གཞུང་འབྲེལ་སྒོས་སྲུང་གཙི་གནང་བ་ཐེངས་དང་པོ་དེ་ཆགས་ཡོད་ལ། འདི་ལོ་གཅིག་པུར་སྲུང་གཙི་ཞུས་པ་ཙམ་མིན་པར་ལོ་ལྟར་འདི་བཞིན་སྲུང་གཙི་གནང་འཆར་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།
གཞུང་འབྲེལ་མཛད་སྒོ་གྲུབ་རྗེས། ཕྱི་དྲོར་རྒྱ་གར་གྱི་མཱ་ཧཱ་བྷོ་ཊི་ཚོགས་པ་(Maha Bodhi Society)སོགས་ནང་པའི་ལྟེ་གནས་ཁག་ཏུའང་དུས་ཆེན་སྲུང་གཙི་ཞུས་ཡོད་པ་དང་། དེ་བཞིན། ཉིན་དེར་ཧི་མ་ཅལ་མངའ་སྡེའི་སིམ་ལ་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་དང་སྤིར་དཔལ་སྤུངས་ཤེས་རབ་གླིང་སོགས་སུའང་དུས་ཆེན་སྲུང་གཙི་ཞུས་ཡོད་འདུག
གསར་འགོད་པ། པདྨ་མཚོ།
བོད་བརྒྱུད་ནང་བསྟན་རྗེས་འཇུག་པའི་ཡུལ་ལུང་ཙམ་མ་གཏོགས་འཛམ་གླིང་ནང་པའི་རྒྱལ་ཁབ་མང་ཆེ་བས་སྟོན་པ་ཤྰཀྱ་ཐུབ་པ་སངས་རྒྱས་པ་སོགས་དུས་ཆེན་གསུམ་འཛོམས་ནག་པ་ཟླ་བར་བརྩིས་ཀྱི་འདུག་པས་ཟླ་བ་གཅིག་གི་སྔ་རྟིང་ཡོད་དགོས་དོན་གང་ཡིན་ནམ།
ད་རྒྱ་གར་གཞི་ནས་གཉིད་སད་ཡོང་བགྱིད་ཡོད་པ་འདྲ་ཡག་པོ་རེད།