རྟའུ་རུ་སླར་ཡང་རང་ལུས་མེར་བསྲེགས་གནང་འདུག

ད་ལྟ་རང་འདི་གའི་གསར་ཁང་ལ་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༨།༠༠ ཙམ་ལ་ཁམས་རྟའུ་རྫོང་ཁང་སར་ཞང་ཐོག་ཏུ་བོད་མི་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག ས་གནས་མི་མང་ཚོས་བརྗོད་པ་ལྟར་ན། བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་དགོས་དོན། ཉིན་ཤས་སྔོན་ནས་བཟུང་ས་གནས་དེ་ཁུལ་དུ་རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་ཧ་ཅང་མང་པོ་བསླེབས་ཏེ། མང་ཚོགས་ལ་འཇིགས་སྐུལ་དཔུང་ངོམ་བྱས་པ་མ་ཟད། དོན་མེད་དུ་ས་གནས་བོད་མི་ཚོར་གང་བྱུང་ཉེས་རྡུང་བཏང་བ་སོགས་བྱུང་ཡོད་སྟབས། ཁོང་གིས་སྣང་ཚུལ་དེར་སེམས་ཀྱིས་མ་བཟོད་པར་ཞི་བའི་ཡ་ལན་གྱི་ཚུལ་དུ་རང་ལུས་མེར་བསྲེགས་གནང་བ་ཞིག་ཡིན་འདུག རྒྱལ་གཅེས་དཔའ་བསྟན་འཛིན་རྒྱ་མཚོ་ལགས་ནི། རྟའུ་རྫོང་ཁང་གསར་ཞིང་། ཁུ་ནན་གྲོང་པ་ནས་ཡིན་པ་དང་ད་ལྟ་རང་ལོ་ ༣༥ ཡིན་འདུག ཁོང་གི་སྐྱེས་དམན་གྱི་མིང་ལ་བསོད་ནམས་སྒྲོལ་མ་ཟེར་ཞིང་། ཁོང་བཟའ་མི་གཉིས་ལ་ཕྲུ་གུ་ ༤ ཡོད་པ་དག་ནི། སྟོབས་ལྡན་དང་ཐུབ་བསྟན། ཚེ་རིང་མཚོ་མོ། ཚེ་དབང་རྒྱ་མཚོ་བཅས་ཡིན་འདུག བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་ཤི་གསོན་གནས་ཚུལ་ད་དུང་ཤེས་རྟོགས་ཐུབ་མ་སོང་བས། གནས་ཚུལ་ཐོན་རིམ་བཞིན་ཁ་ཇེ་གསལ་དུ་གཏོང་ངེས་ཡིན། ཐེངས་འདི་ནི་ ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་ཚུན་ལ། ད་བར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ཤེས་རྟོགས་གསལ་བོ་བྱུང་བའི་བོད་མི་ ༡༣༩ པ་དེ་ཆགས་ཡོད་པ་རེད།  རིམ་པ་གཉིས་པ། ད་ལྟ་སླར་ཡང་གནས་ཚུལ་འབྱོར་བར། བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་ཁམས་རྟའུ་རྫོང་ཁང་སར་ཞང་གི་གཞུང་འབྲེལ་མི་སྣའི་ཚོགས་འདུ་ཚོགས་སའི་གཞུང་ལས་ཁང་གི་ཕྱི་རུ་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་ཉེན་རྟོག་པ་འབྱོར་ནས་མེ་གསོད་ཐབས་བྱས་ཏེ་འཁྱེར་ཡོད་སྟབས། དེའི་རྗེས་སུ་ཁོང་འདས་གསོན་དང་སྨན་ཁང་དུ་འཁྲིད་ཡོད་མེད་སོགས་ཤེས་རྟོགས་ཐུབ་མི་འདུག བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་དོན། རྟའུ་ས་ཁུལ་གྱི་བོད་མི་ཚོས་༧གོང་ས་མཆོག་དགུང་གྲངས་ ༨༠ བཞེས་པའི་སྐུའི་གྱ་སྟོན་སྲུང་གཙུ་བྱེད་སྲིད་པར་དོགས་ཏེ། ཉིན་ཤས་སྔོན་ནས་བཟུང་རྟའུ་རྫོང་དང་ས་གནས་ཞང་བཅས་ཀྱི་ལས་བྱེད་མི་སྣ་མཉམ་འབྲེལ་ཐོག་ས་གནས་བོད་རིགས་མང་ཚོགས་ཚོར་ཆབ་སྲིད་དྲིལ་བསྒྲགས་དང་། རྒྱལ་གཅེས་སྒྲིག་འཁུར་གྱི་སློབ་གསོ་ཤུགས་ཆེན་པོ་སྤེལ་ཡོད་པ་མ་ཟད། ཉིན་དེ་དག་རིང་ས་གནས་དེ་ཁུལ་གྱི་དགོན་གྲོང་གཉིས་དང་གཞུང་ལམ་སོགས་སུ། རྒྱ་གཞུང་གི་ཉེན་རྟོག་པ་དང་མེ་མདའ་དང་ལྕག་དབྱུག་ཐོགས་པའི་དམག་མི་མང་པོ་འབྱོར་ཏེ། སྐོར་གཡེང་དམ་དྲག་ཤུགས་ཆེན་པོ་བྱས་ཡོད་པ་མ་ཟད། བོད་མི་རེ་ཟུང་གི་རྣམ་འགྱུར་ཡག་པོ་མེད་རབས་བཤད་དེ་གང་བྱུང་འཛིན་བཟུང་དང་བཅར་རྡུང་ཚོད་མེད་བཏང་བ་སོགས་ལ་བརྟེན་ཏེ། དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༨ ཡས་མས་ལ་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་མང་ཚོགས་བསྡུ་སྐོང་གནང་ཡུལ་དེར་རང་ལུས་མེར་བསྲེགས་གནང་ཡོད་འདུག ཁམས་རྟའུ་ཕྱོགས་སུ་ཕྱི་ལོ་ ༢༠༡༡ ཟླ་ … Continue reading རྟའུ་རུ་སླར་ཡང་རང་ལུས་མེར་བསྲེགས་གནང་འདུག